ཨ་མ་ནི་ཁྱིམ་ཚང་སློབ་གསོའི་གཞི་མ་ཡིན། ལྷ་མོ་སྐྱིད། བོད་ལྗོངས་སློབ་གྲྭ་ཆེན་མོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

སྤྱིར་སློབ་གསོ་ལ་ཁྱིམ་ཚང་སློབ་གསོ་དང་། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་གསུམ་ཡོད་པར། ཁྱིམ་ཚང་སློབ་གསོའི་ཁྲོད་ཨ་མས་བུ་ཕྲུག་ལ་ཐེབས་པའི་ཤུགས་རྐྱེན་ནི་ཆེས་ཆེ་བ་རེད། འདིར་བོད་ཁུལ་གྱི་ཁྱིམ་ཚང་ཁག་གི་ད་ལྟའི་སློབ་གསོའི་གནས་བབ་ལ་གཞིགས་ནས་གནད་དོན་གཙོ་བོ་ཁ་ཤས་ལ་དབྱེ་ཞིབ་བྱས་ཏེ་ཨ་མས་བུ་ཕྲུག་སྐྱོང་ཐབས་ཀྱི་བསམ་ཚུལ་འགའ་གླེང་ཡོད།

དང་པོ། ཨ་མའི་སློབ་གསོའི་སྐོར་གྱི་གནད་དོན་འགའ།

སློབ་གསོ་ལ་དོ་སྣང་ཆེ་བའི་སྤྱི་ཚོགས་འདིར། ང་ཚོ་བོད་རིགས་ཨ་མ་རྣམས་ཀྱི་སློབ་གསོའི་གོ་རྟོགས་མཐོ་རུ་འགྲོ་བཞིན་ཡོད་ནའང་། ཕྲུ་གུ་ལ་ཁྱེའུ་དུས་ནས་ཨ་མའི་བདག་སྐྱོང་ནི་ཕར་ཞོག ཨ་མ་དང་ཁ་བྲལ་ཞིང་ཨ་མའི་ནུ་ཞོ་མེད་པས་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་གནོད་པ་ཐེབས་ཀྱིན་པའི་གནས་ཚུལ་ཡང་རྟག་ཏུ་མཐོང་རྒྱུ་ཡོད་དེ།དཔེར་ན། བུད་མེད་ཁ་ཤས་ལ་ཕྲུ་གུ་སྐྱོང་བའི་དུས་ཚོད་ཡོད་ནའང་ཕྲུ་གུ་སྐྱོང་བའི་ཤེས་བྱ་དང་སྐྱོང་ཐབས་ཞན་པས། སློབ་གྲྭར་བསྐྱལ་རྗེས་རང་གི་ལས་འགན་འགྲུབ་པར་བསམ་ཞིང་། དེ་ནས་བཟུང་ཕྲུ་གུའི་སློབ་གསོ་ནི་སློབ་གྲྭ་དང་དགེ་རྒན་ཁོ་ནའི་ལས་འགན་ཡིན་པ་ལྟ་བུར་འདོད་མཁན་ནི་ད་ལྟའི་དུས་སུ་ཡང་མི་ཉུང་བ་ཡོད་པ་ནི་གནད་དོན་ཆེ་ཤོས་སུ་འདོད།

གཅིག ཕྲུ་གུ་ལ་ཁྱིམ་ཚང་སློབ་གསོའི་ཁོར་ཡུག་ལེགས་པོ་མེད་པ།

ད་ལྟའི་བྲེལ་ཟིང་གི་སྤྱི་ཚོགས་འདིར། གྲོང་ཁྱེར་ནས་འཚོ་བ་རོལ་བའི་ན་གཞོན་ཕ་མ་ཚོས་རང་གི་དུས་ཚོད་མང་པོ་བྱ་བའི་སྟེང་དུ་བཀོལ་བ་དང་དཔལ་འབྱོར་ཆ་རྐྱེན་ལེགས་པོ་མེད་རྐྱེན། བྱིས་པ་བྱིས་སྙོར་ཁང་དུ་སྐྱེལ་བ་དང་རང་གི་ཕ་མའི་གམ་དུ་སྐྱེལ་བ་སོགས་ཀྱིས་ཕྲུ་གུ་ལ་ཁྱེའུ་དུས་ནས་ཕ་མའི་བདག་སྐྱོང་མེད་པར། སྤོ་བོ་དང་རྨོ་མོར་བཅོལ་བས་གཅེས་ལངས་ལ་ཤོར་བ་རེད། ང་ཚོའི་སྡེ་བར་ཡང་དེ་འདྲའི་གནས་ཚུལ་མང་པོ་ཡོད། དཔེར་ན། བཟའ་ཟླ་གཉིས་ཀ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་པས་ངལ་གསོའི་དུས་ཆེན་ཁ་ཤས་ལ་མ་གཏོགས་ཡུལ་ལ་ལོག་པའི་ཁོམ་པ་མེད་པ་དང་། བྱིས་པ་ཟླ་བ་གཉིས་ལོན་ཙམ་གྱིས་ནུ་མ་སྣུན་མཚམས་བཞག་ནས་སྤོ་བོ་དང་རྨོ་མོའི་གམ་དུ་བསྐྱལ་ཏེ། ལོ་ན་བགྲེས་པའི་རྒན་རྒོན་གཉིས་ཀས་གཅེས་ལངས་སུ་བཏང་སྟེ་ཅི་ཡང་ཟེར་མི་ཕོད་ཅིང་འདོད་བློ་བསྐང་ཅི་ཐུབ་བྱེད་ཀྱིན་ཡོད་ལ། ཕྲུ་གུ་རང་གི་ཕ་མ་ཚུད་པའི་མི་གཞན་པ་སུས་ཀྱང་ཕྲུ་གུ་ལ་མིན་རབས་ཀྱི་སྐད་ཆ་གཅིག་ཀྱང་བཤད་མི་ཆོག  བྱིས་པས་ཁ་ལེན་ཚིག་བརྩི་བྱེད་པ་ལྟ་ཅི་སྲང་ལམ་ཉུལ་བ་དང་། ལག་ལ་སྒོར་མོ་རེ་རེག་ན་ཞོར་ཟས་ཟ་བ། དུས་ལྟར་ཟ་མ་མི་ཟ་བས་ལུས་པོ་ཕྲ་ལ་གཟུགས་པོ་འཚར་ལོངས་ལ་གནོད་པ་སོགས་ཀྱི་གནས་ཚུལ་མང་པོ་ཡོད།

གཉིས། ཕྲུ་གུ་སྐྱོང་བའི་ཤེས་བྱ་དང་ཐབས་དཀོན་པ།

"སློབ་གསོ་ནི་ཐབས་ལམ་དང་། བཟང་པོའི་སྤྱོད་པ་ནི་དམིགས་ཡུལ་རེད"ཅེས་པ་དང་། སྐྱོང་ཐབས་མི་ཤེས་པའི་དགེ་རྒན་ཡོད་པ་ལས་གླེན་ལྐུགས་ཀྱི་སློབ་མ་མེད་ཟེར་བ་ནང་བཞིན་ཨ་མས་བུ་ཕྲུག་ལ་སློབ་གསོ་གཏོང་བར་ཐབས་ལམ་དགོས། སློབ་གསོའི་ཐབས་ཤེས་དང་མཇུག་འབྲས་བཟང་ངན་གང་འདྲ་ཞིག་ཏུ་ཆགས་པའང་སློབ་གསོ་གཏོང་མཁན་གྱི་སློབ་གསོའི་ཆུ་ཚད་ལ་རག་ལས།  སློབ་གྲྭར་སོང་མེད་པའི་བུད་མེད་ཅིག་ལ་མཚོན་ན། དེང་སྐབས་ཀྱི་བུ་ཕྲུག་ལ་སློབ་གསོ་གཏོང་རྒྱུ་ནི་དཀའ་ལས་ཆེ་བའི་ལས་ཀ་ཞིག་ཡིན་ནའང་། ཁོ་མོ་ཚོ་ལ་དེ་འདྲའི་སེམས་ཁྲལ་མེད་ལ་བུ་ཕྲུག་སློབ་གྲྭར་སྐྱེལ་བ་ནི་སློབ་གསོ་མྱངས་ནས'རིག་གནས་པ'ཡི་གྲས་སུ་ཚུད་པར་འདོད་ཡོད། གྲོང་ཁྱེར་དུ་བྱ་བ་སྒྲུབ་ཀྱིན་པའི་བུད་མེད་རྣམས་ཀྱི་འཇོན་ནུས་སློབ་གྲྭར་འགྲིམས་མ་མྱོང་བའི་སྤྱིར་བཏང་གི་བུད་མེད་ལས་མཐོ་ནའང་། ཕྲུ་གུས་རང་ཁྱིམ་ནས་ཕ་སྐད་སློབ་པའི་སློབ་གསོར་འཐུས་ཤོར་བྱུང་དང་འབྱུང་བཞིན་ཡོད་པས། དེ་ནི་བུ་ཕྲུག་གིས་རང་གི་སྐད་ཡིག་སྦྱངས་པའི་གོ་སྐབས་ཤོར་བ་དང་ཅིས་མི་འདྲ། ཨ་མ་ཁ་ཤས་ཀྱིས་བུ་ཕྲུག་ལ་གཅེས་པ་ཐལ་དྲགས་ཏེ་ལས་ཀ་ཆུང་ཆུང་གང་ཡང་བསྒྲུབ་ཏུ་མི་འཇུག་པ། ཁ་ཤས་ཀྱིས་སྦྱངས་འབྲས་ཁོ་ནར་བཟང་བསྟོད་ལས་གཞན་པ་གཙིགས་སུ་མི་འཛིན་པ། ཡང་ཁ་ཤས་ནི་གཅར་རྡུང་དང་སྡིགས་དམོད་ཀྱི་སློབ་གསོའི་ཐབས་ལམ་ལས་ཁ་བརྡའི་སློབ་གསོ་མེད་པ་སོགས་ཀྱིས་བུ་ཕྲུག་སློབ་གྲྭར་སྐྱེལ་སྐབས་བྱིས་པ་གཞན་གྱི་རྗེས་མི་ཆོད་པ་དང་སློབ་མ་གཞན་གྱི་བརྙས་བཅོས་བྱ་སར་གྱུར་ཡོད། དེ་ལས་ཀྱང་ཚབས་ཆེ་བ་ནི་ཕ་སྐད་མ་ཡིག་དང་ཐག་རིང་དུ་གྱུར་ཅིང་མི་གཤིས་ཡག་པོ་མེད་པའི་མི་ཞིག་ཏུ་འགྱུར་ཉེན་ཆེ།

གསུམ། བྱིས་པའི་ཕྱོགས་ཡོངས་ཀྱི་འཚར་ལོངས་ལ་དོ་སྣང་མེད་པ།

ད་ལྟའི་བོད་ཀྱི་བུད་མེད་མང་པོ་ཞིག་ལ་ཕྲུ་གུ་ནས་བཟུང་བུ་ཕྲུག་གི་ལུས་སེམས་བདེ་ཐང་ལ་དོ་སྣང་དང་། སྐད་ཆའི་སྦྱོང་བརྡར་དང་གཤིས་ཀ་ལེགས་པོ་ཡོང་བར་རང་གི་འཆར་གཞི་གང་ཡང་མེད་པར། བུ་ཕྲུག་གང་འདྲ་ཞིག་ཏུ་ཆགས་པ་དེ་ནི་རང་དང་བུ་ཕྲུག་གི་ལས་དབང་དུ་བཅོལ་ཡོད། ལྷག་པར་བུ་ཕྲུག་སློབ་གྲྭར་བསྐྱལ་རྗེས། སྦྱངས་འབྲས་ཁོ་ན་ཙམ་ལ་དོ་སྣང་བྱ་བ་ལས་སློབ་གྲྭའི་ནང་གི་གནས་ཚུལ་རྣམས་བུ་ཕྲུག་ལ་མི་འདྲི་ཞིང་དགེ་རྒན་ལ་མི་བཅོལ། བུ་ཕྲུག་སློབ་གྲྭ་ནས་ཐོན་ན་རྩེད་མོ་རྩེ་རུ་མི་འཇུག་པར་ཁ་པར་ལག་ཏུ་བཞག་ནས་བྱིས་པའི་མིག་ཆུང་དུས་ནས་རྒྱང་སྒྲིབ་བཟོས་ཡོད། དེ་དག་ནི་ཕྲུ་གུའི་འཚར་ལོངས་ལ་རྩ་བ་ནས་འགན་མ་ཁུར་བ་ཞིག་རེད། སྦྱངས་འབྲས་ཀྱི་སྐར་གྲངས་མཐོ་དམའ་ཙམ་གྱིས་ཕྲུ་གུ་ལ་གདེང་འཇོག་བྱེད་པ་ནི་ཆེས་བླུན་རྨོངས་ཀྱི་བྱ་སྤྱོད་ཅིག་ཏུ་འདོད་དེ། དེས་མིག་རྒྱང་ཐུང་ཞིང་ཅི་ལ་ཡང་མི་འཇོན་པའི་བུ་ཕྲུག་ཅིག་གསོ་སྐྱོང་བྱ་ཉེན་ཡོད།

གཉིས་པ། བྱིས་པ་སྐྱོང་ཐབས།

རང་ཉིད་ཨ་མ་བྱས་མ་མྱོང་ནའང་བྱིས་སྐྱོང་གི་ཉམས་མྱོང་དང་འཛམ་གླིང་གི་བསྟན་བཅོས་གྲགས་ཅན་ཁག་ཅིག་ལ་བལྟས་པའི་མྱོང་ཚོར་འབྲེལ་ནས་བྱིས་པ་སྐྱོང་ཐབས་ལ་མཁས་པའི་ཨ་མ་ཞིག་ཇི་ལྟར་བྱ་རྒྱུའི་ཐད་ཀྱི་བསམ་ཚུལ་ཕྲན་ཙམ་ཞུས་ན།

གཅིག ཐོག་མར་རང་ཉིད་ཨ་མ་ལེགས་པོ་ཞིག་བྱ་བའི་གྲ་སྒྲིག་དགོས།

བུ་ཕྲུག་སྐྱོང་བ་ནི་ལས་སླ་བོ་ཞིག་རྦད་དེ་མ་ཡིན་པས་རང་སེམས་ལ་ཆོད་སེམས་བརྟན་པོ་ཞིག་དགོས། རང་གི་བུ་ཕྲུག་ལ་འགན་འཁུར་མཁན་གྱི་ཨ་མ་ཕུལ་བྱུང་ཞིག་བྱ་འདོད་ན། ལོ་ཉི་ཤུ་ནས་བཟུང་རང་གི་ལུས་ཕུང་བདེ་ཐང་ལ་མཉམ་འཇོག་པ་དང་། གཤིས་ཀ་ལེགས་པོ་ཡོད་པའི་བུད་མེད་ཅིག་ཏུ་འབད་དགོས། རྒྱུ་མཚན་ནི་མ་བུའི་སེམས་སྦྲེལ་ཡོད་པས་ཕྲུ་གུ་མངལ་དུ་སྦྲུམ་པའི་སྐབས་སུ་ཨ་མའི་སེམས་ཁམས་མ་སྐྱིད་ན་སྐྱེས་རྗེས་ཀྱི་ཕྲུ་གུའི་གཤིས་ཀ་ལ་ཤུགས་རྐྱེན་ཐེབས་ཤས་ཆེ་བ་ལྟ་བུ་སོགས་དེང་སང་ཚན་རིག་གིས་ཀྱང་བདེན་དཔང་བྱས་ཡོད། "ཨ་མ་ཡག་པོ་ཞིག་བྱེད་དགོས་ན་ངེས་པར་དུ་བུ་སྐྱོང་གི་ཤེས་བྱ་འཛོམས་པོ་ཞིག་དགོས་པར་མ་ཟད། ད་དུང་སེམས་ཁམས་དང་སྐྱེ་ཁམས་སྐོར་གྱི་ཤེས་བྱ་དང་ལག་ལེན་དངོས་ཀྱི་ཉམས་མྱོང་འཛོམས་དགོས། དེ་ལས་ཀྱང་གལ་ཆེ་ཤོས་ནི་ཤེས་བྱ་དང་ཉམས་མྱོང་དེ་དག་སོ་སོའི་ཕྲུ་གུ་ལ་བལྟོས་ཏེ་གསར་གཏོད་དང་བཅས་ཏེ་བེད་སྤྱོད་དགོས།" རང་ཉིད་ཀྱི་འཇོན་ནུས་མཐོ་རུ་བཏང་ན་རྗེས་ཕྱོགས་ཀྱི་ཕྲུ་གུ་གསོ་སྐྱོང་ཁྲོད་དཀའ་ལས་མང་བོ་ཞིག་ཉུང་དུ་འགྲོ། དེ་ནི་རང་ཉིད་ཨ་མ་ལེགས་པོ་ཞིག་དང་བུ་ཕྲུག་ཡ་རབས་འཇོན་ལྡན་ཞིག་ཏུ་འགྱུར་བའི་རྨང་གཞི་རེད།

གཉིས། བུ་ཕྲུག་ལ་བརྩེ་བའི་ཁོར་ཡུག་སྦྱིན་མཁན་ཞིག་བྱེད་པ།

ཨ་མ་ནི་བྱམས་བརྩེའི་བདག་མོ་ཡིན་ཞེས་པ་ལྟར། བུ་ཕྲུག་ལ་བྱམས་བརྩེ་སྦྱིན་པ་ནི་གཅེས་ལངས་དུ་བཏང་བ་མིན་པར། བུ་ཕྲུག་མངལ་དུ་སྦྲུམ་པའི་དུས་ནས་བཟུང་ངག་འཇམ་པོས་སྐད་ཆ་བཤད་པ་དང་། འཚོ་བཅུད་ཅན་གྱི་ཟ་མ་ལེགས་པོ་ཟ་བ། ཕྱི་རོལ་གྱི་དྭངས་གཙང་ཁོར་ཡུག་ལ་རོལ་བ། ཁ་པར་དང་བརྙན་འཕྲིན་ལ་ཉུང་ཙམ་བལྟ་བ་བཅས་བྱས་ཏེ། མ་བུ་གཉིས་ཀའི་ལུས་སེམས་བདེ་ཐང་ཡོང་བར་འབད་དགོས། བུ་ཕྲུག་སྐྱེས་པ་ནས་དུས་ལྟར་ཆུ་སྟན་བརྗེ་བ་དང་། འོ་མ་ལྡུད་པ། འོ་བྱེད་པ། མཉམ་དུ་རྩེད་ཆས་ལ་རོལ་བ། སྐད་ཆ་སློབ་པ་སོགས་གལ་ཆེན་པོར་བརྩི་དགོས། དེ་དག་ཀུན་ནི་ཕྲུ་གུའི་སེམས་ཀྱི་རྟེན་ས་དང་མ་འོངས་པར་རང་བརྩི་དང་རང་ལ་ཡིད་ཆེས་ཅན་གྱི་མི་ཞིག་ཏུ་འགྱུར་མིན་ལ་ཐོག་མའི་ཤུགས་རྐྱེན་ཐེབས་པས་སོ། །བུ་ཕྲུག་ལ་བརྩེ་བ་ཆ་ཚང་ཞིག་སྦྱིན་པར་ཨ་ཕའི་བརྩེ་བ་ཡང་དགོས་པས། ཨ་མ་ཞིག་ལ་མཚོན་ན་བུ་ཕྲུག་སྙོར་སྐྱོང་ཁོ་ནས་མི་ཆོག་པར་རང་གི་སྐྱེས་པའི་སེམས་པ་ཁྱིམ་ཚང་ནང་དུ་འཁོར་བར་ཡང་དོ་སྣང་བྱ་དགོས།

གསུམ། བུ་ཕྲུག་གི་ནུས་པ་སྔོག་འདོན་བྱེད་པ།

"ཕ་མས་བུ་ཕྲུག་གི་རིག་པ་རྣོ་མིན་ལ་ཚད་ལས་བརྒལ་བའི་དོ་སྣང་མི་བྱེད་པར། ཁོ་ཚོའི་མི་གཤིས་དང་བརྩོན་སེམས་གཙིགས་སུ་འཛིན་རྒྱུ་དེ་གལ་ཤིན་ཏུ་ཆེ། རྒྱལ་ཁ་ཐོབ་མཁན་གྱི་སྐྱེས་བུ་ནི་མི་དེ་དག་གི་ཁྲོད་ནས་ཆེས་རྣོ་བ་དེ་ཡིན་པའི་ངེས་པ་མེད་མོད། འོན་ཀྱང་ཁོ་ནི་མི་དེ་དག་གི་ཁྲོད་ནས་ཆེས་བརྩོན་འགྲུས་ཅན་དང་། ཆེས་བློ་སྟོབས་ཅན། ཆེས་སྙིང་རུས་ལྷོད་མེད་ཅན་ཞིག་ཡིན་པ་གདོན་མི་ཟ།"ཞེས་གསུངས་པ་ལྟར། བྱིས་པས་གདམ་ག་བྱེད་མི་ཤེས་པའི་སྔོན་དུ་ཕ་མས་སློབ་གསོའི་ཐབས་ལམ་ལེགས་པོའི་ལམ་སྟོན་ལ་བརྟེན་ནས་བྱིས་པ་ལ་གདམ་གསེས་མང་པོའི་ཁྲོད་གདམ་ག་བྱ་བའི་གོ་སྐབས་སྤྲོད་དགོས་པར་མ་ཟད། མི་ཚེའི་གདམ་ག་ཆེ་ཆུང་མང་པོའི་ཁྲོད་ཇི་ལྟར་གདམ་ག་བྱེད་པའི་བློ་གྲོས་སྩོལ་དགོས། ཆུང་དུས་ནས་གསོས་པའི་བློ་གྲོས་དེ་དག་ནི་མཐར་གཤིས་ཀ་རུ་ཆགས་ཤིང་དཀའ་ངལ་གང་ལ་འཕྲད་ཀྱང་མགོ་བོ་མི་སྒུར་བར་སྤྲོ་སེམས་ཆེན་མོས་འཚོ་བ་ལ་འཇུག་པའི་སྨན་མཆོག་རེད།

མིས་བཟོས་རིག་ནུས་ཀྱི་དུས་རབས་འདིར། ང་ཚོ་རྟ་རྒྱུག་དང་རོལ་རྩེད་ཀྱི་འགྲན་སྡུར་ལ་མགོ་འཁོར་ནས་མི་འདུག་པར། རང་དང་རང་གི་མི་རབས་རྗེས་མ་རྣམས་ཇི་འདྲ་ཞིག་ཏུ་འགྱུར་བར་བསམ་བློ་གཏོང་དགོས་པས། དེ་འདྲའི་གནས་བབ་བསྒྱུར་འདོད་ན་སློབ་གསོ་ནི་ཆེས་ལེགས་པའི་ཐབས་ལམ་གཅིག་པུ་རེད། ཨ་མ་དང་ཨ་མར་འགྱུར་སྲིད་པའི་བུད་མེད་རྣམས་ཀྱིས་ལྷག་ཏུ་མིག་མདུན་གྱི་ཁེ་ཕན་ཆུང་ཆུང་ཙམ་ལ་མི་དམིགས་པར་རང་ཉིད་ཀྱི་འཇོན་ནུས་དང་གཤིས་ཀ་ཇེ་ལེགས་སུ་གཏོང་བཞིན། བུ་ཕྲུག་ཀྱང་ཡ་རབས་ཀྱི་སྤྱོད་པ་དང་ལྡན་ཞིང་འཇོན་ནུས་ཅན་གྱི་མི་ཞིག་ཏུ་ཆགས་པར་བརྩོན་པ་བྱེད་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།