བོད་སྐད་གློག་བརྙན《བཀྲ་ཤིས》ལ་ཁྲུང་ཆིན་ན་གཞོན་གློག་བརྙན་འགྲེམས་སྟོན་ཁྲོད་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཟླ11པའི་ཚེས8ཉིན། ཁྲུང་ཆིང་ན་གཞོན་གློག་བརྙན་འགྲེམས་སྟོན་སྐབས་བཅུ་གཉིས་པ་མཇུག་བསྒྲིལ་ཞིང་། ཐེངས་འདིའི་འགྲེམས་སྟོན་ནང་བོད་སྐད་གློག་བརྙནབཀྲ་ཤིས》(《月光里的男孩》)ལ་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ། 

ཁྲུང་ཆིན་ན་གཞོན་གློག་བརྙན་འགྲེམས་སྟོན་ནི་ཟླ11པའི་ཚེས3ཉིན་ནས་འཚོགས་མགོ་བརྩམས་ཤིང་། ཐེངས་འདིའི་གློག་བརྙན་འགྲེམས་སྟོན་ནང་བསྡོམས་པས་གློག་བརྙན2680འབྱོར་ཞིང་། གློག་བརྙན་འགྲེམས་སྟོན་སྐབས་སུ་མུ་འབྲེལ་གཙོ་གནད་སྡེ་ཚན19བཀར། ཐེངས་འདིའི་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་པའི་གློག་བརྙནབཀྲ་ཤིསནི་པད་མ་ཚེ་བརྟན་གྱིས་ལྟ་སྐུལ་དང་། སུའུ་མིང་ཆིང་གིས་བཟོ་སྐྲུན་པའི་འགན་ཁུར་ལ། དར་རྒྱས་བསྟན་འཛིན་གྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པ་ཡིན། གློག་བརྙན་དེའི་ནང་དུ། མི་སྣ་གཙོ་བོ་སྟེ་རྩོམ་པ་པོ་བཀྲ་ཤིས་ཀྱིས་ཆུང་བྱིས་པའི་དུས་སུ་རང་ཉིད་དང་མིང་གཅིག་མཚུངས་ཀྱི་ཁྱི་རྒན་ཞིག་ལ་བརྡུངས་ནས་དེ་ཞར་བ་བྱས་སྟབས་ལོ་མང་རིང་འགྱོད་པ་སྐྱེས། ཕྱིས་སུ་ཁོང་སླར་ཡང་ཕ་ཡུལ་དུ་ལོག་རྗེས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ངོ་མ་ཤེས་རྟོགས་བྱུང་བའི་གཏམ་རྒྱུད་བརྗོད་ཡོད་པ་རེད།

སྐབས་འདིའི་གློག་བརྙན་འགྲེམས་སྟོན་ནི་ཁྲུང་ཆིང་གྲོང་ཁྱེར་གློག་བརྙན་ཅུས་དང་། ཁྲུང་ཆིང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པ་ཆུས་མི་དམངས་སྲིད་གཞུང་། སི་ཁྲོན་ཕྱི་སྐད་སློབ་ཆེན་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ཁྲུང་ཆིང་ལའེ་ཧྥུའུ་ཧྲིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་རེད། ཁྲུང་ཆིང་གློག་བརྙན་མཁས་ཅན་མཐུན་ཚོགས་ཀྱིས་སྒྲུབ་འགན་ཁུར་བ་དང་། སི་ཁྲོན་ཕྱི་སྐད་སློབ་ཆེན་གསར་འགྱུར་ཁྱབ་སྤེལ་སློབ་གླིང(ཁྲུང་ཆིང་རྒྱལ་སྤྱིའི་ཁྱབ་སྤེལ་སློབ་གླིང)དང་། སི་ཁྲོན་ཕྱི་སྐད་སློབ་ཆེན་རྒྱལ་སྤྱིའི་གློག་བརྙན་འཕྲིན་ཐོན་ལས་སློབ་གླིང་བཅས་ཀྱིས་ཇུས་འགོད་ལག་བསྟར་བྱས་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།