འདིར་བཞུགས་དགེ་རྒན་དང་རྩོམ་པ་པོ། སྐུ་མགྲོན་ཡོན་བདག་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ།
དུས་རབས་བཅོ་ལྔ་པའི་དབྱི་ཐ་ལི་ལ་ལཱོ་རེན་ཟོ·མེ་ཏི་ཆི་ཞེས་པའི་ཚོང་པ་ཆེན་པོ་ཞིག་ཡོད། ཁོང་གིས་ཉིན་ཞིག་ལོ་བཅོ་ལྔར་སོན་པའི་ཕོ་གསར་འཇིམ་བཟོ་མཁན་རྣམ་དཔྱོད་ཅན་ཞིག་མཐོང་རྗེས། ཁོའི་སློབ་སྦྱོང་ལ་མཐུན་རྐྱེན་གང་ལེགས་སྦྱར། མཐར་ཕོ་གསར་ཁོ་ལོ་ན་ཉེར་དགུ་ལ་སོན་དུས་སྲིད་ན་དཀོན་པའི་འཇིམ་བརྙན་རྡ་བིད་ཅེས་པ་བཞེངས་ཐུབ་བྱུང་བ་རེད། ཕོ་གསར་དེ་ནི་སྐད་གྲགས་ཆེ་བའི་མཱི་ཀེལ་ལང་ཅི་ལཱོ་རེད། ཚོང་པའི་ཁྱིམ་རྒྱུད་དེས་ད་དུང་སྒྱུ་རྩལ་པ་ཏཱ་བིན་ཆི་དང་། པོ་ཏི་ཆེ་ལི། གནམ་རིག་པ་ཀཱ་ལི་ལེའོ་སོགས་ཀྱི་སློབ་གཉེར་ལ་མཐུན་རྐྱེན་གྱ་ནོམ་པ་སྦྱར་བས། ནུབ་ཕྱོགས་དེང་རབས་ཤེས་རིག་གི་མགོ་ཁུངས་རིག་རྩལ་བསྐྱར་དར་གྱི་བསྟན་པའི་དར་ཆེན་བསྒྲེངས་པ་རེད། ང་རང་ཚོའི་བོད་དུའང་རང་གི་མཁན་པོ་དང་བླ་མ་ཡོན་བདག་བྱས་ཏེ་འབྲོག་མི་ལོ་ཙཱ་བ་དང་སྟག་ལོ་ཙཱ་བ་གཞོན་བརྩོན་སོགས་ཕྱི་འགྲིམ་སློབ་གཉེར་བྱེད་སྐལ་བྱུང་བ་རེད་ལ། དུས་རབས་བཅུ་བཞི་པའི་ཨེ་ཤེ་ཡའི་ནང་པའི་བསམ་བློ་པ་ཆེན་པོ། མཚན་ཉིད་རིག་པ་བ། རྩོམ་པ་པོ་གྲགས་ཅན་རྗེ་ཙོང་ཁ་པའི་ཡོན་བདག་གཙོ་གྲས་གཅིག་ནི་སྐད་གྲགས་ཆེ་བའི་ཚོང་དཔོན་ནོར་བུ་བཟང་པོ་རེད།
དེང་སང་། ངས་ང་ཚོའི་དུས་རབས་འདིའི་ཚོང་དཔོན་མེ་ཏི་ཆི་དང་ནོར་བུ་བཟང་པོ་མང་པོ་མཐོང་ཐུབ་ཀྱི་འདུག་ལ། ཁོང་ཚོའི་བཀའ་དྲིན་ལས། ད་ལྟའི་རང་རེའི་སྤྱི་ཚོགས་སུའང་མཱི་ཀེལ་ལང་ཅི་ལཱོ་དང་ཀཱ་ལི་ལེའོ། འབྲོག་མི་ལོ་ཙཱ་བ། རྗེ་རིན་པོ་ཆེ་ལྟ་བུ་འབྱུང་བར་ཡིད་ཆེས་བརྟན་པོ་ཡོད།(འབྱུང་ཡང་ངེས་པར་དུ་དགོས་པ་རེད)བྱས་ཙང་རླབས་ཆེ་བའི་བརྩམས་ཆོས་ལ་གསར་རྩོམ་མཁན་དགོས་པར་མ་ཟད། མིག་རྒྱང་ཅན་གྱི་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་མཁན་ཡང་ངེས་པར་དུ་དགོས་པ་རེད།
ང་རང་གི་དེབ་ཀྱི་མིང་ལ《སྦས་ཡུལ》ཞེས་བཏགས་ཡོད། སྦས་ཡུལ་ཟེར་བ་དེ་འཚོལ་རྒྱུ་ཞིག་རེད། མངོན་སུམ་འཇིག་རྟེན་གྱིས་འཆིང་ཐུབ་མེད་པའི་རང་རེའི་སྔོན་བྱོན་མཁས་གྲུབ་མང་པོས་འཚོལ་མྱོང་ལ། ང་རང་གི་སྒྲུང་ནང་གི་མི་སྣ་དག་གིས་ཀྱང་འཚོལ་གྱི་ཡོད། ངའི་བསམ་པ་ལ་གསར་རྩོམ་བྱེད་མཁན་ཆ་ཚང་གིས་རང་རང་སོ་སོའི་ནང་སེམས་ཀྱི་སྦས་ཡུལ་དེ་འཚོལ་གྱི་ཡོད། ཁོང་ཚོ་ལྟ་བུའི་རྒྱབ་སྐྱོར་ཡོད་པས། སྦས་ཡུལ་འཚོལ་བར་སྤོབས་པའང་སྩོལ་གྱི་འདུག་ལ། གལ་ཏེ་མུ་མཐུད་འདི་ལྟར་རྒྱབ་སྐྱོར་བྱས་པ་ཡིན་ན། ང་ཚོས་ངོ་མ་སྦས་ཡུལ་རྙེད་ཐུབ་ས་རེད་ཅེས་ཀྱང་ཞུ་འདོད་དོ།།