ཐོག་མར་ཐེངས་འདིའི་རྩོམ་རིག་ལས་དོན་ཚོགས་པ་དང་། ཨ་མདོ་རྔ་བའི་ཚོང་ཚོགས། དཔྱད་འདེམས་དགེ་རྒན་རྣམས་ཀྱིས་གངས་རྒྱན་རྟགས་མའི་རྒྱལ་ཡོངས་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པའི་བྱ་བའི་ཐོག་མཐའ་བར་གསུམ་དུ་དཀའ་ལས་སྐུ་ཚེགས་མང་དུ་མྱངས་པའི་གཞན་ཕན་ལྷག་བསམ་དཀར་པོར་བཀའ་དྲིན་ཆེ་ཞུས་པ་ཡིན།
དེ་ནས་མི་ལོ་བཅུའི་ནང་ལ་ཐེངས་གཅིག་སྤེལ་བའི་རྩོམ་རིག་གི་བྱེད་སྒོ་སྟེ། བོད་ཡིག་རྩོམ་རིག་གསར་རྩོམ་ཐད་ཀྱི་བྱ་དགའི་གྲས་སུ་ཚུད་པའི་ཐེངས་འདིའི་རྩོམ་པ་པོ་ཡོངས་ལ་རྟེན་འབྲེལ་ཞུས་པ་ཡིན། ལྷག་པར་དུ་རྩོམ་རིག་གི་ལམ་ཁ་ནས་མི་ཚེ་རྫོགས་ཏེ། དགོངས་པ་རྩོམ་དབྱིངས་སུ་འཐིམས་པའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་རྒན་བ་རེས་ལགས་ཀྱི་བརྩམས་ཆོས་ཀྱང་ཐེངས་འདིའི་བྱ་དགའི་གྲས་སུ་ཚུད་ཡོད་པས། འདིར་ཁོང་ལ་གུས་འདུད་ཐེངས་ཤིག་ཀྱང་ཞུས་པ་ཡིན།
ཐེངས་འདིའི་བྱ་དགའ་ཐོབ་པའི་རྩོམ་པ་པོ་རྣམས་ལ་མཚོན་ན། བོད་ཡིག་གི་ལམ་ནས་གསར་རྩོམ་ལ་ཞུགས་པ་དང་དེ་འཚམ་གྱི་གྲུབ་འབྲས་ལ་འབད་འབུངས་བགྱི་པའི་རྩོམ་རིག་ལ་མོས་མཁན་དག་ཡིན། མི་ལོ་དུ་མའི་རིང་གི་གསར་རྩོམ་གྱི་བརྒྱུད་རིམ་ཁྲོད་ནས་འཕྲད་པའི་དཀའ་སྡུག་ལ་མགོ་བོ་སྒུར་མ་མྱོང་ཞིང་། སྒྱིད་ལུག་ལ་ལུས་གཡར་མ་མྱོང་བའི་བརྩོན་འགྲུས་ལ་ཡིད་ཆེས་དང་དཀའ་སྤྱད་ལ་དད་པ་ཡོད་མཁན་འབའ་ཞིག་ཀྱང་ཡིན།
ང་ཚོས་རྩོམ་རིག་གི་དཀའ་ལས་འདི་དང་དུ་ལེན་པའམ་ཁུར་དུ་བགྱི་པ་ནི་རང་གི་དགའ་ཕྱོགས་ལ་བློ་མ་ལོག་མ་དང་། རང་གི་དད་མོས་ལ་ངོ་མི་བཟློག་པའི་ཆེད་དུ་ཡིན་གྱི།རིགས་ཀྱི་ལ་རྒྱ་དང་དམངས་ཀྱི་སྐྱིད་སྡུག་ལ་ཁ་གཡར་ནས་འུད་དུ་སྒྲོག་པ་མིན་ཞིང་།འཁོར་བའི་ཡི་ཆད་དང་འཚོ་བའི་ཁེར་རྐྱང་ལ་སྐྱབས་བཅོལ་ནས་སྡུག་གླེང་བའང་མིན། དམའ་ས་ནས་བཤད་ན། སྐད་དང་ཡི་གེ་ལ་འདང་བཅོལ་བའི་ཀུན་སྤྱོད་ཀྱི་རྩིས་ཐང་སྤར་མོ་གང་ཡིན།མཐོ་ས་ནས་གླེང་ན། འཚོ་བ་དང་ཚེ་སྲོག་ལ་ཉམས་བླངས་པའི་བཀོད་སྤྱོད་ཀྱི་རིན་ཐང་བ་མ་གང་ཡིན།
ཕྱིར་འཁོར་ནས་རང་གི་སྙན་ངག་ཆིག་སྟོང་མ་དེ་དག་གྲུབ་པའི་གོ་རིམ་ལ་ཕྱིར་རྟོག་ཅིག་བགྱིས་ཚེ། ངའི་འཚོ་བའི་ལྗོན་ཤིང་གི་རྩ་བ་དང་ཚོར་བའི་ཡལ་འདབ་ཀྱི་རྩེ་མོ། བློས་བསླངས་ཀྱི་ལོ་མའི་དཀྱིལ་འཁོར་སོགས་ལ་ཨུ་ཚུགས་དང་མཁྲེགས་འཛིན་བྱས་པའི་རྨ་ཤུལ་གང་ཡང་མེད་ཅིང་། དེ་དག་གྲུབ་པའི་སྣང་ཚུལ་ནི་མ་གྲོས་རང་བྱུང་གི་གོ་སྐབས་ཤིག་ལ་གཏུག་པའམ། ཐུག་པའམ། ཕྲད་པར་གྱུར་བའི་རྟེན་འབྲེལ་དུ་བྱས་པ་ཞིག་ཏུ་ཡོད་པའི་སེམས་དཔའ་འམ། ཡིད་ཆེས་སམ། སྨོན་ལམ་གྱིས་བརྟས་ནས་ཡོད་པ་འདྲ་བའི་ལས་འཕྲད་བྱུང་། སྤྱི་ཚོགས་ཀྱི་འཕྲེང་གོག་དང་འཁོར་བའི་ཟང་ཟིང་གི་ཁྲོམ་ལ་མི་གཤིས་དམྱུགས་འཚོལ་གདབ་པའི་ལས་དབང་ནི་སྡོམ་ཞིང་གཅུན་པའི་སྣང་ཚུལ་དུ་གདའ་ཙམ།ཚོར་ཤེས་ཀྱི་སྡོང་གྲོགས་སུ་བརྡར་པའི་ཡིད་དཔྱོད་ཀྱི་ཁམས་ལ་བདེན་པ་དང་དགེ་བ། བརྩེ་བ། འདོད་པ། ཐོབ་པ་དང་ཤོར་བ། སྐྱིད་པ། སྡུག་པ། ཆད་པ་དང་མཐུད་པ་སོགས་འཚོ་བའི་ངོས་ཀྱི་དྲི་མག་བྲད་དེ་སྙན་ངག་གི་འཁྲི་ཤིང་གྱེན་དུ་བསླངས་པའི་སྟེང་ལ་གཏམ་རྒྱུད་ཀྱི་དར་པོ་ཆེ་འགེལ་ཅི་ཐུབ་ཀྱི་དད་མོས་ལ་འབད་དེ་ཡོང་བའི་སྣང་བརྙན་ཀུན་ཏུ་གཡོ་ཨང་།
བྱ་དགའ་ཐོབ་པར་ཤིན་ཏུ་དགའ། བྱ་དགའ་ནི་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་ཙམ་ཁོ་ནའི་དོན་མ་རེད། མི་ཚེའི་མ་འོངས་པའི་ལམ་ཁར་འཚོ་བའི་དཀའ་ལས་མང་དུ་རྒྱག་དགོས་པར་བརྡབས་པའི་སྙིང་ཕུར་དང་སྒུལ་ཤུགས་རེད། བྱ་དགའ་ནི་ཁྱོད་རང་ལས་གང་དེའི་དོན་གྱི་རྩེ་མོར་སོན་པའི་བདེན་དཔང་ཡང་མ་རེད། ལས་གང་དེར་ཞིབ་ཏུ་འཇུག་པ་དང་རྣལ་དུ་རྩོམ་པའི་གྲ་སྒྲིག་དང་སྟ་གོན་རེད། དེ་ལྟར། རྩོམ་རིག་གསར་རྩོམ་ནི་མི་ཚེའི་འཚོ་བའི་ཁྲོད་ཀྱི་ཚོད་ལྟའི་གོ་རིམ་རིང་མོ་ཞིག་སྟེ།གཟབ་ནན་གྱིས་འཇུག་པའི་ལས་ཀ་ཁྱད་དུ་འཕགས་པ་ཞིག་རེད།
བྱ་དགའ་ཐོབ་པའི་སྐལ་བཟང་འདི་དང་ལྷན་དུ། ང་ལ་དྲན་རྟོག་རིགས་ཤིག་ཀྱང་བྱུང་སྟེ། དེ་ནི། མི་ནུས་པ་ལས་ཐུབ་པར་བརྩོན་པ་དང་། ཐུབ་པ་ལས་རྒྱལ་བར་འབད་པ། རྒྱལ་ཁ་ལས་དགའ་ཕྱོགས་བསྙེག་པ། དགའ་ཕྱོགས་ཉིད་རྒྱུན་འཁྱོངས་ལ་བཅོལ་བ། རྒྱུན་འཁྱོངས་དེ་གོམས་གཤིས་སུ་བསྒྱུར་བའི་ཤེས་པ་དང་འབྲེལ་འདུག་པས། རྩོམ་རིག་གསར་རྩོམ་ནི་ཨ་གསར་ཚ་པོ་དང་ཁེ་གྲགས་ཉི་ཚེ་བའི་དབང་དུ་མི་རུང་བར། མི་ཚེའི་དད་མོས་ཤིག་དང་འཚོ་བའི་ཕུགས་བསམ་ཞིག་ཏུ་ངོས་བཟུང་ན་ལེགས་པར་སྙམ་མོ།།
དེ་ལྟར། རྩོམ་བྲི་ནི་ཚོར་བའི་མཛེས་སྡུག་སྒྲོམ་དུ་ཉར་བ་དང་དཔྱོད་པའི་ཤེས་རབ་འོད་དུ་བསྒྲོན་པའི་བསམ་གཞིགས་ཀྱི་གསེར་བུམ་ཡིད་དུ་འོངས་པ་ཞིག་རེད། ཡང་ན། མི་ཚེའི་འགྲུལ་བཞུད་ཁྲོད་ཀྱི་འཚོལ་རྟོག་གི་ལོག་མལ་ཞིག་སྟེ། རང་བྱུང་ལ་སེམས་པ་སྦྱོར་སྟངས་ཤིག་དང་སྤྱི་ཚོགས་ལ་འཛུམ་མདངས་གྲོལ་སྟངས་ཤིག་ཀྱང་རེད་སྙམ།
མཇུག་མཐར་ལོ་འདི་གར་འཇིག་རྟེན་མི་ཡུལ་དང་བྲལ་བའི་བོད་ཀྱི་རྩོམ་པ་པོ་རྒན་གཞོན་རྣམས་ལ་དག་གཙང་གི་སྨོན་ལམ་ཞིག་འདེབས། ཁོང་ཅག་ནི་བོད་རྩོམ་ལ་ཡིད་དྲང་ཞིང་སྐད་ཡིག་ལ་སེམས་འདྲེས་ནས་གཤེགས་ཟིན་པའི་ཤེས་རབ་ཀྱི་སྤྱན་མིག་ཡངས་པོ་ཅན་ཡིན་པས། འཁོར་བའི་སྐྱེ་པ་གཞན་དུ་ནའང་ཁོང་ཅག་གིས་མི་ལུས་ལོན་ཞིང་རྩོམ་རིག་གི་ས་ལམ་ཡངས་པོ་རྙེད་ཐུབ་པར་སྨོན་ནོ།།
2025ལོའི་ཟླ11པའི་ཚེས10ཉིན།