རྨོ་མོའི་མ་ཎི་ལག་སྐོར། ཐབ་ཀ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

  བྱིས་དུས་ཀྱི་བག་ཆགས་ཁྲོད་ནས་རང་ཁྱིམ་དུ་ག་དུས་སླེབས་ཀྱང་།  རྨོ་མོ་ཡི་མ་ཎི་ལག་སྐོར་གྱི་ཙིར་སྒྲ་རྣ་ལམ་དུ་མ་ཐོས་ན་སེམས་ཅུང་མི་བདེ་བ་ཞིག་ཡོང་གིན་ཡོད།  རྒྱུ་རྐྱེན་བཙལ་ན། ང་ནི་རྨོ་མོ་ཡི་མ་ཎི་ལག་སྐོར་གྱི་ཙིར་སྒྲ་དང་བསྡོངས་ནས་ནར་སོན་པས་སོ།

    ང་རང་ཆུང་དུས་སུ་ཨ་མའི་ཉལ་སའི་ནང་གཉིད་དུ་ཡུར་བཞིན་པའི་སྐབས་སུ། རྨོ་མོ་ཡིས་ཞོགས་པ་སྔ་མོ་ནས་ཁ་ཏོན་གྱི་དབྱངས་རྟ་དང་ལྷན་དུ་མ་ཎི་ལག་སྐོར་སྐོར་བཞིན་ཡོད་པས། མ་ཎི་ལག་སྐོར་གྱི་ཙིར་སྒྲ་ངའི་རྣ་ལམ་དུ་ལྷུང་སྟེ་གཉིད་ཀྱི་ཞིང་ཁམས་ནས་དཀྲོགས་པ་ལན་གཅིག་མིན། དེ་དུས་རྨོ་མོ་ཡི་མ་ཎི་ལག་སྐོར་དེ་སེམས་ཀྱི་གཏིང་རིམ་ནས་སུན་སྣང་སྐྱེས་པ་བརྗོད་ལས་འདས། གང་ལགས་ཤེ་ན ངའི་ལྷོད་ཤིག་ཤིག་གི་ཞོགས་གཉིད་ཀྱི་བདེ་བར་བར་ཆད་མང་པོ་གཏོང་མཁན་ནི་རྨོ་མོ་ཡི་མ་ཎི་ལག་སྐོར་དེ་ཡིན།།

   ལོ་དྲུག་བདུན་ལ་སླེབས་པའི་སྐབས་སུ་ངའི་སྣང་འཇོག་བྱ་ཡུལ་ནི་རྨོ་མོ་ཡི་མ་ཎི་ལག་སྐོར་དེ་གང་དུ་སྦེད་དགོས་མིན་དེ་རེད། ཐེངས་ཤིག་རྨོ་མོ་ཁྱིམ་དུ་བཞུགས་མེད་པའི་དུས་དང་བསྟུན་ནས་ཉལ་ཁྲིའི་འོག་ཏུ་མ་ཎི་ལག་སྐོར་དེ་སྦས་པ་ཡིན། རྨོ་མོ་ནང་དུ་སླེབས་ཏེ་མ་ཎི་ལག་སྐོར་འཇོག་སའི་གནས་སུ་མེད་པ་ཤེས་ཤིང་། ཡང་ནས་བསྐྱར་དུ་བཙལ་ཡང་མ་རྙེད་པས། ང་ཚོཕྲུ་གུ་ཚོའི་གདོང་ལ་ནན་གྱིས་རིག་རིག་ཏུ་ལྟ་ཞོར། “ཁྱོད་ཚོ་སུས་འཁྱེར་བ་ཡིན། ཡང་ན་སུས་ངའི་མ་ཎི་ལག་སྐོར་འཁྱེར་བ་ཤེས་ཤིང་། ང་ལ་དྲང་མོར་བཤད་ན། ངས་དེ་ལ་འོ་མ་བྱི་རིལ་སྟེར་ཆོག”ཅེས་གསུངས་སོང་པས། ངས་འོ་མ་བྱི་རིལ་ཐོབ་ཆེད་སྐད་གསང་མཐོན་པོས་ཨ་ཇོས་ཉལ་ཁྲིའི་འོག་ཏུ་སྦས་སོང་ཞེས་ཞུས་པས། རྨོ་མོ་གཙོས་ནང་མི་ཚང་མས་ཨ་ཇོ་ལ་སྡིགས་མོ་ལུང་པ་གང་བྱས་སོང་། དེ་དུས་ཁོ་བོ་ནི་བྱུང་རྒྱལ་དུ་ཁོང་དགོད་ཅིག་དབང་མེད་དུ་ཤོར་སོང་། འོན་ཀྱང་། ད་ལྟ་བསམ་བློ་རེ་གཏོང་དུས ཨ་ཇོར་མ་ཉེས་ཁ་གཡོག་བྱས་པ་དེར་སེམས་བསམ་པའི་གཏིང་ནས་གནོངས་འགྱོད་སྐྱེ་ཞིང་། བྱིས་དུས་ཀྱི་ངའི་ཧམ་སེམས་ལ་ཁོང་དགོད་ཅིག་ཀྱང་དབང་མེད་དུ་ཤོར་འགྲོ། 

  ད་དུང་ངའི་སྣང་ངོར་ང་རང་ལོ་བརྒྱད་ལ་སོན་ཏེ་སློབ་གྲྭར་འགྲོ་བའི་དུས་སུ། རྨོ་མོ་ཡི་མ་ཎི་ལག་སྐོར་དེའི་ཙིར་སྒྲ་དང་ལྷན་དུ་ང་རང་ཡར་ལ་ལངས་བཞིན་ཡོད། འོན་ཀྱང་། ང་ནི་ཐེངས་གཅིག་ལ་བོས་ན།  དེ་མ་ཐག་ཡར་ལངས་མཁན་ཞིག་གཏན་ནས་མིན་པས།  རྨོ་མོས་ཐེངས་འགར་བོས་པའི་རྗེས་སུ་ད་དུང་མ་ལངས་ན་མ་ཎི་ལག་སྐོར་གྱི་ཏོག་གིས་ངའི་མགོ་ཐོག་ཏུ་ཞུ་བཞིན་ཡོད་པས། མཇུག་མཐར་མིག་ཀོང་དུ་མཆི་ཞགས་མི་འཁོར་རང་དབང་ཅི། སྐབས་དེ་ནས་ཡང་བསྐྱར་རྨོ་མོ་ཡི་མ་ཎི་ལག་སྐོར་གྱི་ཏོག་དེ་མེད་པར་བཟོ་རྒྱུ་ཡིད་ལ་འཁོར་ཞིང་། ལག་ཆར་ཕ་དམ་པའི་གྲི་དང་གྲི་ཤུབས་རང་འགྲིག་ཏུ་ཡོད་པ་དེ་དྲན་བྱུང་། མཚན་མོ་ཞིག་ལ། ནང་མི་ཚང་མ་གཏི་མུག་གཉིད་དུ་ཡུར་བའི་གོ་སྐབས་དང་བསྟུན་ཏེ། ཕ་དམ་པའི་མལ་མཇུག་ནས་རྣོ་གྲི་དེ་ག་ལེར་བཏོན་རྗེས་མ་ཎི་ལག་སྐོར་གྱི་ཏོག་དེ་དུམ་སེར་བཅད་པ་ཡིན། ཡིན་ནའང། ཕྱི་ཉིན་ཞོགས་པར་རྨོ་མོས་ཡང་བསྐྱར་ཐག་སྣེ་དེ་མཐུད་པས། དུས་དེ་ནས་རྨོ་མོ་ལ་ཞུ་བ་འབུལ་རྒྱུ་ལས་ཐབས་གཞན་མ་རྙེད། 

  ང་རང་ན་སོ་རིམ་བཞིན་སྨིན་ནས་སློབ་འབྲིང་གི་སྒོ་མོ་འགྲིམ་དུས། ནམ་རྒྱུན་སེམས་པའི་དྲན་ཡུལ་དུ་གྱུར་བ་ནི་རྨོ་མོ་ཡི་མ་ཎི་ལག་སྐོར་དེའི་ཙིར་སྒྲ་རེད། ཡིན་ནའང་ཆུང་དུས་དང་མི་འདྲ་བར་རྨོ་མོ་ཡི་མ་ཎི་ལག་སྐོར་གྱི་ཙིར་སྒྲ་དེ་རྣ་ལམ་ནས་བོར་བའི་མོད། ངའི་ཐོས་འཛིན་གྱི་ལམ་དུ་ལྷུང་པ་ནི་ཉལ་རོགས་ཚོའི་ཉལ་ཁྲིའི་ཙིར་སྒྲ་དེའོ།  ཡིན་ནའང་། སྒྲ་དེ་ནི་རྨོ་མོ་ཡི་མ་ཎི་ལག་སྐོར་གྱི་ཙིར་སྒྲ་དང་གཏན་ནས་མི་འདྲ་བས། རྨོ་མོའི་མ་ཎི་ལག་སྐོར་གྱི་ཙིར་སྒྲ་དེར་སུན་སྣང་ལྟ་ཞོག གུང་གསེང་བཏང་ཐེངས་རེར་རྨོ་མོའི་མ་ཎི་ལག་སྐོར་གྱི་ཙིར་སྒྲ་རྣ་བས་ཉན་འདོད་ཀྱི་བསམ་འདུན་སྐྱེས་མྱོང་། དེ་བས།  སློབ་གོ་ཚུགས་པའི་བརྡ་ཐོ་འབྱོར་ཐེངས་རེར་རྨོ་མོའི་མ་ཎི་ལག་སྐོར་གྱི་ཙིར་སྒྲ་ཡུན་རིང་ལ་ཐོས་སྐལ་མི་འདུག་སྙམ་སྟེ་སེམས་འཁྲེང་མྱོང་། 

  ང་རང་འཚར་ལོངས་བྱུང་སྟེ་མནོ་བསམ་གཏོང་ཐུབ་པའི་དུས་སུ།  རྨོ་མོའི་མ་ཎི་ལག་སྐོར་དེ་ངའི་གཅེས་ནོར་དུ་གྱུར་བས། ངས་རྨོ་མོ་ལ་མ་ཎི་ལག་སྐོར་དེ་གང་ནས་བྱུང་མིན་ཐད་སྐད་ཆ་འདྲི་དགོས་ཐུག་སོང་། རྨོ་མོས་རང་གི་སྐོར་བཞིན་པའི་མ་ཎི་ལག་སྐོར་དེ་ནི་ཁྱེད་ཀྱི་སྤོ་བོས་ཁྱིམ་ཚང་གཞན་ནས་འབྲུ་དོ་པོ་གསུམ་ཙམ་སྤྲད་ནས་ཉོས་ཤིང་། མ་ཎི་ལག་སྐོར་དེ་ནི་ང་ཚོའི་ཁྱིམ་ནོར་རྩ་ཆེན་ཞིག་ཡིན་པས་བདག་གཅེས་ཡག་པོ་བྱེད་དགོས་རབས་གསུངས་པས། ཆུང་དུས་མ་ཎི་ལག་སྐོར་དེ་ཉལ་ཁྲིའི་འོག་ཏུ་སྦ་མཁན་ཡང་རང་ཉིད་ཡིན་པའི་རྫུན་རྐུབ་ཀྱང་ཉིན་དེར་རྗེན་པར་བརྟོལ་དགོས་བྱུང་། ཡིན་ནའང་།  ཁྱིམ་ཚང་སུ་ཚང་ནས་ཉོས་མིན་གྱི་སྐད་ཆ་དྲི་རྒྱུ་ལུས་པས། ཕྱིས་སུ་སླར་ཡང་དྲི་ན་འདོད་བྱུང་། གང་ལགས་ཤེ་ན། ཆུང་དུས་ནས་ང་རང་ནི་ཁྱིམ་ཚང་སོ་སོའི་གྲོང་མིང་དྲི་རྒྱུར་ཧ་ཅང་ནས་དགའ

  རྨོ་མོའི་མ་ཎི་ལག་སྐོར་དེ་ཁྱིམ་ནོར་རྩ་ཆེན་ཞིག་ཡིན་གསུངས་པ་ནས་ང་ལ་སྔར་ལས་དེར་དུངས་ཞེན་གྱི་ཚོར་བ་དྲག་པོ་ཞིག་ངང་གིས་སྐྱེས། དེ་ནི་ཕལ་ཆེར་མ་ཎི་ལག་སྐོར་གྱི་མཐའ་སྐོར་དུ་གཡུ་བྱུར་གྱིས་བརྒྱན་ཡོད་པས་སམ་ཡང་ན་ཡུ་བ་དེ་ཤིང་རྩ་ཆེན་ཞིག་ཡིན་ངེས་པ་དང་། དེའང་མིན་ན་མ་ཎི་ལག་སྐོར་གྱི་གཟུངས་སྔགས་དེ་དག་གསེར་བྲིས་ཡིན་པ། གཅིག་བྱས་ན་མ་ཎི་ལག་སྐོར་གྱི་ཏོག་དེའི་ལྕི་ཚད་ལ་དཔག་ན་ཕལ་ཆེར་དེའི་རིན་ཐང་ཡང་གཞལ་དུ་མེད་པ་ཞིག་ཡིན་སྲིད་སྙམ་པ་ཡིན། གང་ལྟར། བར་སྐབས་ཤིག་ལ་ངའི་བསམ་གཞིག་གི་དྲ་བར་ཚུད་ཡོང་བ་ནི་རྨོ་མོའི་མ་ཎི་ལག་སྐོར་དེ་ཁྱིམ་ནོར་རྩ་ཆེན་ཞིག་ཡིན་གསུངས་པ་དེ་ཡིན་པ་མ་ཟད། ངའི་སེམས་ཁྲལ་ནི་མ་ཎི་ལག་སྐོར་དེ་ནམ་ཞིག་སུ་ཞིག་གིས་རྐུ་ཨེ་འགྲོ་སྙམ་པའི་དོགས་པ་དེའོ།

  རྨོ་མོ་ཡི་མ་ཎི་ལག་སྐོར་དེར་ཞེན་ཆགས་ཆེ་བར་རྒྱུ་མཚན་དེ་དག་གི་གང་ལ་ཡིན་བསམ་ནས།  ཡང་བསྐྱར་རྨོ་མོ་ལ་བློ་འདྲི་གསལ་པོ་གཅིག་ཞུ་དུས་གད་མོ་ཤོར་བཞིན་ཁྱེད་ཀྱི་བཤད་པ་ལྟར་གྱི་རིན་ཐང་དེ་འདྲ་ཡོད་པ་ངས་ཀྱང་མི་ཤེས། ཡིན་ནའང་། སྤོ་བོའི་ཚོང་ལམ་གྱི་སྒོ་མོ་དེ་ནས་ཕྱེ། རྨོ་མོ་ངའི་ཚེ་ཕྱི་མའི་འགྲོ་ལམ་གྱི་ས་བོན་དེ་ནས་འདེབས་གོ་བརྩམས་པ་ཡིན།  དེ་བས། བུ་ཕྲུག་ཁྱེད་ཚོ་རྨོངས་པའི་གཉིད་ལས་སད་མཁན་ཡང་མ་ཎི་ལག་སྐོར་འདི་མ་ཡིན་ནམ་གསུངས། དུས་དེ་ནས་བཟུང་རྨོ་མོ་ཡི་ཁ་ཏོན་གྱི་དབྱངས་རྟ་དང་མ་ཎི་ལག་སྐོར་གྱི་ཙིར་སྒྲ་གཉིས་ལ་དད་པ་རྣམ་དག་ཅིག་གིས་ཉན་བཞིན་སྤྲོ་བར་འགྱུར་ལ། སྤོ་བོའི་ཚོང་ལས་ཀྱི་བློ་རིག་ལ་ཡིད་སྨོན་གྱི་མགོ་ལྕོག་ཡང་ཡང་ལྡེམ་མྱོང་།

  རྨོ་མོ་ལོ་ན་བགྲེས་སུ་སོང་བ་དང་བསྟུན་མིག་ཤེས་ཀྱི་མཐོང་ཚད་ཡོངས་སུ་ཉམས་ནས། ལོང་བར་གྱུར་སོང་བའི་གཏམ་ངན་དེ་ངའི་རྣ་བར་ཐོས་དུས། མཚན་མོ་དེར་གཉིད་ཀྱང་མ་ཁུག་པར་ངོ་ཤེས་པ་ཙམ་གྱི་སྨན་པ་ཡོད་ཚད་ལ་འཕྲིན་ཕྲན་ནང་ནས་དངངས་འཚབ་ཀྱི་སྐད་ཆ་མང་པོ་ཞིག་དྲིས་པ་ཡིན། སྨན་པ་ཚོས་གསུང་ན་སྔོན་ལ་བརྟག་དཔྱད་བྱས་ན་ཤེས་ཟེར།   དེ་ནས་གཅེན་པོ་གཉིས་ལ་རྨོ་མོ་སྨན་ཁང་དུ་ཁྲིད་དགོས་པའི་གྲོས་གོ་བཏོན། ཞོགས་པ་དེར་གཅེན་པོ་གཉིས་ཀྱི་རྨོ་མོ་ཁྲིད་ནས་སླེབས་བྱུང་བས། སེམས་འཚབ་དང་བཅས་རྨོ་མོ་ཐུག་པར་འགྲོ་དུས། རྨོ་མོ་ཡི་མ་ཎི་ལག་སྐོར་དེ་ད་དུང་སྐོར་བཞིན་འདུག འོན་ཀྱང་ཁོང་གི་རྣམ་ཀུན་དང་མི་འདྲ་བར་མ་ཎི་ལག་སྐོར་དེ་སྐབས་སྐབས་སུ་ཕྱི་སྐོར་བྱེད་བཞིན་འདུག་པས། ངའི་སེམས་པ་དངངས་ཤིང་འདར་ནས་མྱུར་བར་ང་ཚོ་སྨན་ཁང་དུ་ཕྱིན་པ་ཡིན། ཡིན་ནའང་སྨན་པས་གསུང་པ་ལྟར་ན ཁོང་ནི་ལོ་ན་རྒན་མོ་ཡིན་པས་གཤག་བཅོས་ཁྱོག་གི་མ་རེད་ཟེར དེ་ནས་བཟུང་རྨོ་མོ་ཡི་འཇིག་རྟེན་གྱི་ཁ་དོག་དང་། གཡོ་འགུལ་གྱི་རྣམ་པ་དེ་དག་མཐོང་སྣང་ནས་ཡོངས་སུ་བྲལ། ཡིན་ནའང་རྨོ་མོ་ནི་ཆོས་ལ་དད་པ་དག་སྣང་ཆེ་བས་མ་ཎི་ལག་སྐོར་དེ་དང་ད་དུང་བྲལ་མེད་ཡིན།

   ཨ་མ་ལགས་ཀྱིས་བཤད་ན། རྨོ་མོ་མིག་ཤེས་ཀྱི་མཐོང་ཚད་ཉམས་པ་ནས། མཚམས་མཚམས་སུ་ནམ་ཚོད་ཀྱང་མ་ཐིག་པར་མཚན་གུང་དུཡར་ལངས་བཞིན་མ་ཎི་ལག་སྐོར་སྐོར་གྱིན་འདུག་ཟེར། སྐབས་སྐབས་སུ་ཉལ་མ་རན་གོང་ནས་མ་ཎི་ལག་སྐོར་སྐོར་གྱིན་ཉལ་དུ་འགྲོ་གི་འདུག་ཟེར། དུས་དེ་ནས་རྨོ་མོ་ཡི་མ་ཎི་ལག་སྐོར་བོར་བ་གྲངས་ལས་འདས་ནས་གང་ས་གང་དུ་ལག་པས་རེག་བཞིན་འདུག་ཟེར། གང་ལྟར། ཨ་མའི་ཡ་ང་བའི་སྐད་ཆ་དེ་དག་མཐོས་དུས་ང་རང་སྐྱོ་བྱུང་།  སེམས་བསམ་པའི་གཏིང་ནས་སྐྱོ་བྱུང་། ད་ལྟའི་དུས་སུ་རྨོ་མོ་ཡི་མ་ཎི་ལག་སྐོར་བོར་བ་གྲངས་ལས་འདས་ཀྱང་ཁོ་བོས་ནི་བཙལ་འཚོལ་གྱི་ཕན་ཐོགས་གང་ཡང་ཐུབ་མ་སོང་བས། མི་ཚེ་མ་ཎི་ལག་སྐོར་དང་མཉམ་པོར་རྒས་པར་གྱུར་བའི་རྨོ་མོ་ལ་དགོངས་པ་མ་ཚོམས་ཀྱི་ཚིག་དེ་དག་ལས་གཞན་ཅིའང་ནུས་མ་སོང་ །  

   རྣམ་ཀུན་གྲོང་ཁྱེར་ནང་དུ་རྒས་ཞིང་འཁོག་པར་གྱུར་བའི་རྒན་རྒོན་འགའ་རེས་དྭངས་ཁྲུམ་ཁྲུམ་གྱི་མ་ཎི་ལག་སྐོར་སྐོར་བ་མཐོང་དུས། སེམས་གཏིང་ནས་སྨྲ་མི་ཤེས་པའི་ཚོར་བ་ཞིག་བྲང་ཁོག་སྟོད་ལ་ལྷོག་ལྷོག་ཏུ་འཕྱུར་བའི་མུར་འདས་དོན་མང་པོ་ཞིག་ཀྱང་ཁྲ་ཡོལ་ཕྱེ་་ལྟར་དྲན་པའི་སྒེའུ་ཁུང་ནང་དུ་གསལ་ལྷང་ལྷང་གིས་ཤར་བྱུང་བས། ད་ལྟའི་དུས་སུ་དྲེག་པ་འཁོར་བའི་རྨོ་མོ་ཡི་མ་ཎི་ལག་སྐོར་དེ་ཁྱིམ་གྱི་ཟུར་གང་འདྲ་ཞིག་ཏུ་ལྷུང་ཡོད་དམ། རྨོ་མོ་ཡི་ལག་གཉིས་ཀྱིས་སྦར་ཡུལ་གང་སར་བརྒྱབ་ཀྱིན་མེད་འགྲོ།  དེ་ལྟར་དུ་བསམ་གཞིག་གི་ཀློང་ནས་སེམས་རྩ་ལྷེམ་ལྷེམ་དུ་འགུལ་ཡོང་དུས། རྨོ་མོ་མྱུར་དུ་མཇལ་འདོད་ཀྱི་བསམ་པ་དྲག་པོ་ཞིག་ཡང་ཡང་དུ་སྐྱེས་འོང་གི་འདུག་ལ། རྣ་བ་ཙོག་ཙོག་གི་རྨོ་མོ་ཡི་མ་ཎི་ལག་སྐོར་གྱི་ཙིར་སྒྲ་དེར་ཉན་འདོད་ཀྱི་འདུན་པར་བྲེལ་འཚུབ་ཅིག་ལངས་ཡོང་གི་འདུག

ཐབ་ཀ་བ།  དངོས་མིང་ལ་བཟང་པོ་ཟེར། གཞིས་ཀ་རྩེ་བཞད་རིན་རྩེ་སྡེ་པའི་ཞིང་ཁྱིམ་ཞིག་ཏུ་སྐྱེས།  ལུའུ་ཞུན་རྩོམ་རིག་སློབ་གླིང་སྐབས་སོ་གཅིག་པའི་གྲངས་ཉུང་མི་རིགས་འཛིན་གྲྭར་སློབ་སྦྱོང་བྱས།  ད་ལྟ་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།  གཞིས་ཀ་རྩེའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།སྔ་ཕྱིར་ལྷུག་རྩོམ་གཙོས་བརྩམས་ཆོས་ཁག་ཅིག 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྦྲང་ཆར》《མི་རིགས་ཀྱི་རྩོམ་རིག》《ཇོ་མོ་གླང་མ》 《ཟླ་ཟེར》《གངས་དཀར་རི་བོ》 《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》 《ཤྭ་སྐྱ》 《རང་གྲོལ》《མངའ་རིས་རྩོམ་རིག》 《སྤང་ལྗོངས》《ཁམས་པའི་ཚགས་པར》《རི་བོ་ཉི་ཟླ》  《མཚོ་སྔོན་བོད་ཡིག་གསར་འགྱུར》 《གཞིས་རྩེའི་ཚགས་པར》 སོགས་དུས་དེབ་དང་ཚགས་པར་ཁག་ཏུ་རྩོམ་ཡིག་གྲངས་ལོངས་བ་ཙམ་ཞིག་སྤེལ། ད་ལྟ་གཞིས་ཀ་རྩེར་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།