འབྲོག་པའི་དབྱར་གཞུང་ནི་སྙན་ངག་པ་དང་རི་མོ་པའི་པིར་རྩེ་ལས་ཐོར་བའི་སྒྱུ་རྩལ་གྱི་ལང་ཚོ་དེ་ཡིན་ལ། གླུ་པའི་ངག་གི་གྲེ་འགྱུར་གྱི་མཐོ་རླབས་ལས་འཕྱུར་བའི་ཡིད་འོང་གི་དབྱངས་རྟ་དེ་ཡིན། གཡུ་ཞུན་གྱི་ཁུ་བས་ལན་བརྒྱར་བྱུགས་འདྲའི་ཡངས་པའི་རྩྭ་ཐང་དུ། ཚོན་མདོག་ལྔ་ལྡན་གྱི་མེ་ཏོག་ཁྲི་སྟོང་གི་མགོ་ལྕོག་ལྡེམ་ལྡེམ་གཡོ་ཞིང་། དྲི་ལྡན་གྱི་མེ་ཏོག་ལ་འཁོར་བའི་འདབ་ལྡན་གྱི་འབའ་འབུའི་གཤོག་ཆུང་ཅི་བདེར་སྐྱོད་བཞིན་དམའ་བར་འཕུར། ན་གཞུང་དང་རི་སྒང་ན་བག་ཡངས་སུ་འཁོད་པའི་ནོར་ལུག་ཁྲ་ཆིལ་ལེར་འཁྱིལ་བས། ཁོར་ཡུག་ལ་ལྷག་ཏུ་མཛེས་སྡུག་གི་རྣམ་པ་གཞན་ཞིག་བསྐྲུན། ནམ་མཁའ་སྔོ་ཞིང་དྭངས་ལ། གཡའ་དག་པའི་མཁའ་དབྱིངས་སུ་དྭངས་གཙང་དྲི་མེད་ཀྱི་སྤྲིན་དཀར་གྱི་ཕུང་པོ་འགའ་དལ་གྱིས་གཡོ་ཞིང་། ཚ་ལམ་ལམ་གྱི་ཉི་འོད་ཀྱིས་གནམ་ས་གཉིས་དམ་དུ་སྦྲེལ་བས། འབྲོག་པའི་དབྱར་གཞུང་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་མཛེས་སྡུག་གི་གཟུགས་རིས་ཤིག་ཨང་།
དབྱར་ཁའི་དུས་ཚིགས་སླེབས་ཚེ། འབྲོག་པའི་རུ་ཤོག་སོ་སོས་རུ་སྐོར་ཆེ་ཆུང་སྣ་ཚོགས་བྱས་ཏེ་སྤང་ཐང་དང་རིའི་སྒང་སོགས་རྩྭ་གང་བཟང་གི་གནས་སུ་རུ་སྤོ་གནས་སྡོད་བྱེད་ཅིང་། དེ་ནི་སྤྱིར་བཏང་དུ་ཁྱིམ་ཚང་སོ་སོའི་ཁོངས་གཏོགས་ཀྱི་རྩྭ་ས་རུ་སྤོ་བ་དང་། ཁ་ཤས་ཀྱིས་གཉེན་འབྲེལ་དང་ངོ་སོ་བྱས་ཏེ་ཡུལ་གཞན་གྱི་གནས་སུ་རུ་སྤོ་བ་ཡང་མི་ཉུང་བ་ཡོད། དེ་ནི་གཅིག་ནས་ནོར་ལུག་གི་རྩྭ་ཆུ་དང་ལྷས་ར་གསར་པ་ལ་བསམ་བློ་བཏང་བ་དང་། གཉིས་སུ་དགུན་གྱི་རྩྭ་ས་གསོག་འཇོག་དང་དབྱར་གྱི་ཤེ་གསོག་མར་ལེན་ལ་བསམ་བློ་བཏང་ཡོད། ངེད་ཚང་གི་དབྱར་ས་ནི་སྒེར་གྱི་ས་ཆ་ཞིག་ཡིན་ཞིང་དེ་རུ་ངེད་ཚང་ཐེ་ན་དུད་ཁག་བརྒྱད་དགུ་ཙམ་ཡོད། དབྱར་མཚེར་དེ་དགུན་མཚེར་དང་ཐག་དེ་འདྲ་མི་རིང་ཡང་། དོས་པོ་ཁལ་ལ་བཀལ་ནས་སོང་ཚེ་མ་མཐའ་ཡང་དུས་ཚོད་བཞི་ལྔ་འགོར་ཏེ། དབྱར་ས་དེ་རྫ་རི་མཐོན་པོ་ཞིག་བརྒྱུད་དེ་འགྲོ་དགོས་པས། གཅིག་ན་རྫ་དཔངས་མཐོ་བ་དང་གཉིས་ན་རྫ་ལམ་ཕྲ་ཞིང་གྱ་གྱུ་མང་བས་ཁལ་མ་དག་བགྲོད་བདེ་མོ་ཞིག་གཏན་ནས་མིན། དབྱར་ས་དེ་ནི་རྫ་རི་དེའི་གླིང་ཁ་ན་ཡོད་ཕྱིར་རྒོད་པོ་དག་ཀྱང་སྦྲ་ཀླད་དུ་འཁོར་ཞིང་ལྡིང་། གླིང་ཁ་དེ་དེ་འདྲའི་རྒྱ་ཁྱོན་མི་ཆེ་ཡང་རྩྭ་ཆུ་འཛོམས་པས་འབྲོག་པ་ལ་མཚོན་ན་མཚེར་ས་བཟང་གྲས་སུ་བརྩིས་ཆོག
དེ་རིང་ཞོགས་པར་ངེད་ཚང་ནི་དགུན་མཚེར་ནས་དབྱར་མཚེར་དུ་རུ་སྤོ་བཞིན་ཡོད།
ཁྱིམ་མི་ཆེ་ཆུང་ཚང་མས་བྲེལ་འཚུབ་ཀྱིས་རུ་སྤོ་གྲབས་བྱེད་ཀྱིན་ཡོད། རུ་སྤོ་བར་མེད་དུ་མི་རུང་བ་ནི་ཁལ་མ་ཡིན་ཏེ། སྤྱིར་བཏང་དུ་གཡག་གིས་རྒྱབ་ལ་དོས་ཁལ་སྤྱི་རྒྱ་བཞི་བཅུ་ཡས་མས་ཙམ་མ་གཏོགས་འཁུར་མི་ནུས་པ་དང་། གཡག་གིས་ཉིན་རེར་སྤྱི་ལེ་སུམ་ཅུ་ཙམ་མ་གཏོགས་འགྲུལ་བཞུད་བྱེད་མི་ཐུབ་ཀྱང་། འབྲོག་སའི་གནས་ཚུལ་ལ་ལྟོས་ན་གཡག་གི་རིགས་ནི་གངས་དང་ཆབ་རོམ། སྤང་རི་དང་རྫ་རི་མཐའ་དག་བརྒལ་ཐུབ་པའི་སེམས་ཅན་སྟོབས་ཅན་ཞིག་ཡིན་ཕྱིར། འབྲོག་པའི་འགྲུལ་སྐྱེལ་གྱི་བྱ་བ་མཐའ་དག་ཁལ་མ་ལ་རྟེན་བཞིན་ཡོད་པ་རེད།
ངེད་ཚང་ལ་ཁལ་མ་མང་པོ་ཡོད་ཀྱང་གཡག་རྒོད་རྣམས་ཀྱི་རྒྱབ་ལ་དོས་པོ་བཀལ་ན། དོས་ལོག་བྱེད་པ་སོགས་ལམ་བར་གྱི་དཀའ་ལས་ལ་སྐྲག་སྟེ། ཨ་ཕས་ལོ་ཅུང་ཆེ་བ་དང་གཡུང་ཁ་དྲིན་འཇམ་པའི་གཡག་རྣམས་དེ་རིང་དབྱར་ས་རུ་སྐྱེལ་འགྲུལ་བྱེད་པར་བདམས། སྒོ་ཁར་བཏགས་པའི་གཡག་ཁྱུ་རྡང་གང་ལས་རྡང་མགོའི་གཡག་རྒན་དེའི་མིང་ལ་གཡག་རྭ་གཅིག་ཟེར་ཞིང་།ཨ་ཕས་བཤད་ན་དེ་ནི་གཡག་ཁྱུ་གང་བོའི་མགོ་དང་གཡང་ཡིན་ཟེར། གཟུགས་བོངས་ཚད་དང་གཡུང་ཁ་དྲིན། སྟོབས་ཤེད་ཤུགས་སོགས་ཁལ་མ་གཞན་དག་དང་འགྲན་ཐབས་མེད་ཚུལ་བཤད། མགོའི་རྭ་གཅིག་ལས་མེད་པ་དེ་ལ་གཏམ་རྒྱུད་ཅིག་བཤད་རྒྱུ་ཡོད་དེ། ལོ་གསུམ་ཤད་པོའི་སྐབས་སུ་རྡང་ནང་གི་ན་མཉམ་ཤད་ཕོ་མོ་དག་ལ་རྟག་པར་འཐབ་པས། ཉིན་ཞིག་རྒྱུན་ལྡན་ལྟར་རྡང་ནང་གི་ན་མཉམ་དེ་ཚོར་རྭ་རྡུང་བྱས་པས། སྟབས་མ་ལེགས་པར་མགོའི་རྭ་གཅིག་ས་ལ་བརྡབས་པས། སོར་མོ་ལྔ་ཙམ་ལས་མེད་པའི་རྭ་ཡས་དེ་གདོང་དུ་གཡུགས་པ་མ་ཟད་ཁྲག་དམར་འཛར་བཞིན་འདུག དེ་ནས་ཤད་པོ་དེའི་མིང་ལ་རྭ་གཅིག་ཅེས་ཐོགས་པ་རེད་ཟེར། གནས་ཚུལ་དེ་ཨ་ཕས་ང་ལ་ཐེངས་གཅིག་མ་ཡིན་པར་དུ་མ་ལབ་མྱོང་། དེ་རིང་ཡང་དེ་ལྟར་ལབ་སྟེ་གཡག་དེའི་བཟང་རབས་ཡག་རབས་ལུང་པ་གང་བཤད་བྱུང་། ཨ་ཕས་རྒྱུན་དུ་དེ་ལྟར་བཤད་པས་ང་ཡང་གཡག་རྒན་དེར་བག་ཆགས་ཟབ་ཅིང་། མ་གཞི་ངེད་ཚང་གི་ལྷས་རའི་ནང་གི་གཡག་རྭ་ཡས་ཅན་གཅིག་པུ་དེ་ཡིན།
ཨ་ཕ་དང་མར་ནང་གི་སྡེ་བ་ནས་བོས་ཡོང་བའི་དོས་པོ་དབོར་མཁན་གསར་བུ་གཉིས་ཀྱིས་ཁལ་འགེལ་གྲབས་བྱེད་བཞིན་འདུག དོས་པོ་ཆེ་ཆུང་དང་ཁལ་གང་ལ་དོས་པོ་གང་འགེལ་དགོས་མིན་གྱི་བཀོད་སྒྲིག་བྱེད་མཁན་ནི་ཨ་ཕ་ཡིན་ཞིང་། ཨ་ཕས་འཆར་གཞི་ཆེན་པོའི་སྒོ་ནས། ཐོག་མར་ཁལ་གྲ་སྒྲིག་བྱས་པ་དང་། འགེལ་གཡག་གི་ཤུགས་ཆེ་ཆུང་དང་གཡུང་ཁ་དྲིན་ལ་ལྟོས་ནས་དོས་པོའི་དབྱེ་བ་ཕྱེ། དོས་པོ་ཆེ་ཤོས་ནི་སྦྲ་ཡར་ཁོད་དང་སྦྲ་མར་ཁོད་གཉིས་ཡིན་ལ། དེ་ནི་གཡག་རྡང་ནང་གི་རྡང་མགོར་བཏགས་པའི་རྭ་གཅིག་དང་གཡག་སར་བྲེ་འཛི་ལ་བཀལ་བ་དང་། སྦྲ་ཀ་དང་ཁྲ་ཁྲོག་ཅན་དེ་ཆེས་གཡུང་བའི་སྣ་ལོ་ནག་ཡུ་ལ་བཀལ། ལྷག་ཡོད་པའི་དོས་པོ་གཞན་དག་རིམ་བཞིན་གཡག་གཞན་དག་ལ་བཀལ། མར་ནང་ནས་བོས་པའི་གསར་བུ་གཉིས་ཀྱིས་དོས་པོ་ཆ་རེ་ཆ་རེ་གཡག་གི་རྒྱབ་ལ་བཀལ་བ་དང་། དེ་རྗེས་སྒ་ཐོག་གི་འབྲེང་ཐགས་ཀྱིས་དོས་པོ་ལེགས་པར་བསྡམས། ཕར་བལྟས་ཚོད་ཀྱིས་ལས་སླ་བོའི་སྒོ་ནས་བསྒྲུབས་པ་སོགས་གཡག་ཁལ་འགེལ་བའི་གོམས་རྩལ་ཇི་འདྲའི་ཆེ་བ་ལ་ཨང་། འདི་ལྟར་དོས་པོ་སྒྲིག་སྟངས་དང་ཁལ་འགེལ་སྟངས་སོགས་རྒྱུས་ཟབ་པའི་འབྲོག་པའི་རིག་གནས་དག་འབྲོག་པའི་སྐྱེས་ཕོ་མོ་ཚོར་རྒྱུས་མངའ་ཡོད་པ་དང་། ཨ་ཅེ་ངེད་ཅག་གིས་ཀྱང་ད་ལྟ་ནས་འདི་ལྟར་ཁ་རོགས་ལག་རོགས་ཀྱི་ཞོར་ལ་བསླབ་དགོས། ཨ་མྱེས་དང་ཨ་མ་གཉིས་ཀྱིས་ཁྱིམ་ནང་གི་ཅ་དངོས་ཙག་ཙིག་དག་བསྡུ་གསོག་བྱས་ཏེ་སྣོད་སྒྱེའི་ནང་དུ་འཇུག་ཅི་ཐུབ་བྱེད་བཞིན་འདུག ཨ་ཅེ་ངེད་གཉིས་ནི་གཡང་ལུག་དང་ནོར་ཁྱུ་འདེད་མཁན་ཡིན་པས་སྔ་ནས་རྡང་ནང་གི་ནོར་ཁྱུ་རེ་རེ་བཞིན་གློད་དེ་ལྷས་འདབས་ནས་ཁལ་མར་བསྒུག དོས་པོ་བཀལ་བའི་ཁལ་མ་རྣམས་རྡང་ནས་མངགས་ཏེ་རེ་རེ་བཞིན་ནོར་ཁྱུ་དང་འདྲེས་ཚེ། ད་གཟོད་ནོར་ཁྱུ་དེད་དེ་དབྱར་མཚེས་ཀྱི་ཕྱོགས་སུ་བསྐྱོད། ངེད་ཚང་གི་རྟ་རྒན་དམར་རྡང་ལ་སྒ་སྲབ་བསྐོན་ཏེ་ལོ་ན་མཐོ་བའི་ཨ་མྱེས་བསྐྱོན་ཞིང་། ཨ་མས་སྒོ་ཁྱི་རྒྱ་འབྲུག་ཁྲིད་དེ། ཨ་ཅེ་ངེད་གཉིས་ཡོད་སའི་ཕྱོགས་ལ་འོང་ནས་ནོར་ལུག་གི་སྣེ་རུ་འདེད་རོགས་བྱས།
ངེད་ཚང་དེ་ལྟར་མཚེར་ས་སྨུག་པོ་དེ་བསྐྱུར་ནས་རྒྱང་རིང་གི་རྫ་རིའི་ལམ་སྣེར་དེད། རྫ་རི་དེའི་ལམ་སྣེ་གཟར་ཞིང་དོག་ཀྱང་། གཡག་རྒན་རྭ་གཅིག་གིས་སྦྲ་ཡར་ཁོད་དེ་རྒྱབ་ལ་ཁུར་ནས་སྣང་དོགས་མེད་པར་གོམ་པ་ཆེར་སྤོས་ཏེ། ད་ལྟ་རྫ་རིའི་སྒང་མགོ་ལ་ཐོན། ཁལ་མ་གཞན་དག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་རེ་རེ་བཞིན་རྫ་སྒང་དུ་བུད། ངས་རྫ་སྐེད་ནས་ཁ་ཕྱིར་འཁོར་ཏེ་བལྟས་ཚེ། སྨུག་སིང་སིང་གི་མཚེར་ས་དེ་ཁེར་རྐྱང་གི་ཚུལ་དུ་ལུས་ཞིང་། མཚེར་སའི་སྒོ་ཐད་ཀྱི་ལུག་ས་བཟང་བའི་རྫ་གསེབ་ཀྱི་ལུག་ཁྱུ་རི་ལ་འཁོད་པ་མཐོང་། ལུག་ཁྱུ་མཐོང་བ་དང་ཆབས་ཅིག་ལུག་ཁྱུ་དེའི་བདག་པོ་ཚེ་རིང་མཚོ་དྲན་ཞིང་། མོས་ཀྱང་ང་དང་འདྲ་བར་ད་ལྟ་ང་ཡོད་སའི་རྫ་རི་མཐོན་པོར་བལྟས་ཏེ་ང་རང་འཚོལ་བཞིན་ཡོད་ངེས། ང་རང་དངོས་པོ་འབོར་ཆེན་ཞིག་ལྷག་ལུས་སུ་གྱུར་བ་ལྟར་རེ་ཞིག་གོམ་ཁ་ལྷོད་དེ་ལུག་ཁྱུ་ཡོད་སའི་རྫ་གསེབ་ཏུ་ཅེར། ཚེ་རིང་མཚོ་དང་ངེད་ཚོའི་དབྱར་ས་གཅིག་ཏུ་མེད་པས་དབྱར་གཞུང་རིང་མོ་རུ་ངེད་གཉིས་མཉམ་དུ་ལུག་འཚོ་བའི་སྐལ་བ་ཕྲ། དུས་ཚོད་ཅི་ཙམ་འགོར་མིན་མི་ཤེས་ཀྱང་ཨ་ཅེས་ངའི་མིང་ནས་བོས་ཏེ་རྫ་ལ་འགོ་བར་བསྐུལ་བས། ངས་ད་གཟོད་རྒྱང་རིང་གི་རྫ་གསེབ་ལ་ཅེར་མཚམས་བཞག་སྟེ་མུ་མཐུད་དུ་ནོར་ལུག་དེད་དེ་རྫ་མགོར་འགོས། རྫ་མགོར་སླེབས་དུས་ཁོད་ཡངས་པའི་གླིང་ག་དེར་ཐོན་ཞིང་། ཐང་སྐྱ་མོ་ལག་མཐིལ་ཙམ་ཡང་མེད་པའི་དགུན་མཚེར་དུ་སྡོད་ཡུན་རིང་སོང་བས། འདི་ལྟ་བུའི་གླིང་ཁ་དེ་མཐོང་ཚེ་སེམས་ཁམས་ཡངས་ཤིང་བློ་ཁོག་ངང་གིས་ཕྱེ་བའི་སྣང་བ་ཤར།
ཨ་ཕ་དང་དོས་པོ་དབོར་མཁན་གྱི་གསར་བུ་གཉིས་ཀྱིས་སྔར་ནས་བཟོས་པའི་ཐབ་ཀ་ཡོད་ས་དེར་ཁལ་མའི་དོས་པོ་འབེབ་བཞིན་འདུག ཁལ་མ་དག་དོས་པོ་ཕོག་སྟེ་སྒ་ཆས་བླངས་པར་དགའ་ཚོར་གྱི་རྔ་མ་གཡུག་ཙམ་གཡུག་ཙམ་བྱེད་པ་དང་། དུས་ཚོད་བཞི་ལྔ་ཙམ་ལ་ལྟོ་ཟས་མ་རེག་པས། ད་ནི་ཅུང་ལྟོགས་པའི་ཚུགས་ཀ་སྟོན་བཞིན་རྩྭ་ཕངས་མེད་དུ་ཟོས། ཨ་ཅེ་ངེད་གཉིས་ཀྱིས་ལུག་ཁྱུ་དང་ནོར་ཁྱུ་གླིང་གའི་མཐིལ་དུ་བཀྲམས་ཏེ་ཨ་མས་ནོར་རྡང་འཐེན་པའི་ཕྱོགས་སུ་སོང་། དབྱར་ཁར་ཡར་མ་དང་གྲི་མ། ཡ་རུ། བེའུ་མ་གཏོགས་རྡང་ལ་འདོགས་མི་དགོས་པས།
ངེད་མ་བུ་གསུམ་གྱིས་དུས་ཡུན་ཐུང་ཐུང་ནང་ནོར་རྡང་ཉུང་ཉུང་དེ་ཕར་འཐེན་ཚུར་འཐེན་བྱས་ནས་ཚར་སོང་།
སྐྱེས་ཕོ་ཚོས་གཡག་རྒན་རྭ་གཅིག་དང་གཡག་སར་བྲེ་འཛི་ལ་བཀལ་བའི་སྦྲ་ནག་དེ་དབུབ་གྲབས་བྱེད་བཞིན་གདའ། སྦྲ་ཕུབ་སྐབས་བརྒྱུད་རིམ་མང་ཞིང་སྦྲ་ཚུགས་འཇོན་མིན་སོགས་གནས་ཚུལ་མང་པོ་ལ་སྔ་ཆགས་ཕྱི་འདང་བྱ་དགོས་པས། ཨ་མྱེས་ཀྱི་བཀོད་སྒྲིག་ནི་ཉེ་བར་མཁོ་བ་ཞིག་ཡིན། སྦྲ་ཕྱེད་གཡས་གཡོན་གཉིས་ཐང་དུ་བཏིང་རྗེས། ཐོག་མར་གོང་ཁེབས་ཕན་ཚུན་ཆ་རུ་སྒྲོག་ཅིང་། སྦྲ་ཚུགས་ཆེ་ཆུང་ནི་ཚུགས་ཐིག་གི་ནང་ཐིག་གོང་འོག་གཉིས་ཀྱི་འཐེན་ཤུགས་ཆེ་ཆུང་ལ་རག་ལས་པས། ཨ་མྱེས་ཀྱིས་དུས་ཚོད་ཡུན་རིང་ཞིག་ལ་གཡས་བལྟ་གཡོན་བལྟ་བྱས་ཏེ། ནང་ཐིག་གོང་འོག་གཉིས་ཀྱི་གྲིམ་ལྷོད་སྙོམས་པར་བྱས་རྗེས། དོན་ཆེན་པོ་ཞིག་འཇོན་པའི་རྣམ་འགྱུར་བསྟན་ནས“ད་འགྲིག་སོང་། ཟུར་ཆོན་འཐེན་གྲབས་བྱོས”ཞེས་སྐད་ཆེན་པོས་བོས་པར་ངེད་བཟའ་ཚང་གང་བོས་ཤུགས་ཁ་མཉམ་དུ་རུབ་སྟེ། ཟུར་ཆེན་རེ་རེའི་ཆོན་ཐག་ཤུགས་ཀྱིས་འཐེན་ཞིང་། གསར་བུ་དེས་རྡོ་འཇོང་པོ་ཞིག་གིས་ཟུར་ཆེན་གྱི་ཕུར་བར་ནུས་ཤུགས་ཡོད་རྒུས་བརྡབས།
ཟུར་ཆེན་བཞི་ཡི་ཆོན་ཐག་འཐེན་ཚར་རྗེས། ཟུར་ཆུང་བཞི་ཡི་ཆོན་ཐག་འཐེན་པ་དང་། དེ་རྗེས་ཟུར་ཆེན་བཞི་དང་ཟུར་ཆུང་བཞིའི་ཆོན་ཐག་ལ་ཀ་བ་རེས་བཏེགས་ཚེ་སྦྲ་ཡི་ཚུགས་ཀ་ཅུང་ཐོན་ལ། དེ་ཚེ་ང་ཚོ་ཚང་མ་སྦྲ་ནང་དུ་འཛུལ་ནས་དཔུང་ཤུགས་སྒྲིམ་སྟེ་ཁྱིམ་ཀ་སྟོད་སྨད་གཉིས་ལ་བརྟེན་ཏེ་གཞུང་ཀ་ཡར་ལ་བཏེགས། མཚམས་འདིར་ཐོན་དུས་སྦྲ་ཡི་རྣམ་པ་གཞི་ནས་གྲུབ་པས། ཨ་ཅེ་དང་ཨ་མ་ངེད་གསུམ་གྱིས་ཕྱི་རུ་ཕོག་པའི་ཅ་དངོས་དག་རེ་རེ་བཞིན་སྦྲ་ནང་དུ་བསྐྱལ། སྐྱེས་པ་ཚོས་ལ་ལས་གློ་ཆོན་འཐེན་པ་དང་། ལ་ལས་སྦྲ་སྒོ་འདོགས་པ། ཨ་མྱེས་ཀྱིས་སྦྲའི་མགོར་ཇོ་དར་འདོགས་པ་སོགས་ལས་ལ་བྲེལ།
སྦྲའི་ཆེ་ཆུང་ནི་ནོར་རྩིད་ཀྱིས་འཁེལ་འཐག་བྱས་པའི་རྩིད་རེ་ནག་པོ་མང་ཉུང་གིས་འབྱེད་ཅིང་། ངེད་ཚང་གི་སྦྲ་དེར་རྩིད་རེ་ནག་པོ་ཉི་ཤུ་ཟིན་མ་ཟིན་ཡིན་པས་དེ་འདྲའི་ཆེ་རྒྱུ་མེད་ཀྱང་། སྤྱིར་བཏང་ཁྱིམ་སྟོད་ཁྱིམ་སྨད་ཞེས་ཕྱོགས་གཉིས་དགར་ཆོག་ལ། ཁྱིམ་ཕུག་གི་ཚུགས་གཉིས་པའི་ནང་ཐགས་སུ་སྒྲོལ་མའི་ཐང་ག་ཆུང་ཆུང་ཞིག་བཏགས་ཡོད། ཐང་ག་དེ་ཨ་མྱེས་ཀྱི་དུས་ནས་ཡོད་པའི་རྒྱུ་རྙིང་ཞིག་ཡིན་ལ། ངེད་ཚང་དབྱར་དགུན་གྱི་མཚེར་ས་གང་དུ་སྤོས་ཀྱང་ཨ་མྱེས་ཀྱིས་ཐང་ག་དེ་གཏན་ནས་བསྐྱུར་མ་མྱོང་། དེ་བས་ད་ལྟ་དུད་ཚང་དེའི་མགོན་སྐྱབས་དང་ཕྱག་གུས་བྱ་ཡུལ་གྱི་དད་རྟེན་གཅིག་པུ་དེ་ཡིན། ཁྱིམ་ཕུག་གི་གཡས་སུ་སྒྱེ་སྒྲོ་རྣམས་གྲ་སྟར་འགྲིག་པོར་བརྩེགས་པ་དང་། གཡོན་དུ་ཕོར་དང་ཇ་དེམ་རྣམས་གང་བདེ་སར་བཞག་ཡོད། ཁྱིམ་སྨད་ཀྱི་གཡས་སུ་ཐབ་ཀ་ཐབ་མིག་གསུམ་ཅན་ཞིག་བཟོས་ཡོད་ལ་དེའི་ཐོག་ཏུ་ཇ་བསྐོལ་བས། ཐབ་ཀའི་དུ་བ་སྦྲ་ནག་གི་གོང་ཁེབས་སྐར་ཁུང་ནས་དལ་གྱིས་འཕྱོ། གོ་ཐལ་གཡས་གཡོན་ན་ལྤགས་སྟན་དང་ཕྱིང་གདན་བཏིང་། ཁྱིམ་སྨད་ཀྱི་གཡོན་ན་རེའུ་ལུག་བཏགས་ཡོད་པས། སྦྲ་ཁྱིམ་ནང་དུ་དངོས་པོ་དང་སེམས་ཅན་གྱིས་ཡོངས་སུ་གང་ཡོད།
དགོང་མོར་སྐར་ཚོགས་ཁྲི་སྟོང་གླིང་ག་དེའི་ཕང་ན་ལྷམ་མེར་བྱེད་ཅིང་། རྒྱང་རིང་ན་རི་ཚོགས་དག་སྒོ་སྲུང་དམག་མི་ཞིག་དང་འདྲ་བར་ནག་ཡོ་རེར་གཡོ་མེད་དུ་འགྱིང་།
སྦྲ་འདབས་སུ་བཏགས་པའི་ཁྱི་རྒན་རྒྱ་བོའི་ངུ་ཟུག་རེ་གཉིས་དེ་ཐག་མི་རིང་བའི་བྲག་ཅ་དང་བསྡེབས་པས། ལྷིང་འཇགས་ཀྱི་མཚན་མོར་ལོངས་སྤྱོད་གསར་པ་ཞིག་སྦྱིན།
ངེད་ཚང་བཟའ་མི་གང་པོ་ཐབ་ཀའི་གོ་ཐལ་འགྲམ་དུ་འདུས་ཏེ་དགུང་ཟས་ཀྱི་སྟ་གོན་བྱས། ཁྱིམ་སྟོད་སྒྲོལ་དཀར་ཞལ་ཐང་མདུན་གྱི་དཀར་མེ་དེས་ཁྱིམ་སྨད་ཐབ་འགྲམ་གྱི་བཟའ་མི་ཡོངས་ཀྱི་ཕོར་ཁ་དེ་ཙམ་མི་གསལ་ཡང་། འདི་ལྟར་གསལ་ལ་མི་གསལ་བའི་ཁོར་ཡུག་ནང་དུ་དགུང་ཟས་རོལ་བ་ནི་གོམས་སྲོལ་དུ་གྱུར་བས་སུ་ལའང་སུན་སྣང་འདྲ་སྐྱེས་ཡི་མེད་པ་འདྲ། མ་གཞི་འབྲོག་པར་ནངས་དགོང་གང་ཞིག་ལའང་ཟས་སྣ་འཛོམས་པོ་བཟའ་རྒྱུ་མེད་ཅིང་། ལྷག་ཏུ་དེ་རིང་གསར་དུ་སྤོས་པའི་འབྲོག་ཚང་ཞིག་གི་ངོས་ནས། དགོང་ཟས་ནི་རྩམ་པ་དང་དགུན་མཚེར་ནས་ཁྱེར་ཡོང་བའི་འོ་ཞོ་དེ་ཡིན། ཨ་མས་ཞོ་ཕོར་གང་བླུགས་ཏེ་ཐབ་འགྲམ་དུ་དཀྱིལ་ཀྲུང་བསྡད་པའི་ཨ་མྱེས་ལ་སྟེར། ཨ་མྱེས་ཀྱིས“སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། ། བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་བྱང་ཆུབ་འགྲུབ་པར་ཤོག །”ཅེས་ཟས་མཆོད་པ་ཚིག་བཞི་མ་ཞིག་བསྐྱོར་ཏེ་ད་གཟོད་ཕོར་ནང་གི་ཞོ་དེ་ཧུབ་འགའ་འཐུང་། སྐབས་དེར་ཨ་མྱེས་ཀྱིས་ཅི་ཞིག་དྲན་པ་བཞིན། ངེད་ཅག་ལ་དབྱར་མཚེར་འདི་དང་འབྲེལ་བའི་གཏམ་རྒྱུད་ཅིག་བཤད་བྱུང་། ཨ་ཅེ་ངེད་གཉིས་ཨ་མྱེས་ཀྱི་ལོགས་སུ་བསྡད་དེ་ཨ་ཕས་བརྫིས་པའི་རྩམ་པ་ཟ་ཞོར་གནའ་གཏམ་དེར་རྣ་བ་བླགས་ཏེ་མཉན།
“དབྱར་མཚེར་འདི་གནའ་དང་པོར་རི་དྭགས་ཀྱི་གནས་ས་ཡིན། གླིང་ག་འདི་འབྲོང་རྐྱང་གཙོད་ཀྱིས་བདག་བྱས་ནས་ལོ་ངོ་སྟོང་ཕྲག་མང་པོ་འགོར། ཉིན་ཞིག་ངེད་ཅག་གི་མེས་པོས་ལག་གི་ཞགས་པ་འཕངས་ནས་རི་དྭགས་ཀྱི་སྐེ་རུ་བསྐོན་ནས། འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ། ཤྭ་བ་ཕོ་མོ་ནི་བ་གླང་དུ་བཏུལ། རྒོ་བ་ཕོ་མོ་ལུག་ཏུ་བཏུལ། གནའ་བ་ཕོ་མོ་ནི་རར་བཏུལ། རྐྱང་ཕོ་མོ་ནི་རྟར་བཏུལ། སྤྱང་ཀི་ཕོ་མོ་ནི་ཁྱིར་བཏུལ་ཏེ། ཕྱུགས་ཀྱི་རྫི་སྐྱོང་བ་དེ་དུས་ནས་བྱུང་། དེ་ནས་བཟུང་དེ་རིང་གི་བར་དུ་ང་ཚོ་ནི་སྒོ་ཕྱུགས་འདི་ཚོ་དང་བྲལ་མ་མྱོང་ཞིང་། དོན་ངོ་མ་བཤད་ན་ངེད་ཅག་གི་འཚོ་བ་བརྟེན་ས་ཡང་གཡང་གི་སྒོ་ཕྱུགས་འདི་ལས་མ་འདས།”
ཨ་ཅེ་ངེད་གཉིས་ཀྱིས་ཨ་མྱེས་ཀྱིས་བཤད་པའི་གནའ་གཏམ་དེར་མཉན་རྗེས། གཞི་ནས་ངེད་ཚང་གི་སྒོ་ཁར་འདོགས་པའི་རྟ་ནོར་ལུག་གསུམ་ནི་གནའ་དང་ད་ལྟའི་སྲོག་ཆགས་ཚོ་དང་འདྲ་བར་རི་སྐྱེས་ཡིན་པ་ཤེས་ཞིང་། རི་སྐྱེས་འདི་ཚོ་ཇི་ལྟར་གཡུང་དུ་ཕབ་ཚུལ་དང་། གཡུང་ཕབ་མཁན་གྱི་མེས་པོ་ཚོ་ཟེར་བ་དེ་སུ་དང་གང་ཡིན་པའི་སྐོར་ལ་ཤེས་འདོད་སྐྱེས་ཏེ། ཨ་མྱེས་ཀྱི་པུས་འགྲམ་དུ་བཅར་ནས་མུ་མཐུད་གནའ་གཏམ་ལ་ཉན། འོན་ཀྱང་། ཕར་ཀའི་ཐབ་འགྲམ་ན་ཙོག་པུར་བསྡད་པའི་ཨ་མས“ད་ནམ་ཚ་མི་སྔ་བས་ཉལ་ན་རན། གནའ་གཏམ་ནངས་ཀ་མུ་མཐུད་འཆད་ཆོག”ཅེས་ཉལ་དགོས་པའི་བརྡ་བསྟན་པས། ཨ་མྱེས་ཀྱིས་ཀྱང་དེ་ལྟར་ཨ་མའི་གཏམ་ལ་ཡར་ལན་མ་ནུས་པར་གནའ་གཏམ་བཤད་མཚམས་བཞག་སྟེ། “རེད་རེད། ད་ཉལ་ལ་རན། གནའ་གཏམ་ནངས་ཀ་ཡང་འཆད་ཆོག”ཟེར།
ཨ་ཅེ་ངེད་གཉིས་ཨ་མྱེས་ཀྱིས་བཤད་པའི་གནའ་གཏམ་ཉན་རྒྱུར་ཤིན་ཏུ་དགའ་བས། རྒྱུན་པར་དུས་ཚོད་ཀྱི་བར་སྟོང་ནས་ཨ་མྱེས་ཀྱིས་འགྲམ་དུ་ཙོག་སྟེ་གནའ་གཏམ་བཤད་པའི་རེ་བ་ཞུས་ཚེ། ཨ་མྱེས་ཀྱིས་ཀྱང་དགེ་རྒན་ཆེན་མོ་ཞིག་གིས་སློབ་ཁྲིད་བྱེད་པ་ནང་བཞིན་གྱི་སྐད་གསང་མཐོན་པོས་ཨ་ཅེ་ངེད་གཉིས་ལ་གནའ་གཏམ་བཤད། ཨ་མྱེས་ཀྱི་གནའ་གཏམ་གྲངས་འབོར་མང་ཞིང་རྣམ་པ་ཕུན་སུམ་ཚོགས་པས་རྫོགས་མཐའ་མེད་པའི་བང་མཛོད་ཅིག་དང་མཚུངས། ང་ནི་བྱེའུ་སྒྲུང་ལ་ཉན་རྒྱུར་དགའ་ཞིང་། ཨ་ཅེ་ནི་དྲེད་མོང་རི་མོ་ལ་ཉན་རྒྱུར་དགའ། ཨ་མྱེས་ཀྱིས་རོ་ལངས་ཀྱི་སྒྲུང་དང་འདྲེ་སྒྲུང་སོགས་བཤད་ཚེ། ཨ་ཅེ་ངེད་གཉིས་ཀ་སྐྱི་གཡའ་བར་གྱུར་ནས་མུ་མཐུད་ཉན་མི་ཕོད་ཀྱང་། ཨ་མྱེས་ཀྱིས་གནའ་གཏམ་གྱི་ནང་དུ་སྤྱི་ཚོགས་ཤིག་ཆགས་ཡོད་པས། མཉན་རྒྱུ་ཙམ་མ་ཡིན་པར་དེའི་ནང་དུ་ཤེས་བྱ་མང་པོ་ལེན་རྒྱུ་ཡོད་ཅེས་ནན་ཏན་གྱིས་བཤད་པ་དང་། གལ་སྲིད་རོ་ལངས་ཀྱི་སྒྲུང་དང་འདྲེ་སྒྲུང་ཉན་མ་ཕོད་ན། ད་ནི་ངས་གེ་སར་གྱི་སྒྲུང་ཞིག་བཤད། དེ་ནི་དཀར་ཕྱོགས་ཀྱི་ལྷ་ཡིན་པས་ཁྱེད་གཉིས་སྐྲག་མི་དགོས་ཟེར་ཏེ། 《འཁྲུངས་གླིང》དང《རྟ་རྒྱུག་རྒྱལ་འཇོག》《སྟག་གཟིག་ནོར་རྫོང》སོགས་མང་པོ་བཤད་ཡོང་།
གནའ་གཏམ་ནི་འབྲོག་ཕྲུག་ཅིག་ལ་མཚོན་ན་བྱིས་པའི་ལོ་ཟླའི་ཁ་དོག་ཅིག་ཡིན་ལ། ང་ཚོ་སུ་ཞིག་ཡིན་ཡང་ཨ་མྱེས་ཀྱི་གནའ་གཏམ་ཁྲོད་ནར་སོན་པ་ཞིག་ཡིན། དོ་ནུབ་ཨ་མའི་བཀའ་བཙན་པོས་ཨ་མྱེས་ཀྱི་གནའ་གཏམ་ལ་ཉན་མ་ཐུབ་པ་ནི། ཨ་ཅེ་ངེད་གཉིས་ལ་མཚོན་ན་གྱོང་གུད་ཆེན་པོ་ཞིག་ཡིན། ལྷག་ཏུ་རི་དྭགས་རྒོད་པོ་དེ་ཚོ་ཇི་ལྟར་གཡུང་དུ་ཕབ་ཚུལ་ནི། ཨ་ཕས་རྟ་རྒོད་ཁ་ལོ་བཏུལ་བ་ལྟར་ཡིན་ནམ། ཡང་ན་ཅི་འདྲ་ཞིག་ཡིན་ནམ། དེ་ནི་ཇི་འདྲའི་རྟོགས་དཀའ་བའི་གསང་བ་ཞིག་རེད་ཨང་། །