ཞོགས་པ་དེར། ཆར་བ་ནི་ཆུ་ཟོམ་ཞིག་གི་ཞབས་བརྡོལ་བ་ལྟར་ཤུགས་ཀྱིས་འབབ་ཀྱིན་འདུག
རླངས་འཁོར་གྱི་ཆར་ཕྱིས་ནི་ལས་ལ་བྲེལ་བའི་གཡོག་མོ་ཞིག་དང་འདྲ་བར་ཅུང་ཙམ་ལའང་སྡོད་མི་ཕོད་པར་ཆར་ཆུ་གཙང་མར་འབྱིད་ཀྱིན་ཡོད།
བྲག་འགོ་ནས་གསེར་རྟ་ལ་འགྲོ་བའི་གླ་གཏོང་ཁ་ལོ་པས་དཀྱོག་འཁོར་ལག་པས་དམ་དུ་བཟུང་ལ། རྒྱབ་ངོས་མེ་ལོང་ལས་འཁོར་ནང་གི་འཚང་ཁ་ཤིག་ཤིག་བྱེད་པའི་མི་རྣམས་ལ་ཐེངས་ཤིག་བལྟས་རྗེས་སེམས་སུ་དངན་པ་རིང་པོ་ཞིག་ཤོར་སོང་།
ནམ་རྒྱུན་ཡིན་ན་དུས་ཚོད་འདིར་དེ་འདྲའི་འགྲོ་འོང་བྱེད་པའི་མི་མང་པོ་ཞིག་མེད་ཀྱང་། སང་ཉིན་ནས་གསེར་རྟ་བླ་རུང་སྒར་གྱི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འགོ་ཚུགས་རན་པ་དང་། དེ་རིང་གནམ་གཤིས་ཀྱང་མི་ལེགས་པས་གསེར་རྟའི་ཕྱོགས་སུ་འགྲོ་བའི་མི་ཚང་མར་བྲེལ་བ་ལངས་འདུག
ཁ་ལོ་པས་རླངས་འཁོར་གཏོང་འགོ་རྩོམ་དུས། གློ་བུར་དུ་མི་ཞིག་གིས་རླངས་འཁོར་སྒོ་ཤུགས་ཀྱིས་བརྡུང་བྱུང་།
ཆར་བའི་ཁྲོད་དུ། མགོ་དུང་ལྟར་དཀར་ལ། ལུས་ཡོངས་ཆར་བས་བརླན་པའི་བགྲེས་མོ་ཞིག་གཅིག་པུར་ཙོག་འདུག མིག་ནང་དུ་བྲེལ་འཚབ་དང་རེ་བཅོལ་ཀྱིས་ཉམས་ཤིག་མངོན་བཞིན་བགྲེས་མོས“ཁ་ལོ་པ། དྲིན་ཅན་པོ། ང་གསེར་རྟ་ལ་འགྲོ་ནི་ཡིན། བདེ་ཆེན་ཞིང་སྒྲུབ་ལ་འཚོགས་བསམ་བྱུང་། ད་ནི་རྐང་ཐང་ལ་ཡོང་ནས་ཆད་ཐལ། ལམ་གླ་ཡང་སྦྱིན་རྒྱུ་མེད” ཅེས་བཤད་བྱུང་ལ། ལྭ་བ་ནག་པོ་དེ་རལ་ནས་འདུག་པ་དང་། ལྷམ་ཡང་འདམ་བག་གིས་གཡོགས་པར་བལྟས་ན། དེ་ནི་དཀར་མཛེས་རྫ་ཁོག་ལུང་པའི་སྤྲང་འཁྱམ་བདག་མེད་ཅིག་ཡིན་པ་ངང་གིས་རྟོགས་ཐུབ།
རླངས་འཁོར་ནང་དུ་འཁང་ར་དང་མི་འཐད་པའི་གཏམ་གྱིས་ཁེངས་བྱུང་།
“འཁོར་ནང་གི་རྐུབ་སྟེགས་ཚང་མ་ཁ་གང་ཚར་བས་ད་མི་གཅིག་བསྡད་ན་ཚད་བརྒལ་རེད་ཡ།”
“ལམ་གླ་མི་སྦྱིན་པར་འཁོར་ནང་དུ་སྡོད་ཐབས་ཡོད་དམ། སྤྲང་འཁྱམ་ཚོར་གོམས་ནས་ཡོད་ཡ། ”
ཁ་ལོ་པའི་སེམས་སུ་སྙིང་རྗེ་སྐྱེས་མོད། མི་མང་གིས་བསམ་འཆར་ལ་མི་ཉན་ཐབས་མེད་དུ་གྱུར་པས“བགྲེས་མོ་ལགས། དགོངས་པ་མ་ཚོམས། ཁྱོད་ཀྱིས་ལྟོས་དང་། རྐུབ་སྟེགས་ཚང་མར་མི་བསྡད་ཟིན་པས་ད་ལྷག་མོ་བཞག་ན་ཁྲིམས་འགལ་རེད”ཅེས་བཤད།
བགྲེས་མོས་སླར་ཡང་ཁ་ཤ་ལྷབ་ལྷུབ་འདར་བཞིན“ཁ་ལོ་པ། ཁྱོད་ཀྱིས་ང་ལ་ཡིད་ཆེས་བྱོས་དང་། ངའི་ཚེ་གང་བོར་ཁྲིམས་འགལ་གྱི་བྱ་བ་སྣ་གཅིག་བསྒྲུབ་མ་མྱོང་མོད། གནས་འདི་ནས་རླངས་འཁོར་རྙེད་ཁག་པོ་རེད། དེ་རིང་གི་ཉིན་གསུམ་ལ་བསྒུག་པ་ཡིན། ད་ནི་རྐང་པ་སྐྲངས་ནས་འགྲོ་ཐུབ་ཀྱིན་མི་འདུག ད་ཐེངས་གསེར་རྟ་བླ་རུང་སྒར་ལ་མཆོད་མཇལ་ཐེངས་ཤིག་ཐུབ་ན་ཤི་སོང་ཡང་འགྱོད་པ་མེད། ང་ལ་རྐུབ་སྟེགས་མི་དགོས། འཁོར་སྒམ་དཀྱིལ་དབུས་སུ་ཙོག་ནས་བསྡད་ན་ཆོག ང་ནི་འབྲོག་མོ་ཕལ་པ་ཞིག་ཡིན། མི་ཚེ་རྫོགས་ལ་ཉེ་ཡང་འདུག་ན་ས་ཐོག་དང་། འགྲོ་ན་རྟ་ཐོག་ཡིན་པས་རྐུབ་སྟེགས་ཤིག་ག་ལ་དགོས”ཟེར།
མཚམས་འདིར། ཁོ་མོའི་རེ་ཐག་ཆད་པའི་མིག་ཟུང་ལས་མཆི་མ་རྡོག་གཅིག་ཤར་ཤུར་གྱི་གཉེར་རིས་བབས་པའི་མཁུར་མགོ་ལས་ས་རུ་ཟེགས་སོང་།
ཁ་ལོ་པ་ཡང་རེ་ཞིག་ལ་ཐབས་བཀོད་ཟད་ནས་འཁོར་སྒམ་དཀྱིལ་དབུས་ཀྱི་འགྱིག་གི་རྐུབ་སྟེགས་ཆུང་ཆུང་དེར་མཛུབ་མོས་སྟོན་བཞིན་དེ་རུ་སྡོད་པ་ལས་ཐབས་མེད་པའི་ཚུལ་བསྟན།
རླངས་འཁོར་ནང་རེ་ཞིག་ལ་ཁུ་སིམ་མེར་གྱུར།
ཆར་བ་ནི་སྔར་བཞིན་མགྲོན་པོ་ཚོ་ལམ་དུ་འགྲོ་དགོས་པར་དོགས་སྣང་སྤུ་ཙམ་མེད་པར་་ཤུགས་ཀྱིས་འབབ་བཞིན་འདུག
ཁ་ལོ་པའི་གཡས་ཕྱོགས་སུ་ལྡེའུ་ཟེར་བའི་གསེར་རྟའི་གཞོན་ནུ་ཞིག་བསྡད་ཡོད། ཁོ་ནི་ད་ལོ་སློབ་ཆེན་ནས་མཐར་ཕྱིན་རྗེས་གཞུང་ཞབས་པའི་ལས་ཀ་གཉེར་བཞིན་ཡོད་ལ། དེ་རིང་གཟའ་མཇུག་ཡིན་པས་ཕ་མ་གཉིས་ཀ་ཐུགས་འཕྲད་བྱེད་དུ་འགྲོ་བ་ཡིན། ཁོས་ཉིན་ཤས་གོང་ནས་ཁ་ལོ་པ་དང་འབྲེལ་བ་བྱས་ཏེ་འཁོར་གླ་ལྷག་མོ་སྤྲད་ནས་དེ་རིང་གི་ཁ་ལོ་པའི་གཡས་ཕྱོགས་ཀྱི་རླངས་འཁོར་མགོ་ནང་གི་རྐུབ་སྟེགས་བཟང་ཤོས་དེ་བདམས་ཡོད།
སྐབས་དེར། ཁ་ལོ་པས་གཡས་ཕྱོགས་སུ་སྡོད་པའི་གཞོན་ནུ་ལྡེའུ་ཡར་ལངས་ཏེ“ཨ་ཡེ་ལགས། ཁྱོད་ངའི་རྐུབ་སྟེགས་སུ་སྡོད་དང་། འདི་ནས་འདུག་བདེ་མོ་རེད། རླངས་འཁོར་མགོ་ནང་དུ་བསྡད་ན་འཁོར་དུག་མི་བྱེད” ཅེས་བཤད་རྗེས་གཙང་ཤོག་ལེབ་ཅིག་བགྲེས་མོར་སྦྱིན་བྱུང་།
བགྲེས་མོས་ལག་པས་མགོ་བོ་སྐྱོར་བཞིན་ཁ་ལོ་པའི་གཡས་ཕྱོགས་སུ་བསྡད་བྱུང་།
བགྲེས་མོ་འཁོར་དུག་གིས་ན་ནས་སྐད་ཆ་མང་པོ་བཤད་མི་ཐུབ་མོད། ལག་གི་མ་ཎིའི་འཁོར་ལོ་སྐོར་མཚམས་བཞག་ཏེ“དྲིན་ཅན་པོ། ད་ཁྱོད་ལ་དཀའ་ལས་གཏད་སོང་། སྐལ་ཆད་མ་འདི་འདྲའི་ལས་ངན་ཞིག་རེད། ཚེ་འདིར་གསེར་རྟ་བླ་རུང་སྒར་ལ་མཆོད་མཇལ་ཅིག་ཐུབ་ན་བསམས་མོད། དེ་རིང་འདི་འདྲའི་འཁོར་སྐྱིད་པོ་ཞིག་གི་ནང་དུ་བསྡད་ཀྱང་འཁོར་དུག་གིས་ན་ལ་མགོ་ཡོམ་འཁོར་ནས་སྐྱུག་མེར་ལངས་ཀིན་འདུག”ཟེར།
གཞོན་ནུ་ལྡེའུས“ཨ་ཡེ་རང་གིས་སེམས་ཁུར་མི་དགོས། ང་ལོ་ཆུང་ཡིན་པས་གང་ནས་བསྡད་ཀྱང་སྟབས་བདེ་མོ་རེད། ”ཅེས་བཤད།
ལྡེའུས་བགྲེས་མོ་ལ་སྐྱོབ་ཐག་རྒྱག་རོགས་བྱས་རྗེས། ཁོ་རང་གཞི་ནས་སེམས་ལྷོད་ལ་བབས་ཏེ་འཁོར་སྒམ་དཀྱིལ་དབུས་ཀྱི་འགྱིག་གི་རྐུབ་སྟེགས་སུ་བསྡད་བྱུང་།
ཆར་བ་ནི་ཇེ་ཆེ་ནས་ཇེ་ཆེར་གྱུར་ལ། རླངས་འཁོར་གྱི་ཆར་ཕྱིས་ནི་ལས་ལ་བརྩོན་པའི་སྦྲང་མ་བཞིན་མདུན་ཤེལ་ངོས་ཇི་ལྟ་ཕྱིས་ཀྱང་མཐོང་ལམ་གསལ་པོ་ཞིག་རིག་ཟེར་བ་དཀའ་མོ་རེད། ཆར་ཆུ་ལམ་ངོས་སུ་ཤུགས་ཀྱིས་བཞུར་ནས་གང་སར་ཉེན་ཁས་ཁྱབ་ཡོད།
རླངས་འཁོར་ནི་བྱ་འཕུར་བ་བཞིན་བྲག་འགོ་ནས་གསེར་རྟ་ལ་འགྲོ་བའི་ལམ་ཆེན་ནང་ཤར་གྱིས་སྐྱོད་བཞིན་འདུག
འགག་འཕྲེང་དོག་མོ་ཞིག་ལ་སླེབས་དུས། གློ་བུར་དུ་མདུན་ཕྱོགས་ཀྱི་རི་སྣ་གཟར་པོ་དེ་ལ་སྔོན་རྟགས་གང་ཡང་མེད་པར་ཅལ་གྱིས་ནུད་པ་དང་། འདམ་རལ་གྱི་ཁྲོད་རྡོ་ཕ་ཝང་ཆེན་པོ་ཞིག་གཟའ་རྒོད་མཁའ་ནས་རྒྱུག་པ་བཞིན་སླེབས་བྱུང་།
ཁ་ལོ་པས་མྱུར་སྟབས་ཀྱིས་འཁོར་སྒེག་སྡོམ་བཞིན་སྐད་ཆེན་པོས“ཚང་མས་གཟབ་གཟབ་བྱོས”ཟེར།
གཞོན་ནུ་ལྡེའུས་འཇིགས་དངངས་ཁྲོད་དུ་མགྱོགས་མྱུར་རང་གི་རྐུབ་སྟེགས་ནས་ཡར་ལངས་ཏེ་ལག་པ་བགྲེས་མོའི་ཕྱོགས་སུ་རྐྱོང་བཞིན་པའི་དུས་སུ། གཡུ་འབྲུག་གི་ངར་སྐད་འདྲ་བའི་ཆོམ་སྒྲ་ཆེན་པོ་ཞིག་དང་ལྷན་དུ་རླངས་འཁོར་ནི་དྲག་ཆར་དང་འདམ་རལ་གྱི་ཁྲོད་ནས་ལམ་ཞབས་སུ་བསྣུད་སོང་།
དུས་ཚོད་ག་ཙམ་འགོར་བ་མ་ཤེས་མོད། བགྲེས་མོ་ལགས། གསེར་རྟ་བླ་རུང་སྒར་ལ་ཐོན་དུས། ཁོ་མོས་བླ་རུང་སྒར་གྱི་སྒྱུ་འཕྲུལ་ལྷ་ཁང་སྐོར་བཞིན“ཡོད་ཚད་འདྲེ་མོ་ང་ལན་པ་རེད། གཞོན་ནུ་ལྡེའུ་ལགས། བདེ་བ་ཅན་དུ་སྐྱེ་བར་ཤོག་ཅིག”ཅེས་སྨོན་ལམ་རྒྱག་གིན་འདུག
ཉིན་དེའི་ཕྱི་དྲོར། གཞོན་ནུ་ལྡེའུའི་པུར་ཡང་བླ་རུང་སྒར་གྱི་དུར་ཁྲོད་དུ་བསྐྱལ་བྱུང་།
འཁོར་གེགས་བྱུང་བའི་ཉིན་དེར། གསེར་རྟའི་མི་རྣམས་ཀྱི་དོན་དག་འདི་ཐོས་རྗེས། གཏམ་གླེང་མང་པོ་ཞིག་བྱས།
“འདི་ནི་གསེར་རྟའི་དུད་ཁྱིམ་ཡ་རབས་ཚང་ཞིག་གི་གྱོང་རྒུད་རེད་ཡ། ”
“འདི་ནི་གསེར་རྟའི་ལོ་རྒྱུས་ཐོག་མི་ཞིག་གཞན་དོན་ཆེད་རང་སྲོག་ཤོར་བ་ཐེངས་དང་པོ་རེད་ཡ།”
“འདི་ནི་འབྲོང་རིའི་ཉེ་འདབས་སུ་དུས་རབས་ཉེར་གཅིག་པར་ཁེ་དང་རྒྱལ་ཁ་གཞན་ལ་སྤྲོད། གྱོང་དང་ཕམ་པ་རང་གིས་ཉོ་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞིག་གི་མཛད་སྤྱོད་རེད་ཡ། ”
ཉིན་དེར། གསེར་རྟའི་མི་རྣམས་ཀྱིས་ཁོ་ལ་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ལ། ཕྱི་དྲོའི་དུས་སུ། ཡང་བསྐྱར་ཆར་བ་ཟམ་ཟིམ་ཅིག་བབས་བྱུང་ལ། གསེར་གྱི་རྒོད་རྒན་ཐང་དུ་ཀུན་གྱིས་ཡིད་དབང་འཕྲོག་པའི་འཇའ་ཚོན་སྣ་ལྔ་ཞིག་ཤར་འདུག་ཟེར།
2025-6-17

ཨ་སྐྱབས་དར་རྒྱས། 1985ལོར་གསེར་ཐལ་རྫོང་ཨ་སྐྱབས་སྡེ་བ་རུ་སྐྱེས། 2009ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། 2016ལོར་ལུའུ་ཞིན་རྩོམ་རིག་སློབ་གླིང་ནས་གསར་རྩོམ་སློབ་གཉེར་བྱས། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། བརྩམས་ཆོས་ལ་སྒྲུང་རིང《ལམ་འགྲོ་བ》པ་དང་། སྒྲུང་ཐུང་ཕྱོགས་བསྒྲིགས《མཆོད་མེ》ཡོད། སྒྲུང་ཐུང《གཡག་རོག་རོག》ལ་སྐབས་དྲུག་པའི་སི་ཁྲོན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་ཕུལ་བྱུང་བྱ་དགའ་ཐོབ། སྒྲུང་གཏམ《མཆོད་མེ》ལ་དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་དམིགས་བསལ་གཟི་བརྗིད་ཀྱི་མཚན་སྙན་བྱ་དགའ་ཐོབ། སྒྲུང་ཐུང《ནད》ལ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ་ལ། ཞིང་ལྗོངས་ལྔའི་དམའ་འབྲིང་བོད་ཡིག་བསླབ་དེབ་ཏུ་བདམས། ད་ལྟ་གསེར་ཐལ་རྫོང་སྟག་རྩེ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཡིན།