གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པའི་གཟེངས་བསྟོད་མཛད་སྒོ་ལྷ་ས་རུ་སྤེལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ11པའི་ཚེས8ཉིན། གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པའི་གཟེངས་བསྟོད་གནང་བའི་མཛད་སྒོ་བོད་ལྗོངས་ལྷ་ས་རུ་སྤེལ། སྐབས་འདིའི་གངས་རྒྱན་རྟགས་མ་ནི་མི་རིགས་རྩོམ་རིག་དུས་དེབ་ཁང་གིས་རིག་གཞུང་མཛུབ་སྟོན་བྱས་པ་དང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་མང་པོས་གཙོ་སྒྲུབ་དང་སྒྲུབ་འགན་འཁུར་བ་རེད། 

སྐབས་འདིའི་དཔྱད་བརྗོད་ཨུ་ལྷན་གྱིས་རྒྱལ་ཡོངས་སུ་ཁ་ཕྱོགས་ནས2015ལོ་ནས2025ལོ་སྟེ་ཉེ་བའི་ལོ་བཅུའི་རིང་གི་ཡོང་བསྒྲགས་དཔར་སྐྲུན་བྱས་པའི་བོད་ཀྱི་རྩོམ་རིག་བརྩམས་ཆོས་གཞིར་བཟུང་ནས། གཟབ་ནན་གྱིས་གདམ་གསེས་བྱས་རྗེས་མཐར་བརྩམས་ཆོས་བདུན་བདམས་ཐོན་བྱུང་།  སྙན་ངག་སྐོར་གྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་དཔལ་ལྡན་རྒྱ་མཚོའམ་མདོ་སྨད་ཧེ་རུ་ཀའིདབྱངས་གསལ་གན་མཛོདཅེས་པ་དང་། པད་མ་འཚོའམ་འཆི་མེད་ཀྱིཆུའི་ལང་ཚོཞེས་པ་གཉིས་རེད།  ལྷུག་རྩོམ་སྐོར་གྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་གངས་དབང་ངམ་བཀྲ་ཤིས་ཀྱིརང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུགདང་། ཉ་ནག་པ་བ་རེས་ཀྱིལྷུག་རྩོམ་ཆེད་སྒྲིགགཉིས་རེད། བརྩམས་སྒྲུང་འབྲིང་ཐུང་སྐོར་གྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་ནམ་མཁའ་བཀྲ་ཤིས་ཀྱིཆུ་བོ་ལི་ཧི་ཏའི་འགྲམ་ངོགསཞེས་པ་དང་། ཚེ་རིང་བཀྲ་ཤིས་སམ་གཡུ་རྔོག་ཚེ་བཀྲའིསྦས་ཡུལཞེས་པ་གཉིས་རེད།  སྒྲུང་རིང་སྐོར་གྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་ཚེ་རིང་གཡུ་སྒྲོན་གྱིགཡུ་ཆུང་དྲུག་དཀརཞེས་པའོ། །  

བྱ་དགའ་ཐོབ་མཁན་གངས་དབང་བཀྲ་ཤིས་ཀྱིས་ལོ་ངོ་བཅུའི་ནང་ལ། ཁོ་རང་མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོ་ལ་སོང་ནས། རི་ཆུའི་རིག་གནས་དང་ལོ་རྒྱུས། རིག་གནས་ཀྱི་གསང་བ་སོགས་ལྷུག་རྩོམ་གྱི་ཐོག་ནས་ཀློག་པ་པོར་ཕུལ་ཞིང་།  ཐེངས་འདིའི་དཔྱད་འདེམས་པ་དང་དགེ་རྒན་ཚོའི་ཐུགས་ཁུར་དང་རྒྱབ་སྐྱོར། གཟིགས་སྐྱོང་འོག་བྱ་དགའ་ཐོབ་པ་ཡིན་ལ། འདི་ནི་གཙོ་བོར་བོད་ཀྱི་ལྷུག་རྩོམ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ཞིག་ཡིན་པར་མ་ཟད། བོད་ཀྱི་ལྷུག་རྩོམ་ལས་འདི་འདྲའི་འབྲི་སྟངས་ཀྱི་ལམ་ཁ་ཇེ་ཡངས་ནས་ཇེ་ཡངས་ཡོང་བའི་ཆེད་དུ་བྱ་དགའ་འདི་སྤྲད་པ་ཡིན་པར་བསམ་བཞིན་ཡོད།  ཚང་མ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེང་སང་གི་སྤྱི་ཚོགས་བཟང་པོ་དང་དུས་སྐབས་ཡག་པོའི་ནང་། ང་ཚོའི་བོད་ཀྱི་ལོ་ཆུང་ཚོས་རྩོམ་ཡིག་མང་པོ་འབྲི་བ་དང་། བསམ་གཞིག་གང་མང་བཏང་ན། འབྲས་བུ་གང་ལ་གང་འཚམ་ཐོབ་ཤག་ཤག་རེད་ཅེས་བཤད། 

བྱ་དགའ་ཐོབ་མཁན་ནམ་མཁའ་བཀྲ་ཤིས་ཀྱིས་གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པའི་ཐོག་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཐོབ་པར་སེམས་གཏིང་ནས་དགའ་པོ་བྱུང་ཞིང་། རྩོམ་ཡིག་ནང་གི་མི་སྣ་དེ་ཚོ་དང་། ཁོ་ཚོའི་འཚོ་བ་སྐྱེལ་སའི་ལུང་པར་ཐུགས་རྗེ་ཆེ་ཞུ་བ་ཡིན་ཞེས་བཤད་པ་རེད། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།