སྒྲུང་རིང《མར་ངོའི་ཟླ་བ》བཀླགས་པའི་མྱོང་ཚོར་ཐན་ཐུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཆོས་དབྱིངས་རྒྱ་མཚོ། དཀར་མཛེས།

ནང་དོན་གནད་བསྡུས།

ཁྲི་སེམས་དཔའམ་སྒོ་མེ་ཚེ་རིང་བཀྲ་ཤིས་ལགས་ཀྱི་སྒྲུང་རིང་ཐོག་མམར་ངོའི་ཟླ་བཞེས་པ་ནི་ལེའུ་དོན་གསུམ་གྱིས་གྲུབ་པ་ཞིག་སྟེ། སྒྲུང་རིང་འདིར་ཟླ་བའམ་ང་ཞེས་པའི་མི་སྣ་གཙོ་བོ་ཞིག་བཀོད་སྒྲིག་བྱས་ཏེ་ཁོ་རང་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས་ཟི་ལིང་དུ་ལོག་སྟེ་ལས་ཀ་བཙལ་བ་དང་ལས་ཀར་ཞུགས་པ། ལས་ཀ་ནས་བྲལ་བ་བཅས་གཏམ་རྒྱུད་ཀྱི་ཕྲེང་ཐག་ཏུ་བཟུང་ནས། དེའི་མགོ་མཇུག་བར་གསུམ་དུ་ཟླ་བའི་རྩོམ་རིག་གི་རྨི་ལམ་དང་བརྩེ་དུང་གི་གཏམ་རྒྱུད། གྲོགས་པོའི་བརྩེ་བ། མགོ་ཁྲིད་དང་འགལ་བ་བྱུང་བ། གཉེན་དང་གྲོགས་པོ་སོགས་འཇིག་རྟེན་དཀར་ངོགས་ནས་བྲལ་བ་སོགས་བྱུང་རིམ་ཕྲ་རགས་མང་པོ་ཐང་མར་བརྡལ་ནས། ཁེར་རྐྱང་ཞེས་པའི་བརྡ་དོན་ལ་གསེད་འགྲོལ་གནང་འདུག

བཀླགས་བྱང་ཉུང་བསྡུས།

ཁོ་བོས་ད་བར་དུ་སྐྱབས་ཆེན་བདེ་གྲོལ་གྱི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་སྤྱད་ནས་བྲིས་པའིགངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོདཕུད།མར་ངོའི་ཟླ་བལྟ་བུའི་བོད་ཡིག་གི་སྒྲུང་རིང་ཆོབ་ཚ་པོ་ཞིག་བཀླགས་མ་མྱོང་བ་འདྲ། གཞན་པ་རྣམས་རྩ་བ་ནས་འཁྱོངས་མི་འདུག་ཟེར་བ་ག་ལ་ཡིན་ཏེ། བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུདཀྱིས་མཚོན་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་མེད་དུ་མི་རུང་བའི་བརྩམས་ཆོས་གལ་ཆེན་མང་པོ་ཞིག་འཁྲུངས་མྱོང་བ་རེད་ཨང་། འོན་ཀྱང་། སྒྲུང་རིང་འདིས་བོད་ཀྱི་སྒྲུང་རིང་ཕལ་མོ་ཆེའི་འབྲི་ཐབས་སམ་སྒྲོམ་གཞི་ལས་བརྒལ་ཏེ་བག་ལྷོད་དང་རང་དབང་ལྡན་པའི་རྩོམ་ཐབས་གསར་པ་ཞིག་ལྷུར་བླངས་འདུག་པས། འདི་ནི་ཐོད་བརྒལ་རང་བཞིན་ལྡན་པའི་བརྩམས་ཆོས་ཤིག་རེད་ཅེས་བརྗོད་སྙིང་བྲོད།

སྒྲུང་རིང་འདི་བོད་ཀྱི་སྒྲུང་རིང་ཐམས་ཅད་ལས་ཆེས་རྩེ་གྲ་ཞིག་རེད་ཅེས་བཤད་པར་མི་སྤོབས་ཀྱང་། སྒྲུང་རིང་འདིསམེར་གྷེལ་སྲང་ལམལྟ་བུའི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་བྱ་དངོས་ཙག་ཙིག་རྣམས་ཞིབ་འབྲི་བྱས་པ་བརྒྱུད་ནས། ད་ལྟ་བའི་འཚོ་བར་ཞུགས་པའི་ན་གཞོན་ཞིག་གི་རྨི་ལམ་དང་ཕུགས་བསམ། ཡང་ན་རྨི་ལམ་དང་ཕུགས་བསམ་བྲལ་བའི་ན་གཞོན་ཞིག་གི་འཚོ་བའི་གནས་སྟངས་དངོས་ཤིག་མངོན་པར་མཚོན་འདུག་པས། དེ་ནི་ཏག་ཏག་དུས་སྐབས་ཤིག་གི་མིའི་འཚོ་བ་དང་འཚོ་བར་བཅངས་པའི་རྣམ་འགྱུར་ཞིག་སྟེ། དུས་སྐབས་ཤིག་དང་སྤྱི་ཚོགས་ཤིག་གི་རང་གཟུགས་ལ་ལྟ་བའི་མེ་ལོང་དྭངས་མ་ཞིག་ཏུ་མཐོང་བར་མ་ཟད། སྒྲུང་རིང་འདིས་ཏན་ཏན་འཛམ་གླིང་གི་བརྩམས་སྒྲུང་གྲགས་ཅན་ཚོའི་བཤུལ་ལམ་སྙེག་གིན་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་ཡོང་། 

སྒྲུང་རིང་འདིའི་ནང་གི་མི་སྣ་གཙོ་བོ་སྟེ་ཟླ་བའི་དགའ་ཕྱོགས་སྙན་ངག་འབྲི་བ་དང་ལས་ཀ་གསར་འགོད་པ་ཡིན་པའི་ངོས་ནས་རྩོམ་པ་པོ་རང་ཉིད་ཀྱི་འཚོ་བའམ་གཏམ་རྒྱུད་བྲིས་པ་ལྟར་དུ་སྣང་ཡང་། དེ་ཁོ་ནའང་ཡིན་མི་སྲིད་དེ། ང་ཚོས་ཞིབ་ཀྱིས་བཀླགས་ཏེ་ལེགས་པར་བརྟགས་ན་མི་སྣ་ཟླ་བ་ནི་རྩོམ་པ་པོ་ཁོང་རང་ཉིད་ཙམ་མ་ཡིན་པར་སྐབས་དེའི་སྤྱི་ཚོགས་ཀྱི་ན་གཞོན་མང་པོ་ཞིག་གི་བསྡུས་གཟུགས་ཡིན་པ་ཤེས་ཐུབ། ཟླ་བ་དང་ཟླ་བའི་གྲོགས་པོ། ལས་གྲོགས། མགོ་ཁྲིད། ཁང་བདག་མ། དགའ་གྲོགས། ཉལ་ཉལ་བྱེད་གྲོགས་སོགས་ཀྱིས་ཏག་ཏག་སྐབས་དེའི་སྤྱི་ཚོགས་དམར་རྗེན་དུ་བསྟན་འདུག་པ་མིན་ནམ། དེ་བས། བརྩམས་ཆོས་འདིས་ནི་ཏན་ཏན་དུས་སྐབས་ཤིག་གི་སྤྱི་ཚོགས་དངོས་དེ་མཚོན་ཐུབ་ཡོད་པར་འདོད། 

ངས་བོད་ཀྱི་སྒྲུང་རིང་མང་པོ་ཞིག་བཀླགས་མྱོང་ཞེས་བཤད་ན་སྐྱག་ལབ་ཏུ་འགྲོ་ཉེན་ཆེ་ཡང་། ད་བར་དུ་བཀླགས་པ་རྣམས་ལས་ཕལ་མོ་ཆེའི་ནང་དོན་ནི་རིག་གསར་དང་ས་རྩོད་ཆུ་རྩོད་རྒྱབ་ལྗོངས་བྱས་ནས་བརྩམས་པ་མང་ཤས་སུ་གྱུར་འདུག་པ་དང་། དེའང་གཏམ་རྒྱུད་བཤད་སྟངས་ཤུགས་ཆེ་བའི་སྒོ་ནས་བྲིས་འདུག་པར་མཐོང་། ཡིན་ནའང་། མར་ངོའི་ཟླ་བཡིས་བརྗོད་བྱའི་ཆ་ནས་གནའ་གཏམ་གླེང་བ་མ་ཡིན་པར་མིག་སྔའི་འཚོ་བ་བྲིས་པ་སྟེ། མ་མཐའ་ཡང་རྩོམ་པ་པོ་ཁོང་རང་ཉིད་ཀྱི་ལོ་རབས་དེའི་སྤྱི་ཚོགས་འཚོ་བ་དང་མི་སྒེར་གྱི་འཚོ་བ་སོགས་གཤའ་མར་བྲིས་འདུག ཁྱད་པར་དུ་སྔོན་ཆད་བོད་ཀྱི་སྒྲུང་རིང་དག་གི་བརྗོད་བྱའི་ཁྲོད་དུ་ཕལ་ཆེར་བྱུང་མ་མྱོང་བ་ཞིག་སྟེ། རྩོམ་པ་པོ་ཞིག་གི་འཚོ་བ་བརྗོད་འདུག་པ་དེས། ང་ལ་ནི་དེ་ལས་ཀྱང་སྙིང་ཉེ་བའི་ཚོར་བ་ཞིག་བསྩལ་བྱུང་ལ། དེའང་སྐབས་ཐོག་དེའི་བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོའི་འཚོ་བར་ལྟ་བའི་བརྙན་མིག་ཡག་ཤོས་ཤིག་ཏུའང་མཐོང་།

སྒྲུང་རིང་འདིས་བོད་ཀྱི་སྤྱི་ཚོགས་ཡོམ་ཡོམ་དུ་བསྒུལ་མ་ཐུབ་པ་དེ་ཏག་ཏག་བརྗོད་བྱ་རྒྱ་མི་ཆེ་བ་དེས་ལན་པར་འདོད། འདིར་བརྗོད་བྱ་རྒྱ་མི་ཆེ་ཟེར་བ་ནི་གཙོ་རྒྱུགས་ཀྱི་བརྗོད་བྱ(རིག་གསར་དང་ས་རྩོད་ཆུ་རྩོད་སོགས)དེ་དག་མ་བྲིས་པར་ཟེར་བ་ཡིན། སྒྲུང་རིང་འདིས་འཚོ་བའི་ཁྲོད་ཀྱི་དོན་དག་ཙག་ཙིག་ཁོ་ན་དམིགས་སུ་བཟུང་ནས་དེ་དག་བྱུང་རིམ་དུ་བསྟར་ལ་བསྒྲིགས་ནས་བྲིས་པ་ཡིན་པས། ཀློག་པ་པོ་མང་པོ་ཞིག་གིས་རྒྱུ་མཚན་དེ་ལ་བསྟེན་ནས་སྣང་ཆུང་དུ་བཞག་པ་ཡིན་ལས་ཆེ། འོན་ཀྱང་། ཁོ་བོས་ནི་ཏན་ཏན་འབྲི་ཐབས་འདི་རྩོམ་པ་པོ་རྣམ་དཔྱོད་ཅན་ཞིག་གམ་ཕྱི་ནང་གི་བརྩམས་ཆོས་གྲགས་ཅན་ཀློག་པར་འཇུག་པ་ཡངས་པ་ཞིག་གི་འབྲི་ཐབས་དང་། དེང་རབས་རྩོམ་རིག་ལ་གོམ་པ་ཕྱོགས་པའི་འབྲི་ཐབས་རྣལ་མ་ཞིག་སྟེ། བོད་ཀྱི་དེང་རབས་རྩོམ་རིག་ཁྲོད་ཀྱི་བརྩམས་ཆོས་གལ་ཆེན་ཞིག་ཡིན་པར་འདོད། དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ནཱ་ཡེ་ཕོལ་གྱིམེར་གྷེལ་སྲང་ལམཚང་མས་བཀླགས་ཡོད་ལས་ཆེ། བརྩམས་སྒྲུང་དེར་ཡང་མེར་གྷེལ་སྲང་ལམ་ཞེས་པའི་སྲང་ལམ་ཞིག་གཏམ་རྒྱུད་ཀྱི་ཁུངས་སྣེར་བཞག་སྟེ་ཐི་ལི་ནིའུ་ཏཱའི(特立尼达)མི་དམངས་ཀྱི་འཚོ་བ་བྲིས་ཡོད་པ་ཇི་བཞིན། སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་ཀྱང་ཟི་ལིང་གི་གྲོང་མཐའ་དང་ཙོང་ཆུའི་འགྲམ་རྒྱུད་ཀྱི་ཁང་མིག་གྱན་གཅིག་མ་ཞིག་ཏུ་འཚོ་བ་རོལ་བའི་མི་སྣ་ཟླ་བ་དང་། ཟླ་བས་མཚོན་པའི་མི་རབས་ཤིག་གི་འཚོ་བ་ལེགས་པར་མཚོན་འདུག་པ་མིན་ནམ། 

སྒྲུང་རིང་འདི་ཀློག་པའི་ཚེ་ངས་འབྲིང་གཉེར་གྱི་སློབ་གྲོགས་ཤིག་ཡང་ཡང་དྲན་བྱུང་། སློབ་གྲོགས་ཁོང་ཚིགས་བཅད་འབྲི་བར་ཧ་ཅང་ངར་བ་ཞིག་ཡིན། འོན་ཀྱང་། ཁོས་རྩོམ་ཡིག་བྲིས་བྲིས་ཐམས་ཅད་ཀྱི་ནང་གི་བྱེད་འབྲེལ་གཉིས་ཀའི་ཕྲད་སྦྱོར་སྟངས་ནོར་ཡོད་དཔེ། སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིམར་ངོའི་ཟླ་བཀློག་སྐབས་ཀྱང་འབྲེལ་སྒྲའི་ཚབ་ཏུ་བྱེད་སྒྲ་བྲིས་འདུག་པ་མང་དུ་མཐོང་བས། ང་ལ་དུས་ངེས་མེད་དུ་ཡུན་རིང་མ་ཐུག་པའི་སློབ་གྲོགས་ཁོང་ཉིད་ཡང་ཡང་དྲན་དུ་བཅུག 

དེ་མིན། སྒྲུང་རིང་འདིའི་མི་འདང་བའི་ཆ་ཞིག་ངེས་པར་དུ་བརྗོད་དགོས་པའི་དབང་དུ་བཏང་ན། རྩོམ་རིག་གི་སྐད་ཆའི་སྟེང་ན་ཅུང་ཙམ་མགུ་ཁ་གང་དཀའ་བའི་ཆ་ཞིག་ཡོད་པར་འདོད་དེ། སྤྱིར་རྩོམ་པ་པོ་ཁོང་ཉིད་སྙན་ངག་པ་ཡིན་པའི་ངོས་ནས་ཚིག་སྦྱོར་བདེ་ཞིང་སྙན་པ་ལ་ནི་ཚད་ཅིག་མི་འདུག་མོད། འོན་ཀྱང་། སྐད་ཆ་བཤད་སྟངས་ཀྱི་ངོས་ན་བོད་རང་གི་བརྗོད་པ་སྤེལ་སྟངས་དང་མི་མཐུན་པའམ་ཡང་ན་མི་རིགས་གཞན་ཀྱི་སྐད་ཆ་བཤད་སྟངས་ཀྱི་ཤན་ཅུང་ཙམ་ཞུགས་འདུག་སྙམ་པ་རེའང་འབྱུང་བ་དེའོ། ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།