སྙན་ཚིག་ངག་གི་དྲ་བ།(ཞར་བཀོད་གསུམ)ཁམས་པ་རབ་དབྱངས། ཡུལ་ཤུལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

སེམས་ཀྱི་སྐྱེ་མཆེད་རྫོགས་པའི་ཤུལ། །

ནགས་ཀྱི་དྲ་བའི་རྒྱར་ཚུད་པའི། ། 

མིག་གི་བུང་བ་འཕུར་བའི་ཉམས། །

འཕྲུལ་ལྡན་ལྷ་མོ་ཡིད་ལ་བྱོན། །

བརྩེ་ཕྲན་མུ་ཏིག་ཆགས་པ་ན། །

རྒྱུ་སྐར་ཕྲེང་བས་བསྐོར་བ་བཞིན། །

ཕྲ་ལྡེམ་སྐུད་པའི་འཁྲི་ཤིང་ལ། །

ཟུར་མིག་རླུང་ཞགས་རབ་ཏུ་གཡོ། །

འཇོ་སྒེག་སྟངས་སྟབས་རྩེན་པ་ན། །

ཟླ་བའི་འཛུལ་ཞལ་ཀེམ་ཀེམ་གཡོ། །

ས་གཞི་ན་བུན་འཕྱུར་བའི་རླབས། །

ཡིད་འཛིན་པདྨའི་མདངས་ལ་བྱོན། །

རབ་ཏུ་བཞད་པའི་ཡན་ལག་ལ། །

འདབ་མའི་དྲི་བཟང་འཐོར་བ་ན། །

གང་ཞིག་བརྩེ་བའི་སོར་མོ་ལ། །

ཉི་མའི་དཀྱིལ་འཁོར་དུད་པ་གང་། །

ཟླ་བའི་མཚོ་ལ་ལན་གཅིག་ལྷུང་། །

སྒྱུ་མའི་རི་དྭགས་འདྲོགས་པ་ན། །

ཀུན་རྟོག་ཡིད་ཀྱི་མཁའ་ལ་བྲེས། །

རིག་བྱེད་ཚིག་གི་འོད་རིས་དག །

སྙན་ངག་སྨྲ་བའི་ཆུ་གཏེར་གྱིས། །

རབ་ཏུ་འཐུང་བའི་བུམ་པ་གང་། །

བདུད་རྩི་བཅུད་ཀྱིས་མི་སིམ་པར། །

རྩེ་དགའི་རོ་བཅུད་མྱངས་པ་ན། །

ཡིད་ནི་ཀུན་ཏུ་ཚིམས་པའི་རྗེས། །

མིག་དག་ཟིམ་བུར་འཛུམ་པ་དོད། །

རྣམ་ཀུན་ཞི་བའི་ངང་ཚུལ་བཅས། །

ཤིན་ཏུ་ཟོལ་མེད་ལྷོད་བག་འདི། །

རིང་ནས་བར་ཐག་ཉེ་བའི་ཚུལ། །

སྙན་ཚིག་ངག་གིས་སྦྲུམ་པ་ན། །

ཟླ་བའི་རྗེས་སུ་འགྲོ་མིན་སྟེ། །

ཁྱོད་རང་ཡིད་ཀྱི་ནགས་ཚལ་ན། །

ཏིང་འཛིན་མལ་དུ་ཞུགས་པའི་རྗེས། །

སེམས་ཉིད་གསོ་བའི་གླུ་ངག་འདི། ། 

ཚིག་གི་འགྲམ་ཆང་བྱེད་ན་འདོད། །

སྟོན་མཚན་ཟླ་བའི་ནམ་གུང་ལ། །

རྙི་རུ་ཚུད་པའི་རི་དྭགས་བཞིན། །

ཉི་མའི་འཆར་ཀའི་རི་རྩེ་དེར། །

བས་མཐའི་ཚལ་ནས་རྒྱུ་བའི་ཚེ། །

སྟོང་བའི་འཇའ་ཚོན་དེད་པའི་རྗེས། །

མཆི་མའི་རྒྱ་མཚོ་འཁྲུགས་པ་ན། །

ཡིད་ལ་བབས་པའི་ཞལ་རས་ལ། །

ཟླ་བའི་གཟུགས་བརྙན་བྲིས་པ་ན། །

རབ་བཏགས་ངོས་ཀྱི་ཁྱོད་རང་ལ། །

སྒྱུ་མའི་དཔེ་ལ་འདྲ་བྱས་ནས། །

ཚེ་འདིར་ཡུན་རིང་ཞེད་སྣང་གིས། །

མེ་ཏོག་དྲོད་ཀྱིས་གསོས་པ་བཞིན། །

སྒེའུ་འགྲམ་ཉི་ཟེར་འཕྲོས་པ་ལྟར། །

སྤྲིན་པའི་མིག་ཟུང་ཆ་གཅིག་ལ། ། 

བསིལ་འཇམ་འོད་ཀྱི་ཟེགས་མ་རེ། །

ཡིད་འོང་ལུས་ཀྱི་སྟངས་སྟབས་ལ། །

གང་ཞིག་བརྩེ་བའི་སྒྱུ་འཕྲུལ་བྲིས། །

༢༠༢༥/༡༠/༢༤/ཉིན་བརྩམས། 

གླུ་ངག་བརྒྱ་ཕྲག 

ང་རང་གཅིག་པུ་སྐྱེད་ཚལ་འདི་ན་བཞད། །

འདབ་མ་རེ་ལ་ཁྱོད་རང་ཆ་ཤས་བརྩམས། །

རླུང་བུ་གཡོ་ཙམ་སྡོང་ལོ་འཐོར་ཙམ་གྱིས། །

ཁྱོད་རང་བོར་བའི་གླུ་ངག་བརྒྱ་ཕྲག་འདི། །

ང་རང་གཅིག་པུས་ལེན་དགོས་ཡང་དུ་བྱུང་། །

པད་མ་ཡིན་ནམ་ཟླ་བའི་བསིལ་ངད་ཕོག །

འཛུམ་པའི་འོད་ཀྱི་གེ་སར་ཐིག་ལེའི་རྡུལ། །

གཟུགས་མེད་གཡོ་བ་འདི་ཡང་ག་ཙམ་ཡིན། །

གམ་དུ་བཅར་ན་དྲི་ངད་བཅོམ་པའི་ཚོར། །

རིང་དུ་གྱེས་ན་བསིལ་རླུང་གཡོ་ཙམ་གྱིས། །

ཁྱོད་རང་ཡིད་ཀྱི་འཇིག་རྟེན་གཅིག་གིས་ཆོག །

གནམ་གྱིས་མུ་ཏིག་འཐོར་བའི་ངང་ཚུལ་གྱིས།།

ཚིག་གི་སྒྲ་མེད་དཀྲོལ་བའི་རིག་བྱེད་འཁྲོལ། །

ཚིག་རྒྱན་ངག་གི་འགྲམ་ཆང་བཏུང་བའི་ཞོར། །

འཁྲིལ་ལྡེམ་ལུས་འདི་རིག་བྱེད་ཚལ་དུ་གཡོ། །

བཞིན་རས་ངོ་ལ་སྤོས་དཀར་དྲི་ངད་ལྡང་། །

ནགས་མའི་ཚལ་ནས་འཆི་མེད་ལྷ་ལམ་རྒྱུ། །

ཡིད་འོང་ཆགས་པའི་འཛུམ་པ་བ་ཀི་ལ། ། 

རིག་བྱེད་ངག་གི་མགུལ་རྒྱན་རབ་ཏུ་སྤྲས། །

ཡིད་འོང་མཛེས་པའི་སྦྱོར་བྱུང་འདི་དག་ལ། །

ཟླ་བ་དང་མཚུངས་ཡིད་ཀྱི་མཁའ་ལ་རྒྱུ། ། 

སྣ་ཚོགས་གཟུགས་ཀྱི་རྡུལ་འཛིན་མེ་ཏོག་མ། །

རྟོག་པའི་མཚོ་ལ་ངང་མོ་འདྲོགས་པ་འདྲ། ། 

རིག་བྱེད་མགྲིན་པ་སྣ་ཚོགས་བསླངས་བ་ན། །

ཚོར་བའི་སྒོ་གླེགས་རྡུང་བ་གྲངས་མེད་ཡིན། །

ཤིན་ཏུ་རྒྱང་རིང་འཚོལ་བའི་དྲན་ངོགས་ནས། ། 

ཁྱོད་རང་ནུབ་མཐའ་ཡོལ་རྗེས་གདུང་བ་བྱུང་། །

མཚན་མོ་ནམ་མཁའ་སྒྲིབ་པའི་ཟླ་བ་གང་། ། 

ཡིད་ལས་རྙིང་པ་མེད་པའི་མིག་ཟུང་ནང་། ། 

ཁྱེད་ནི་དྲོད་འཇམ་ལས་ཀྱི་ཉི་ཐིགས་ཡིན། །

ནམ་མཁའི་ཟླ་བ་དགོད་པའི་རྣམ་འགྱུར་ལ། ། 

རྗེས་ཆགས་བརྩེ་བའི་སྐྱེད་ཚལ་རིང་མོ་ཡིན། །

ཐུན་གསུམ་རྨི་ལམ་ཡོལ་བའི་ཁུ་སིམ་ངང་། །

ཁྱེད་ཀྱིས་དར་གོས་ཤམ་ཤམ་གཡོ་བའི་རྗེས། །

ནམ་གུང་སྐར་མ་ངུས་བའི་སྒྲ་དབྱངས་རེ། །

ང་ཡི་རྣ་བར་ལྷུང་བའི་དུས་ཚིགས་སུ། །

ཁྱེད་རང་ཡིད་ཀྱི་ཟླ་བ་གོར་གོར་ཡིན། །

༢༠༢༥/༡༠/༢༦/ཉིན་བརྩམས། 

ཡིད་དུ་རྒྱུ་བའི་རི་དྭགས་མ། 

མིག་ཟུང་གཡོ་བའི་རྣམ་པ་ལ། ། 

ཁྱེད་ནི་མཛེས་པའི་དཔལ་དང་ལྡན། ། 

ཟླ་བ་བཞིན་དུ་སྒོར་བའི་ཞལ། ། 

པད་མ་བཞིན་དུ་དམར་བའི་མདངས། ། 

ཡིད་ལ་དུད་པའི་འདབ་མ་ནི། ། 

ཁྱེད་ཀྱི་གདོང་ནས་རབ་ཏུ་འཚེར། ། 

བརྩེ་བའི་འདབ་མ་མ་རྙིང་པའི། ། 

ངག་ནས་གྲོལ་བའི་དབྱངས་རྟ་རེ། ། 

རྣ་ལ་ཐོས་པའི་གླིང་བུ་སྒྲ། ། 

སྙན་པ་དང་བཅས་ཡིད་གར་ཐོས། ། 

འཇོ་སྒེག་ལུས་ཟུང་རབ་ཏུ་ལྡེམ། ། 

རྟོག་པའི་ན་བུན་རེ་ཞིག་འཕྱུར། ། 

སྤྲིན་གྱི་མེ་ཏོག་བཏུས་པའི་ཤུལ། ། 

ཁྱེད་ནི་ངག་གི་སྐྱེས་སུ་གྲོལ། ། 

ཁྱེད་ནི་ཡིད་འོང་ཟོལ་གྱིས་སྤྲས། ། 

ངས་ནི་ཁྱེད་རང་རྣམ་འགྱུར་དག ། 

མེ་ལོང་ངོས་ནས་གཅིག་ཏུ་སྒོམ། ། 

ཡུན་རིང་སྒོམ་པའི་འཆར་སྣང་ལ། ། 

ཚིག་རྒྱན་དཀྲོལ་བའི་སིལ་སྒྲ་རེ། ། 

འཆར་སྣང་ངོས་ནས་སད་པར་གྱུར། །  

ང་ཡི་མིག་ཟུང་གོར་གོར་ནང་། ། 

ཁྱེད་ཉིད་ཡིན་ནམ་སྙམ་པ་ཞིག ། 

གཏན་དུ་ང་ལ་མཐོང་ཙམ་བྱུང་། ། 

རྣམ་རྟོག་དྲ་བ་དྲ་ཕྱེད་ངོས། ། 

ཡིད་ཀྱི་གཙང་པོ་འཐུང་ཞོར་དུ། ། 

ལན་རེར་ང་ཡི་རྨི་ལམ་ནང་། ། 

སྙན་ངག་ནང་གི་གཟུཊ་བརྙན་བྲིས། ། 

ཚོར་བའི་ལྡེབས་རིས་འདི་དག་ལ། ། 

ཁྱེད་ཉིད་གཅིག་པུ་ལྷོད་ཀྱིས་ངང་། ། 

ང་ཡི་འཁོར་བའི་ཉེ་དྲུང་ནས། ། 

རྨི་ལམ་ནའང་ཁྱེད་ཉིད་རྨིས། །

ཉི་ནུབ་འདི་ནས་ཁྱེད་རང་འཁོར། ། 

ང་ཡི་མཐོང་སྣང་འདི་དག་ནས། ། 

ཁྱེད་རང་སེམས་བྱུང་གཅིག་དུ་འདྲིས། ། 

སྒྱུ་མའི་འཇིག་རྟེན་རབ་རིབ་འདི། ། 

མིག་ལམ་ཡང་ཡང་མངོན་པ་ན། ། 

གཟུཊ་ཀྱི་སྐྱེ་མཆེད་འདི་དག་ནི། ། 

སེམས་ཀྱི་ཡུལ་དུ་ཤོང་བའི་རྗེས། ། 

ལུས་སེམས་གཉིས་ཀ་ཁྱེད་ཀྱིས་ཁྲིད། ། 

སྨུག་སྤྲིན་གསེབ་ཀྱི་རི་དྭགས་བཞིན། །

ཁྱེད་ཉིད་རྒྱུ་བའི་རི་སུལ་ནས། ། 

ངས་ནི་རྐང་རྗེས་དེད་ནས་ཡོང་། ། 

ཡུད་ཙམ་འཕྲད་པའི་ཉམས་སྣང་རེ། ། 

རྣམ་ཀུན་ཡིད་ལ་འཆར་བ་ན། ། 

དྲན་པ་འགུག་པའི་ཞལ་རས་འདི། ། 

བདག་གི་སེམས་ཉིད་གཅིག་པུ་ལ། ། 

ཁྱེད་ཉིད་བག་ཡོད་གཅིག་ཏུ་མཐོང་། ། 

ཁྲེལ་བ་མི་མངོན་འཛུམ་པའི་ངང་། ། 

ཡིད་དུ་འོང་བའི་གཙང་པོ་བཞིན། ། 

ངས་ནི་ཁྱེད་རང་དྲན་ཤུལ་དུ། ། 

སྙན་ངག་འདི་དག་སྐྱེས་སུ་ཕུལ། ། 

2025.4.22.ཉིན་བརྩམས། 

སོར་མོའི་ཟློས་གར།

སྒྱུ་མའི་རི་དྭགས་དེད་པའི་ཤུལ། །

ཁྱེད་ཀྱིས་རྐང་རྗེས་བོར་རམ་ཅི། །

ངག་རིག་བརྩེ་བའི་ཆུན་པོ་འདི། །

ཁྱེད་ཀྱིས་རྣ་བས་ཐོས་སམ་ཅི། །

མ་རྙིང་འཛུམ་པའི་མེ་ཏོག་འདི། །

ཟིལ་བས་མནན་ཅིང་འོད་ཟེར་འཕྲོས། །

ཁྱོད་ནི་སྤྲིན་གྱི་གསེབ་ནས་མཐོང་། །

སྤྲིན་པའི་ལག་མཐིལ་གོས་སུ་གྱོན། །

དུད་པའི་ཟུར་མིག་ལང་ལོང་གཡོ། །

བརྩེ་བའི་འོད་ཆགས་ལྷོད་པ་མེད། །

རྨི་ལམ་ཉིད་གྱུར་ཁྱོད་ཉིད་རྨིས། །

སྣང་བ་དུབ་ཀྱང་རབ་རིབ་མིན། །

པད་མ་ཡིན་ནམ་ཟླ་བ་ཡིན། །

ངས་ནི་ཐ་དད་མ་མཐོང་ལགས། །

བཞིན་རས་འདབ་མ་གཡོ་ལྡན་པ། །

དྲི་བསུང་འཐོར་བའི་མཛེས་པ་ལ། །

ཁྱེད་ཀྱི་མཛེས་སྡུག་ངོས་དག་ལ། །

ཡིད་སྙིང་བྱུང་བ་ཅི་ཙམ་ཡིན། །

ཟིན་པ་མེད་པའི་མཆོག་མ་འདི། །

ནགས་ཀྱི་གསེབ་ཏུ་རྒྱུ་བའི་ཚེ། །

སྒྱུ་མའི་ངོས་ཀྱི་ཟླ་བ་བཞིན། །

ལམ་ལམ་ང་སར་འཚེར་བ་ན། །

ཏིང་འཛིན་མེ་ཏོག་ཕྲ་བ་གང་། །

ཕྲ་བའི་ངོས་ཀྱི་རྡུལ་དག་ལ། །

ཁྱོད་རང་མཛེས་པ་ཆ་གཅིག་ལ། །

ཚེ་རབས་མིག་ཟུང་གཡོར་བར་བྱེད། །

ཁྱོད་ནི་རོལ་མོའི་སྒྲ་དང་བཅས། །

ནམ་རྒྱུན་གླིང་བུ་རིང་དུ་འབོད། །

ངས་ནི་སྒྲ་ལ་སིམ་པ་ཡིས། །

ཁྱོད་རང་ལན་གཅིག་མཐོང་ན་བསམ། །

འོད་ཟེར་མག་མོག་འདི་ག་ཡིས། །

ང་ཡིས་མཐོང་ལམ་གསལ་བར་བྱས། །

མ་འོངས་པ་ཡི་སྙན་ཚིག་དག །

ནམ་མཁའི་ངོས་སུ་ཡང་ཡང་འཚེར། །

མི་གཡོ་བརྩེ་བའི་ངང་ལ་ནི། །

སྙིང་རྗེས་འོད་ཟེར་འཕྲོ་བ་ཡིས། །

སྙན་ངག་ཟླ་བའི་སྐྱེད་ཚལ་གྱིས། །

ཡིད་ཀྱི་སྒོ་གླེགས་གསལ་བར་བྱས། །

པིར་གྱིས་བྲིས་འདྲའི་པདྨའི་ཞལ། །

སོར་མོ་གཡོ་བའི་འདུ་བྱེད་ལ། །

ཚིག་གིས་སྐྱེམས་ཆང་ཕུལ་ལགས་སམ། །

ཡིད་ལ་ཚིམས་པའི་དབྱངས་ཅན་མ། །

བདུད་རྩི་ཆབ་རྒྱུན་དྭངས་མ་ལ། །

དབྱངས་ཀྱིས་བསྙད་པ་འདི་དག་གིས། །

འདྲེན་བྱེད་བུང་བའི་ལྡིང་སྐོར་བཞིན། །

ཁྱོད་ཀྱི་དྲུང་དུ་ཚེ་གཅིག་ཉལ། །

ཁྱེད་ནི་ཉི་འོད་བཞིན་དུ་སླེབས། །

ཚིག་གི་ན་བུན་འཕྱོར་བ་ན། །

མ་བཅོས་པ་ཡི་རིག་བྱེད་འདི། །

ཉེ་འགྲམ་འདི་ནས་དལ་གྱིས་བླངས། །

འཕགས་མ་མཆོག་ནི་ཡིད་འོང་བཅས། །

མ་བསྒོམ་པ་ཡི་རྨི་ལམ་ངོས། །

ཉམས་ལྡན་ལུས་ཟུང་དང་བཅས་པར། །

ཕེབས་ལ་བྱིན་རླབས་ཡུན་དུ་སྩོལ། ། 

༢༠༢༥/༣/༢/ཉིན་བརྩམས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།