གནམ་ནས་ཟགས་པའི་སྐར་མ། ནམ་མཁའ་བཀྲ་ཤིས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ངས་ལག་པ་ཨམ་ཕྲག་ནང་བཅུག་ཙམ་བཅུག་ཙམ་དང་བཅག་ཙམ་བཅག་ཙམ་བྱས་པས།  ཅ་ལག་དེ་ཉིད་འཇམ་ཅག་གེར་ཡོད་ལ།  ངོས་ཀྱི་རི་མོ་དག་ལག་པའི་རེག་ཕྱོགས་དང་བསྟུན་ནས་ཚོར་ཡོད་མོད་དེ་ཉིད་གང་ཞིག་ཡིན་མིན་དལ་བུས་རེག་ན་མ་གཏོགས་ག་ལ་ཤེས།

མ་གཞི་བྱས་ན།  ང་རང་ཕྱུ་པ་གྱོན་པར་མི་དགའ་མོད།  སྐབས་དེ་དུས་ཕ་མ་གཉིས་ཀྱིས་སྔ་དགོང་ཕྱུ་པ་གྱོན་དུ་འཇུག་པ་དང་།  ཉིན་དགུང་མ་ཟིན་ཙམ་ན་ཕྱུ་པ་ཕུད་དེ་ཉི་མ་ལྡེ་རུ་འཇུག  དེ་འདྲའི་རྙོག་འཛིང་གི་ལས་ཀ་དེར་ང་རང་སུན་སྣང་སྐྱེ་ཞིང་།  ནམ་དུས་དྲོས་ཚེ་ཕྱུ་པ་གྱོན་དགོས་ཀྱི་མེད་པས་ག་དུས་རི་མགོའི་ཁ་བ་དག་བཞུ་ནས་དཔྱིད་ཀ་ཤར་ཆོག་ཨང་སྙམ།

ནམ་མཁའ།  ཕྱུ་པ་ཕུད་ནས་ཉི་མར་སྐོམས་ཤིག

ངས་ཁ་ཡ་མ་བྱས་པར་སླར་ཡང་རྩེད་མོར་མགོ་འཁོར་ནས་བསྡད།

པཱ་ལགས་ཀྱིས་ཐགས་ཁྲིའི་ཐོག་ཐགས་འཐག་གིན་ཡོད་ཅིང་།  རྐང་ཀྲབ་རེས་མོས་ཀྱིས་མནན་ཏེ་འགྲོན་བུ་རྒྱུའི་གསེང་དུ་གཡུགས་མ་ཐག་གདང་འཁོར་འཁོར་བའི་སྒྲ་ཙེ་ལེག་ཅེས་པ་དང་།  བཏགས་ཀྱིས་ཟག་ཟག་ཅེས་བརྡུངས་པའི་སྒྲ་གཉིས་སྡེབས་ནས།  ཏེ་ལེག་ཟག་ཟག  ཏེ་ལེག་ཟག་ཟག་ཅེས་པའི་དབྱངས་རྟ་རྣ་ལ་འཇེབས་པ་ཞིག་གྲག  དགུན་ཁར་པཱ་ལགས་ཀྱིས་ཞོགས་ལྟར་སྔ་པོ་ནས་བཞེངས་ཏེ་སྣམ་བུ་དང་གདན་བཙུགས་ཕྲུགས།  བལ་གདན་འཐག་གནང་གིན་ཡོད་པས།  ང་ཚོ་གཉིད་ལས་སད་དུས།  ག་དུས་ཡིན་རུང་བྱ་ཕོའི་སྐད་སྒྲ་དང་ཕག་པའི་ངུར་སྒྲ།  དེ་བཞིན་བོང་བུ་རྐྱང་དཀར་གྱི་མགྲིན་བཟང་པོའི་ཐོག་པཱ་ལགས་ཀྱི་འཐག་སྐད་རྣ་ལ་འཇགས་ཡོང་།

ཐགས་ཁྲིའི་ཐོག་གི་རྒྱུ་སྒྲིལ་སྐོར་བ་གཉིས་ཙམ་ལས་མེད་ཅིང་ཉིན་དགུང་མ་ཟིན་ཙམ་ལ་ཐགས་གཞུག་བསྒྲིལ་ངེས་ཡིན་པས་ཨ་མ་ལགས་ཀྱིས་ཀྱང་རྒྱུ་རྡོག་པོ་གཉིས་བསྣམས་ནས་གཡུལ་ཁའི་ནང་ཕེབས།  དེ་ནས་བེའུ་གདན་སྤུ་ཟད་སེར་སྐྱའི་མདོག་དང་ལྡན་པ་དེའི་ཐོག་བཞུགས་ནས་སྨྱུང་བུའི་ཐོག་རྒྱུ་སྤུན་དཀྲི་རྩིས་གནང་།

སྨྱུང་བུ་བདུན་བརྒྱད་ཙམ་གྱིས་འགྲིག་པ་འདུག  པཱ་ལགས་ཀྱིས་མགོ་བོ་ཕར་གཡུག་ཚུར་གཡུག་གིས་ཐགས་འཐག་གིན་དེ་ལྟར་གསུངས།  ཨ་མ་ལགས་ནི་རྭ་ཅོའི་སྣ་རུ་ཞིག་གིས་ལག་སེན་ཐོག་སྣ་ཐ་སྐྱ་ཐོལ་ཙམ་ཞིག་བླུག་གནང་ཐོག  སྣ་ལ་གཏད་ནས་སིར་སིར་ཞེས་འཐེན་པ་དང་།  དེ་ནས་ཞལ་ལས་དུ་བ་སྐྱ་ཐུལ་ཐུལ་ངང་བཏང་རྗེས་ཡུད་ཙམ་རིང་ཅི་ཞིག་ལ་ཁོག་བསམ་གཏོང་བ་ལྟར་འཐོམ་བཞུགས་རྒྱུར་དགའ།

ཉེ་བའི་ལོ་ཤས་ནང་།  སྟོན་གཞུག་དང་ལོ་གསར་རྗེས་སུ་ཁང་པ་གསར་རྒྱག་བྱེད་མཁན་ཚ་ཚ་འུར་འུར་ཡིན་ཞིང་ནུབ་རིའི་ངོས་ནས་རྡོ་གཤག་མཁན་རྟག་རྒྱུན་ཡོད།  ཉིན་དགུང་ཡོལ་ཙམ་ན་རྟག་པར་ནུབ་རིའི་ངོས་ནས་རྫས་མེ་ཡོད་དོ་ཞེས་བརྡ་གཏོང་བས།  ང་ཚོས་ཀྱང་ཕྱི་ནས་ནང་དུ་ལོག་པ་དང་སྒོ་རྭའི་ནང་གི་བ་ཕྱུགས་དག་ཀྱང་ཁང་པའི་ནང་འཇུག་པར་བྱེད།  ཡུད་ཙམ་མ་སོང་གོང་ནུབ་རིའི་ངོས་ནས་རྡང་ཞེས་པའི་འབིར་སྒྲ་ཆེན་པོ་ཞིག་དང་སྦྲགས་རྡོ་ཧྲུག་མང་པོ་གནམ་ནས་འཕུར་ཡོང་སྟེ་ཁང་པའི་ཐོག་ཀ་དང་སྒོ་རྭའི་ནང་ཐ་ར་ཐ་ར་ཞེས་ཟགས་ཡོང་ལ་རྫས་མེ་རྒྱག་ས་དེར་རྡུལ་འཕྱུར་རེར་སྡོད།  ང་ཚོ་བྱིས་པ་ཚོས་ཀྱང་དེར་དཔེ་ལྟོས་ཀྱིས་རྩེད་མོ་གསར་དུ་གཏོད་པར་བྱེད་ཅིང་རི་ཁུག་གི་མཚོ་མཐིལ་གྲོང་ཚོའི་སྲང་ལམ་ནང་ག་དུས་ཡིན་རུང་དགོད་སྒྲ་དང་ཐལ་རྡུལ་ཆིལ་ལེར་འཇོག་པར་བྱེད།

ཇོ་ཇོ་ལུག་རྫིར་སོང་ཞིང་ང་དང་གཅུང་མོ་ཐལ་རྩེད་ལ་མགོ་འཁོར།  ང་གཉིས་ཀྱིས་ཐབ་ལྭའི་ནང་རྡོ་ཆེན་པོ་རང་མིན་པ་འགའ་བླུག་ཡོད་པ་གཡུལ་ཁའི་ཐང་སྡེར་ཐོག་སྤུངས་པ་དང་དེ་དག་བརྩིགས་ནས་ཐོ་པོ་ཆུང་ཆུང་ཞིག་བཟོས།  དེ་ནས་ཚར་པའི་རྒྱུག་པ་གཉིས་གྲལ་གཤིབ་ཀྱིས་ཐོ་པོར་བསྙེས།  ཤོག་སྒམ་ལྷེབ་ལྷེབ་ཅིག་རྒྱུག་པའི་ཐོག་བཞག་མ་ཐག་གཅུང་མོས་དེའི་ཐོག་ཐལ་ས་སྦར་མོས་བྱུར།  ངས་དགའ་མདོག་ངང་འབར་རྫས་སྤར་གྱི་ཡིན་པས་མི་ཚང་མ་བྲོས་ཤིག་ཅེས་བཤད་པ་དང་།  ཕར་རོལ་གྱང་རྩར་སོང་སྟེ་རྡོ་རྡོག་རྡོག་ཅིག་འགྱོག་པར་སོང་མོད་དེ་ཉིད་རྡོ་གཞན་དང་མི་འདྲ་བར་ཤིན་ཏུ་ལྗིད།

འདི་ནོར་རྡོ་ཡིན་པ་འདྲ།  ཐོ་ཆེན་གྱིས་བཅག་ན་དེའི་ནང་ནས་ཅི་ཞིག་ཐོན་སྲིད་དམ།

ངས་དེ་ལྟར་ལབ་དུས་གཅུང་མོས་ནོར་ཆུ་ཐོན་སྲིད་དམ་ཟེར།

ག་རེའི་ནོར་རྡོ།  རྡོ་མར་གཞག་གི་མིན་པས།

ཨ་མ་ལགས་ཁོག་བསམ་གཏོང་བ་ལས་སངས་ཏེ་ངེད་གཉིས་ལ་གཏད་ནས་དེ་སྐད་གསུངས།  ཁོང་གི་སྤྱན་གཉིས་པོའི་སྤྲིན་དཀར་སྔར་ལས་མང་ཞིང་མིག་འབྲས་སྔར་ལས་ཆེ་བས་འཇིགས་ཟིལ་ཞིག་རང་ཤུགས་སུ་མངོན་འོང་།  ངེད་གཉིས་ཅུང་འཇིགས་ནས་མར་ཙོག་ཙོག་གིས་དགོད་ཡ་མ་ཟུང་ངང་ཕར་ཚུར་ལྟ་གིན་བསྡད།

རྒན་རྒོན་ཚོའི་ཞལ་ནས་རྡོ་དེ་འདྲའི་ནང་སྲོག་ཆགས་ཡོད་ན་དམྱལ་བ་རྡོ་རྗེ་མཐིལ་ནག་ལ་སྐྱེས་པ་རེད་ཅེས་བློ་ཕངས་ངང་རྡོ་དེ་རིགས་གཅོག་པར་བྱེད་ལ།   རྡོ་ཁ་བྱེ་བ་དང་སྲོག་ཆགས་དེ་རིགས་མུན་ནག་ནས་འོད་སྣང་ལ་སླེབས་པས་འགུལ་ཙམ་འགུལ་ཙམ་བྱས་རྗེས་ལམ་སེང་འཆི་འགྲོ་མོད་སྐྱེ་བ་དྲག་ཙམ་ཞིག་ལ་ལེན་ཐུབ་པས་དགེ་བ་བཏང་བ་རེད་ཅེས་གསུངས་པར་བྱེད།

ངའི་ཡིད་ལ་དེ་ལྟར་དྲན་དུས་ལག་པར་ཟ་འཕྲུག་ལངས་ཏེ་རྡོ་དེ་གཅག་རྒྱུ་བྱུང་ན་ཅི་མ་རུང་སྙམ།

སྐབས་དེར་གཅུང་མོའི་སྣ་འོག་ཏུ་སྣབས་ཅུང་ཟད་འཛིར་ཡོད་ཅིང་།  དེ་ཉིད་ལག་པའི་སྒལ་པས་ཕར་ཚུར་འཕུར་འཕུར་བཏང་དྲགས་པས་ནག་དྲེག་གིས་ཞེ་མེར་ལངས་པ་ཆགས་ཡོད།

སྣ་རྟུག་ཕྱིས།  ཁའི་ནང་སླེབས་གྲབས་བྱེད་ཀྱིས།

སྐྱུང་ཀས་སྐྱུང་ཀར་ལབ་རེས་མེད།  མཆུ་ཏོ་དམར་པོ་ཆ་རེད།

ཁོང་མོས་དེ་ལྟར་ཤོད་དུས་ང་རང་ཡང་སྣ་རྟུག་ཁ་ནང་དུ་སླེབས་གྲབས་ཡོད་པའི་ཚོར་སྣང་བྱུང་ལ།  ལྕེ་བསྣར་ཙམ་བྱས་མ་ཐག་ལམ་སེང་ལན་ཚའི་བྲོ་བ་ཁ་བས།  ཕུ་དུང་གི་སྣེ་མོས་སྣ་རྟུག་ཕར་ཕྱིས་དུས་ནག་འཁོགས་འཁོགས་ཆགས་པས་སྣ་ལ་རྩུབ་ཡོང་།

མལ་སྒོང་ནང་བསྙལ་ཡོད་པའི་གཅུང་མོ་བདེ་སྐྱིད་སྒྲོལ་མ་དམར་འབྱར་ཡིན་ཞིང་།  ད་གིན་ནས་གཉིད་སྐྱིད་པོ་ཁུག་ཡོད་མོད།  ངས་རྫས་མེ་རྒྱག་གི་ཡིན་ཟེར་བའི་སྐད་ཀྱིས་འདྲོགས་པ་ཡིན་ནམ་ཡང་ན་ཨ་མ་ལགས་ཀྱི་ཁྲོ་སྐད་ཀྱིས་ཞེད་པ་ཡིན།  གློ་བུར་ཨེ་ངག་ཨེ་ངག་ཅེས་ངུ་སྒྲ་གྲག  ཨ་མ་ལགས་ཀྱིས་ལམ་སེང་ཡར་བཞེངས་ཏེ་ཁོང་མོ་པང་ལ་བཏབ་པ་དང་།  དེ་ནས་བེའུ་གདན་ཐོག་བཞུགས་ནས་ཨ་འཇིབ་སྟེར་གནང་སོང་བས།  ངུ་སྒྲ་ནི་ལྟག་ཆུ་བཅད་པའི་ཡུར་ཆུ་བཞིན་ལམ་སེང་འཇགས།

ངས་སླར་ཡང་རྡོ་དེ་འགྱོག་པར་རྩོམ་དུས་ཁྱོགས་བཟོ་མི་འདུག་པས།  ཕར་ཙམ་སོང་ནས་དེ་ལས་ཆུང་ཙམ་ཞིག་བླངས་ཏེ་དགོད་ཚེག་ཚེག་ངང་ད་གིན་གྱི་ཐོ་ལྕོག་ཡོད་སར་སོང་།  དེ་ནས་པཱ་ལགས་དང་ཨ་མ་ལགས་ལ་ལྟ་ཙམ་བྱས་ཏེ།  མི་ཚང་མ་ཕར་མ་ཕྱིན་ན་ང་རྫས་མེ་རྒྱག་གི་ཡིན་ཞེས་བཤད་པས།  ཨ་མ་ལགས་ཀྱིས།  མ་བྱེད་ཅིག  ཕྲུ་གུའི་མིག་ནང་ཐལ་བ་འཛུལ་གྱི་རེད་གསུངས་མོད།  ངས་མ་ཉན་པར་རྡོ་བཀྱག་བཀྱག་པར་བསྡད་པས་པཱ་ལགས་ཀྱིས་ཐགས་འཐག་མཚམས་བཞག་པ་དང་།  སྒ་པང་ཕར་བུད་དེ་ཐགས་ཁྲི་ལས་བབས་ཏེ་ང་ལ་སྡིགས་མིག་གཟིགས་ཀྱིན་ཕྲུ་གུ་ཕ་གིར་བཤད་ནས་ཉན་རྒྱུ་ཁྱོན་ནས་མེད།  རྡོ་མར་ཞོག  སྡུག་རྐང་གཅོག་རྩིས་ཡོད་པས་ཞེས་ཐགས་ཁྲིའི་ལོགས་ནས་གཅུས་ཕུར་རིང་པོ་ཞིག་བླངས་ཏེ་ངའི་ཕྱོགས་སུ་ཕེབས་ཀྱིན་འདུག་པས།  ངས་རྡོ་དེ་ཐོ་ལྕོག་ཐོག་ཀེར་ཡོད་པའི་ཚར་རྒྱུག་གི་རྩེར་འཕངས་པས།  ཐལ་བ་སྐྱ་འཚུབ་བེར་གནམ་ལ་འཕྱུར་ནས་ངའི་མགོ་ཐོག་ཏུ་ཟགས་ཏེ་ལུས་ཡོངས་ཐལ་སྐྱ་འཚུབ་བེར་བཏང་།  ང་རང་དགའ་ཐག་ཆོད་དེ་བྲོས་སོང་བ་ཡིན།

བོང་བུའི་ཨམ་ཅོག་ནང་ཆོས་བཤད་པ་དང་ཆ་རེད།  ཕྲུ་གུ་ཕ་གིའི་རྐུབ་ལ་འབྲེང་ལྕག་གཅིག་དགོས་ཀྱི་ཡོད་པ་འདྲ།  ད་གིན་ནས་ཕྱུ་པ་ཉི་མར་སྐོམས་ཟེར་རུང་གོ་རྒྱུ་མེད་པ་གླང་གོག་ཨུ་ཚུགས་རང་རེད།

པཱ་ལགས་ཀྱིས་དེ་ལྟར་གསུངས་ཀྱིན་ང་རང་འཇུ་བར་ཕེབས་པས།  ངས་བྱབ་ལག་བདེ་པོས་གཡུལ་ཁའི་ཕྱི་ལ་རྒྱུག  ཕར་ཙམ་ནས་ཁ་ཕྱིར་སློག་སྟེ་ལྟ་དུས་པཱ་ལགས་སྒོ་ཁར་མིག་དཀར་ལོགས་གཟིགས་ནས་བཞུགས་འདུག

ངས་ཧེ་ཧེ་ཞེས་དགོད་པ་དང་སླར་རྒྱུག་སོང་བ་ཡིན།  མདུན་ཕྱོགས་གྱང་ཟུར་ནས་དཀྱོགས་པ་དང་མིག་གིས་མཐོང་ས་མེད་པས་གོམ་པ་དལ་དུ་བཏང་།  ལག་པ་ཨམ་ཕྲག་ནང་བཅུག་དུས་ཅ་ལག་དེ་དྲོད་ལམ་ལམ་ངང་ཡོད།  ཤོག་ལྷེ་གཅིག་གི་མདུན་ངོས་ཚོས་གཞི་ལྗང་སེར་ཐོག་མི་གསུམ་ཡོད་ཅིང་།  རྨོ་བོ་ལགས་མིག་ཤེལ་གྱོན་པ་ཞིག་དང་ཇོ་ཇོ་མགོ་ལ་རས་ལྕོག་དཀྲིས་པར་དཔྲལ་མགོར་མིག་ཤེལ་བཞག་པ་ཞིག  ཨ་ཅག་མགོ་རས་གྱོན་པ་ཞིག་བཅས་ཀྱི་མདུན་ན་གྲོའི་སྙེ་མ་འགའ་བསླངས་ཡོད།  རྒྱབ་ངོས་ནི་གཙང་པོ་ཆེན་པོ་ཞིག་ཡིན།  ཤོག་ལྷེ་གཅིག་ཤོས་དེ་ཉིད་ཀྱི་མདུན་ངོས་ཚོས་གཞི་ནམ་མཁའ་ལྟར་སྔོ་བའི་འོག་སྤོ་ལགས་ཞྭ་མོ་དབའ་ཞྭ་གྱོན་པ་ཞིག་དང་ཇོ་ཇོ་མགོ་ལ་རས་ལྕོག་དཀྲིས་པ་ཞིག  རྒྱབ་ངོས་རི་མཐོ་པོ་ཞིག་སྐྱ་ཐིང་ངེར་འདུག་པས།  རི་དེ་ནི་ང་ཚོའི་ལུང་པའི་རི་རྗེ་རྒྱལ་གཏེར་སྤོ་དང་འདྲ་ལ་ཨ་སྔོན་གནམ་ནི་ཨུཏྤལ་མེ་ཏོག་ལྟར་སྔོ་བས་སྙིང་རྗེ་པོ་ཞིག་འདུག  ངས་སླར་ཡང་དེ་ཉིད་ལྟེབས་བརྩིགས་ལེགས་པར་བརྒྱབ་ནས་ཨམ་སྦུག་ཏུ་བཅུག་པ་དང་དེ་ནས་ཕྱུ་པའི་སྐེ་རགས་སྡོམ་སྐྱོར་བྱས།

ཉི་འོད་ཚ་ཐིང་ཐིང་ངང་འཕྲོས་ཡོང་ཞིང་ས་གཞི་ཡོད་ཚད་སྐྱ་ཐེག་གེར་མཆིས།  ནམ་དུས་དགུན་གྱི་དུས་སུ་སྔ་དགོང་གཉིས་དྲོད་ཚད་ཧོབ་སྟེ་ཆག་ནས་ལུས་པོ་དངངས་འདར་ཤོར་དགོས་པ་ཆགས་མོད།  ཉིན་མོའི་དུས་ནི་དྲོད་ལམ་ལམ་ཡིན་པས་དབྱར་ཁ་བཞིན་ལག་པའི་ཕུ་དུང་བརྫེས་ནས་སྡོད་རྒྱུ་ཡོད།  རྒྱུག་ཤར་ཅུང་ཟད་གློད་པ་དེས་སྟོད་སྒལ་ལས་རྔུལ་ནག་འཚིར་འཚིར་བྱེད་པས་ཕྱུ་པ་འདི་ཕུད་ཚེ་བསིལ་སངས་ངེ་བ་ཞིག་ཡོང་ངེས་མོད།  སྣམ་བུའི་གོས་ཐུང་ནང་ཤར་ལྤགས་རྫུན་སྦྱར་བ་དེར་ཅ་ལག་བླུག་སའི་ཁུག་མ་མེད་པས་ད་ནི་སྒོམ་སྡོད་རྒྱུ་ལས་མེད།  ངས་ནུབ་རིའི་འདབས་སུ་གྲལ་སྟར་མར་ཡོད་པའི་ལྕང་གླིང་ར་བའི་ནང་སོང་བ་དང་དེར་དར་ཤིང་རྒན་འཁོགས་མང་པོ་ཡོད།  དུས་ཚོད་འདིར་དར་ཤིང་ཐོག་བྱ་མོ་མང་པོ་ཆགས་ནས་བྱ་སྐྱག་དེ་དག་སྐྱ་སིང་ངེར་ཤིང་གི་ངོས་སུ་བཏང་ཡོད་ལ།  ཤིང་སྡོང་འོག་ཐིགས་པ་ཟགས་པས་སྣུམ་བཤོས་པ་ལྟར་ཞག་འཚིར་རེར་མཆིས།  ང་ཚོ་བྱིས་པ་ཚོ་རྒྱུན་པར་འདི་ཁུལ་དུ་འཁྱགས་ཤུད་དང་དར་ཤིང་སྡོང་པོའི་ཐོག་ནས་བྱ་སྐྱག་ཡོད་པའི་རྒྱུག་པ་བཅག་སྟེ་ལྕེ་ལྡག་རྒྱག་པར་ཡོང་ལ།  མངར་ཅང་ཅང་གི་རེག་བྱས་ལྕེ་ནས་མིད་པའི་བར་བརྗོད་མི་ཤེས་པའི་བདེ་བས་ཁེངས།  སྐབས་རེ་མིག་ཡག་པོ་མ་བལྟས་པར་བྱ་སྐྱག་དཀར་པོ་སྐྱ་སིང་ངེར་བཏང་ཡོད་པའི་ལྕང་རྒྱུག་ལག་པས་གཅོག་དུས།  ངོས་གཞན་ནི་བྱ་མོ་བརྒྱ་ཕྲག་མང་པོ་རུབ་སྡོད་ཀྱི་ནག་སིང་ངེར་ཡོད་པས་ལག་པ་ལམ་སེང་དམར་རྐྱང་ཆགས་ཏེ་ཞེ་མེར་བའི་དུས་ཀྱང་ཡོད།

ལྕང་གླིང་ནང་ང་རང་གཅིག་པུར་བྱ་སྐྱག་ལྡག་འདོད་མ་བྱུང་བས།  ལྕང་གླིང་དཀྱིལ་གྱི་འཁྱགས་པ་བརྒྱབ་པའི་ཡུར་བུའི་ནང་འཁྱགས་ཤུར་གློད་དགོས་བསམས་མོད།  འཁྱགས་པ་དེ་དག་གོ་སོག་གོ་སོག་ཅེས་པའི་སྒྲ་དང་བཅས་ཆག་སྟེ་རྐང་པ་ནང་དུ་ཐིམ་པས་འཁྱགས་ཤུར་ག་ལ་གློད་ཐུབ།  ངས་བློ་ཕམ་ངང་ཁྱིམ་གྱི་ཕྱོགས་སུ་ལོག་ཡོང་བ་དང་གཡུལ་ཁའི་སྒོ་བྱང་གཏད་ལ་ཕྱོགས་ནས་སོང་།  ཕྱེད་ཙམ་ཕྱེ་ཡོད་པའི་སྒོ་ལས་ནང་དུ་ལྟ་དུས།  པཱ་ལགས་ཐགས་བཏགས་ཟིན་ཏེ་ལྟག་གནས་དག་འགྲོལ་གྱིན་ཐགས་གསར་པ་ཞིག་འདྲེན་རྒྱུའི་གྲ་སྒྲིག་གནང་བཞིན་མཆིས།

ངས་ག་ལེར་ཁྱིམ་སྒོ་འཛུལ་བ་དང་འོག་ཁང་ནས་ཐོ་ཆེན་དེ་ཁྱེར་ཡོང་རྗེས།  པཱ་ལགས་དང་ཨ་མ་ལགས་ཀྱིས་དོ་སྣང་མེད་པའི་སྐབས་དང་བསྟུན་ནས་ཞོགས་པའི་རྡོ་ལྗིད་པོ་དེའི་འགྲམ་དུ་སོང་།  སྐབས་དེར་ཐལ་རྩེད་རྩེད་བཞིན་ཡོད་པའི་གཅུང་མོས་ང་མཐོང་བས་ལམ་སེང་ཡར་ལངས་ཏེ་ངའི་འགྲམ་དུ་རྒྱུགས་སླེབས་བྱུང་།

ངས་ལུས་ཤུགས་ཡོད་ཚད་བཏོན་ནས་ཐོ་བ་ཡར་བཀྱག་སྟེ་རྡོ་སྔོ་རིལ་དེའི་ཐོག་འཕེན་མ་ཐག  ཐིང་ཞེས་པའི་སྒྲ་གྲག་པས།  ཐགས་ཁྲིའི་འགྲམ་དུ་ཡོད་པའི་པཱ་ལགས་ཀྱིས་ལམ་སེང་ཤེས་ནས་ངེད་གཉིས་ཕྱོགས་སུ་མིག་ནག་གཟིགས་ཀྱིན་ཚུགས་གེར་སྡོད་ཀྱི་མིན་པས་ཞེས་གསུངས།  ངས་སླར་ཡང་ཐོ་ཆེན་ཡར་བཀྱག་སྟེ་གཞུས་མོད་གྲམ་རྡོ་སྔོ་རིལ་དེ་ནི་འགྱུར་མེད་རང་སོར་གནས།

བྱིས་ཤལ་སྡོད་ཚུགས་མེད་པ་ཕ་གི་ཡིན་ན།

ད་རེས་པཱ་ལགས་ཀྱིས་ལངས་པ་དང་རྒྱུགས་པ་ཆབས་ཅིག་དུ་ཕེབས་བྱུང་བས།  ང་རང་བྲོས་ཁོམ་མ་བྱུང་བར་ཁོང་གི་ལག་པ་སྦོམ་ལ་རྩུབ་པ་དེས་འཇུས།  དེ་མ་ཐག་ཁོང་གིས་ངའི་ཕྱུ་པའི་སྒབ་གཞུག་སློག་པ་དང་དེ་ནས་གོས་ཐུང་མར་འཐེན་ནས་རྐུབ་ཀྱི་དམར་ཤ་ཕུད་རྗེས།  ལྕུག་ཡང་གིས་ཐེངས་འགར་གཞུས་པས་ལུས་ཡོངས་ཚ་འཁྱུག་འཁྱུག་བྱས་བྱུང་ལ་མིག་ལ་མཆི་ཞགས་རང་དབང་མེད་པར་འཁོར་ཞིང་།  ངུ་སྐད་ཀྱང་ཐོན་ཏེ།  སྐུ་ཅི་པཱ་ལགས།  ངས་རྗེས་མ་ནས་དེ་འདྲ་བྱས་མ་ཡོང་ཞེས་མཐེ་པོང་གཉིས་བསྟན་དགོས་བྱུང་།

ད་དུང་ཕྱུ་པ་ཉི་མར་མ་བསྐམ།  མི་རྒན་པའི་སྐད་ཆར་ཉན་འཇོག་རྩ་ནས་མེད་ཅེས་གསུངས་ཀྱིན་ངའི་ཕྱུ་པའི་སྐེ་རགས་ཀྱི་སྣེ་མོ་ནས་ཤུགས་ཀྱིས་འཐེན་པས།  ངས་ལམ་སེང་སྐེ་རགས་ཚུར་འཐེན་གྱིན།  སྐུ་ཅི།  ཕྱུ་པ་ང་རས་ཉི་མར་སྐེམ་ཆོག་ཅེས་ཞུ་གསོལ་ཕུལ་བས་ཁོང་གིས་སྐེ་རགས་སྣེ་མོ་གློད།

འཇོན་ཚོད་ལས་ཀ་མ་བྱས།  མི་འཇོན་སུམ་རྒྱག་གིས་རྐང་པ་དེ་བཅག་དགོས་བསམས་བྱུང་ངམ།  རྒྱུགས།  ཕྱུ་པ་ཕུད་དེ་ཐགས་རྒྱུ་འདྲེན་པར་ཤོག་གསུངས།

སུས་ཁྱེར་བ་ཡིན།  མ་བཤད་ན་འབྲེང་ལྕག་འདིས་རྐུབ་ཀྱི་དམར་ཤ་ཕུད་ཀྱི་ཡིན།

མགྲོན་པོ་སོང་མ་ཐག་ཨ་མ་ལགས་ཀྱིས་རླུང་འཚུབ་འཚུབ་ངང་གསུངས།  ཁོང་གིས་སླར་ཡང་རྐུབ་བཀྱག་དེའི་ཐོག་འཛེགས་རྗེས་ས་ཕག་གི་གྱང་བརྩིགས་ཡོད་སའི་མཚམས་སུ་ལག་པ་བརྐྱངས་ཏེ་རྩིག་སྲུབས་དེ་དང་དེའི་འཁྲིས་ཀྱི་ཨི་ཁུང་ཡོད་ཚད་ནང་འཚོལ་སྐྱོར་གནང་རུང་ཅ་ལག་དེ་མཐོང་སར་མེད།

ང་ཚོ་ཕྲུ་གུ་རྣམས་ཀྱིས་ཁུ་སིམ་མེར་མགོ་སྒུར་ནས་བསྡད་དེ་ལན་མ་སློག་པས་ཨ་མ་ལགས་ནི་དངངས་སྐྲག་གིས་ཞལ་མདངས་ཀྱང་ལོག་པ་དང་།  ཇོ་ཇོ་ནས་བཟུང་སྟེ་ང་ཚོ་རེ་རེ་བཞིན་གྱི་རྐུབ་ལ་འབྲེང་ལྕག་ཚ་ཐག་ཆོད་རེ་གཞུས་གནང་བས་གཅུང་མོ་ཐོག་དང་པོར་ངུ་སྐད་ཤོར།

ཁ་ཚུམས།  མི་རྒྱུ་ཟ་བར་ལྕགས་ཀྱི་འགྲམ་པ་དགོས་ལུགས་ཤེས་ཀྱི་མེད་པས།  སུས་ཁྱེར་བ་ཡིན།  མི་སླེབས་དུས་སྤྲོད་རྒྱུ་མེད་པ་འདི་འདྲ་སྔོ་ལོ་ལངས་ནས་འཕྱར་སོང་།

ང་ནི་རང་དབང་མེད་པར་འདར་སིག་ཤོར་ཞིང་སྙིང་ཁ་ལྡིག་ལྡིག་གཡུགས་འགོ་ཚུགས།  སེམས་ནང་གལ་ཏེ་ཐབས་ཤིག་མ་བཏོན་ན་འབྲེང་ལྕག་གཟེད་པས་མ་ཚད་མུན་པ་ནག་པའི་འོག་ཁང་དེའི་ནང་འཇུག་ངེས་ཤིང་།  འཇིགས་སྐྲག་ཆེ་བའི་གདོན་འདྲེ་སྐྲ་རིང་མིག་དམར་བ།  ལྕེ་འདོམ་པ་གང་ཙམ་བསྣར་བ་དེ་ཚོས་དཔུང་པར་ཐུག་ཐུག་བྱེད་དུས་སྙིང་ཁ་ནས་ཐོན་རུང་སྐད་ཐོན་མ་ཐུབ་པ་དྲན་དུས་གོས་ཐུང་ནས་གཅིན་ཐིགས་ཀྱང་ཤོར།  འོན་ཀྱང་ངས་ཇི་མི་སྙམ་པའི་ངང་སྡོད་དགོས་སྙམ།  ཇོ་ཇོར་མིག་ཅིག་ལྟ་དུས་མགོ་སྒུར་རེར་སྐུད་པ་དམར་པོ་ཞིག་ལ་ལག་རྩེད་བྱེད་བཞིན་འདུག་པས།  ངས་ཨ་མ་ལགས་སུ་ཕྱོགས་ནས།  ཁ་ཉིན་ང་སྤྱོད་ནང་ལ་གཅིན་པ་གཏོང་བར་འགྲོ་དུས་ཇོ་ཇོ་ཤིང་གི་རྐུབ་བཀྱག་རྒྱབ་བསྙེས་མ་དེའི་སྟེང་འཛེགས་ནས་ས་ཕག་གི་གྱང་བརྩིགས་ཡོད་སར་ཚེ་ཤོག་ཚེ་ཤོག་ཅེས་ཅི་ཞིག་བྱེད་ཀྱིན་འདུག་ཅེས་བཤད་པས།  ཨ་མ་ལགས་ཀྱིས་དེ་མ་ཐག་ཇོ་ཇོའི་རྣ་ནས་བཟུང་སྟེ་ཕར་ཙམ་ཁྲིད་པ་དང་།  དེ་ནས་གོས་ཐུང་མར་ཙམ་ཕུད་དེ་རྐུབ་དམར་ཧྲེང་མར་འབྲེང་ཐག་ཝེ་ཡུག་ཝེ་ཡུག་ཅེས་གཞུས་སོང་བས།  འབྲེང་ཐག་ཕོག་སའི་རྐུབ་ཀྱི་ཤ་ལིངས་ཐོག་དམར་འཁྱུག་ཙམ་འཁྱུག་ཙམ་བྱེད་པ་བལྟས་མ་ཐག་ནས་ཚ་ཟུག་ཚོར་འོང་།  ཇོ་ཇོ་ནི་དེ་མ་ཐག་ཨ་ཚ།  ཨ་ཚ།  འུ་འུ་ཞེས་རང་དབང་མེད་པར་ངུ་ཤོར་ཞིང་ངས་བརྐུས་མེད།  ངས་རྐུ་རྒྱུ་མ་བྱུང་བས་ཡིད་ཆེས་མ་གནང་ན་གསུང་བརྟག་①ཞུས་ན་འགྲིག་གི་རེད་ཅེས་བཤད་སོང་བས།  ཨ་མ་ལགས་ཀྱིས་དེ་མར་གཞུ་མཚམས་བཞག་པ་དང་།  བྱས་ན་སུས་ཁྱེར་སོང་ཞེས་དྲིས་གནང་བས།  ཇོ་ཇོས་ངུ་སྐད་འཚིར་འཚིར་ངང་།  ངས་ཅ་ལག་དེ་འདྲ་ཡོད་པ་ཧ་གོ་མ་བྱུང་ལ་མཐོང་ཡང་མ་བྱུང་།  དེ་བས་ག་པར་བཞག་མིན་ཡང་མི་ཤེས་ཟེར་བས་ངའི་སྙིང་ཁ་ལྡིག་ལྡིག་ཏུ་གཡུགས།

ནམ་མཁའ།  ཧམ་པ་བཤད་པས།  དྲང་པོ་མ་བཤད་ན་རྐུབ་ལ་ཚེར་ལྕག་གཞུ་གི་ཡིན།  ཨ་མ་ལགས་ཀྱིས་དེ་ལྟར་གསུངས་ཀྱིན་བུད་ཁུང་ལས་ཚེར་མ་ཆོབ་ཆོབ་ཀྱི་བུད་ཤིང་ཞིག་བསྣམས་ཕེབས་བྱུང་ལ།  ཞལ་རས་རྫ་རི་ལས་ནག་པས་ང་རང་ཞེད་ཐག་ཆོད་དེ།  སྐུ་མཁྱེན།  ཚེར་མ་གཞུ་མ་མཛོད་རོགས་ཞེས་མཐེ་བོང་གཉིས་བསྟན་མོད་ངའི་རྐུབ་ཀྱི་གཡས་གཡོན་གཉིས་ཀར་ཚེར་ལྕག་གཅིག་སྦྲེལ་ངང་ཟགས་ཡོང་བ་དང་དེ་མ་ཐག་ཚ་འཁྱུག་འཁྱུག་ཅིག་གིས་རྐང་པའང་སྦྲིད་པ་ལྟར་བྱེད།

ག་པར་ཡོད་པས།  ཁྱེར་ཤོག

ཨ་མ་ལགས་ནི་སྐུ་རླུང་གིས་སྤྱན་གཉིས་ཕུར་ཚུགས་སུ་གཟིགས་ཀྱིན།  ཁྱེར་ཤོག  བྱིས་ཤལ་འདི་ཚོས་ལས་ཀ་བཟོ་གིས་ཞེས་ལག་པའི་ཚེར་ལྕག་མར་གཡུགས་པ་དང།  ས་ལ་ཡོད་པའི་འབྲེང་ལྕག་ཡར་བཀྱག་གནང་སོང་བས།  ང་རང་དངངས་སྐྲག་གིས།  གཅིག་ཚོས་གཞི་སྙིང་རྗེ་པོ་མི་འདུག་པས་སིལ་སིལ་བཟོས་ནས་གཡུལ་ཁའི་ནང་གཡུགས་པ་དང་།  གཅིག་ཤོས་ཞོགས་པ་ཕྱུ་པའི་ཨམ་ཕྲག་ནང་བླུག་ཡོད་མོད་ཉིན་དགུང་བ་ཕྱུགས་ལ་ཆུ་སྟེར་བར་སོང་ནས་ཚུར་སླེབས་དུས་ཟགས་ནས་མི་འདུག་ཅེས་ཇི་མ་ཇི་བཞིན་བཤད་མོད།  གང་ལྟར་འབྲེང་ལྕག་དེ་ངའི་སྒལ་སྟེང་དུ་ཤག་ཟེར་བའི་སྒྲ་དང་བཅས་ཐེངས་འགར་ཟགས་བྱུང་ལ་དེ་མ་ཐག་དབུགས་ཀྱང་འབྱིན་རྔུབ་དཀའ་བའི་ཚོར་སྣང་ཞིག་སྐྱེས།

བྱིས་ཤལ་ཧམ་ཆེན་པ།  བྱམས་པོ་བྱས་དྲགས་ཏེ་ལྕག་ལྕག་ཉུང་དྲགས་འདུག་ཅེས་སླར་ངའི་རྐུབ་ལ་རྡོག་རྒྱག་གཞུས་གནང་བས་ང་རང་ས་ལ་འགྱེལ་སྟེ་ངོ་གདོང་ཐལ་བས་འཚོས་ཐོག  ཁ་ནང་དུའང་གཟབ་གཟབ་མ་བྱས་པར་ཐལ་བ་འཛུལ་བྱུང་།  ད་ནི་བྱས་ཉེས་ཤོར་ཟིན་པས་ཁུ་སིམ་མེར་མགོ་སྒུར་ནས་ཉེས་དག་གཟེད་རྒྱུ་ལས་མ་འདས།

ཚེ་བརྟན་དབང་འདུས།  མགྱོགས་པོ་ལྟས་ཕྲུག་ཁོ་ཁྲིད་ནས་གྲམ་པར་ལྟ་བར་རྒྱུགས།  ཏན་ཏན་ལམ་ཁར་གཡུགས་པས་མི་གཞན་ལ་རྙེད་ན་རག་གི་མ་རེད།

བལྟས་ནས་ལམ་སེང་ལོག་ཤོག  མ་རྙེད་ན་གཉིས་ཀ་ཉོ་ཆ་གཟེད་ཡོང་།

ངེད་གཉིས་ཀྱིས་ཉག་འབེན་གློད་དེ་སྐྱ་ཐེར་ཐེར་དུ་གྱུར་བའི་ཞིང་དཀྱིལ་སྐྱ་ལམ་ཕྲ་མོ་དེའི་སྟེང་སོང་བ་དང་།  མིག་གཉིས་གྲུང་རིག་རིག་ངང་ལམ་ཁའི་གཡས་གཡོན་གང་སར་མྱུལ།  གད་པ་མ་སླེབས་ཙམ་ན་ཞིང་གི་མུ་ག་གསེག་ལོགས་དེའི་ཐོག་སྔོ་རྒྱུག་འགའ་བསིལ་བསིལ་རླུང་བུས་གཡུག་གཡུག་བྱེད་ཅིང་།  དེའི་གསེང་ན་ཤོག་བུ་ཞིག་སྔོ་ལེམ་མེར་ཡོད་པ་མཐོང་བྱུང་བས།  དེར་རྒྱུག་སོང་ནས་ལེན་དུས་ཏག་ཏག་དེ་ཉིད་ཡིན་པས་ཇོ་ཇོས་ངའི་འགྲམ་དུ་རྒྱུགས་ཡོང་སྟེ་ལམ་སེང་ཕར་འཕྲོག

མི་དཀར་པོར་ཞྭ་མོ་ནག་པོ་གང་བྱུང་མ་གཡོགས་ཨཱ།  ལྟད་མོ་ལྟོས་ཤིག

ཇོ་ཇོས་ང་ལ་སྣ་ཉེས་ཤིག་སྤྲད་རྗེས་ཉག་འབེན་གློད་དེ་སོང་བས།  དབྱར་ཁ་ཞིང་ཡིན་པ་ལ་དགུན་ཁ་ཆུ་ལེན་ས་དང་ཕྱུགས་ཀྱི་དགུང་ཆུ་སྟེར་སའི་གྲོང་ཚོའི་སྟབས་བདེའི་ལམ་ཆུང་དེའི་ཐོག་གོམ་པའི་འདེགས་འཇོག་འཁྱིལ་ཤུགས་དབང་གིས་ཐལ་ཟི་ལངས་ཏེ་སྐྱ་འཕྱུར་ཙམ་འཕྱུར་ཙམ་བྱེད།

ངས་ཀྱང་ཉག་འབེན་གློད་ཀྱིན་སོང་བས་བསིལ་རླུང་གིས་རྣ་རྒྱབ་ཏུ་འུ་འུ་ཞེས་པའི་སྒྲ་གྲག་ལ་མཁུར་ཚོས་ནི་ཁབ་བཙུགས་པ་ལྟར་ཤིན་ཏུ་འཁྱགས།

ཕྱི་སྒོ་འཛུལ་མ་ཐག་ཨ་མ་ལགས་དང་ཇོ་ཇོ།  དེ་བཞིན་གཅུང་མོ་བཅས་ལག་ལ་སྤེན་ཕྱགས་རེ་བཟུང་སྟེ་གཡུལ་ཁའི་ནང་གི་ཐལ་བ་དང་གཟན་རྩྭའི་རོ་ཏོ།  ལྕི་བ་སྐམ་པོ་དག་ཕྱགས་ཏེ་བྱུར་བཞིན་འདུག་ལ།  ང་སླེབས་པ་མཐོང་བ་དང་ཨ་མ་ལགས་ཀྱིས་མིག་ངན་ཞིག་གཟིགས་ཀྱིན།  འཐོམ་ནས་སྡོད་ཀྱི་ཡིན་ནམ།  མགྱོགས་པོ་ཕྱགས་རོགས་བྱེད་ཀྱི་མིན་པས།  ངས་སྡེབས་རྩིས་གཞུག་ལ་བརྒྱབ་ཀོ་ཞེས་གསུངས།  ངས་ཀྱང་སྤེན་ཕྱགས་ཟད་ཏོ་ཞིག་བཟུང་སྟེ་ཕྱགས་རོགས་བྱས།  ཐལ་རྡུལ་ཁྲོད་གསིར་བུར་བཏང་བའི་ཤོག་ཚལ་རལ་པོ་རེ་མཐོང་རིམ་བཞིན་ཨ་མ་ལགས་ཀྱིས་ཕྱགས་མ་སར་གཡུགས་ཏེ་སྒྲུག་གནང་བ་དང་།  དེ་ནས་ལག་གཡོན་མར་བཟུང་བའི་འགྱིག་ཤོག་དྲེག་པས་འཚོས་ཏེ་སེར་ནག་ཏུ་གྱུར་བ་དེའི་ནང་བཅུག་རྗེས་སླར་ཡང་གད་ཕྱགས།

ལྷགས་པ་མ་ལངས་གོང་མགྱོགས་པོ་ཞག་མོ་②མ་ཕྱགས་ན་ལྷེབ་ཙམ་མ་རྙེད་རུང་དཔེ་བསགས་པ་རེད།

གཡུལ་ཁ་ཡོངས་རྫོགས་གཙང་མར་ཕྱགས་ཟིན་པ་དང་ཐལ་ལུད་བྱུར་སྤུངས།  དེའི་ཐོག་འགྱིག་ཤོག་གཡོགས།  དེ་ནས་ང་ཚོ་ཚང་མ་གཡུལ་ཁའི་དབྲལ་སྒོ་བྱང་མའི་ལྷགས་ཕྱོགས་ལ་བརྟེན་ནས་སྒོ་རའི་ཐོད་ཀྱི་ཞིང་ཁའི་ནང་དུའང་གོ་གྲལ་སྒྲིག་པ་དང་།  གོམ་པ་བཤར་ནས་ཤོག་རོ་ལྷེབ་ཙམ་ཡོད་མེད་བཙལ་བས་སིལ་རོ་གཅིག་ལས་མ་རྙེད།

མདང་དགོང་ལྷགས་པ་མ་བརྒྱབ་པས་སྟབས་ཡག

ཨ་མ་ལགས་ཀྱིས་སླར་ཡང་ངའི་སྟོད་སྒལ་ལ་མུར་མཛོག་རྡིག་ཅེས་གཞུས་གནང་བ་དང་།  ལྟས་ཕྲུག་འདི་ཡིན་ན།  ངས་ལས་ངན་ག་རེ་བསགས་པ་ཡིན་ནམ།  ཤི་བསྡད་རོགས་བྱས་ན་ཏག་ཏག་རེད་ཅེས་དམེ་སྡུག་བསྐྱོན།③

མ་གཞི་བྱས་ན་དེ་ཉིན་ཉིན་དགུང་ཨ་མ་ལགས་ཀྱིས་ལོ་སྒོར་མོག་མོག་ཁ་བསྲེག་དང་ཞོག་ཁོག་ཚོད་མ་བཟོ་གནང་རྩིས་ཡོད་མོད་ད་ནི་ལྟོགས་པར་སྡོད་རྒྱུ་ལས་ཐབས་མེད།  ང་ཚོས་ཐལ་ལུད་ཀྱི་མཐའ་བཞིར་མར་བསྡད་དེ་ཐལ་བ་དེའི་ནང་ནས་ལྷེབ་རོ་འཚོལ་གྱིན་བསྡད་པས།  ཚལ་བུར་བཏང་བའི་རོ་ཏོ་དེ་དག་ང་ཚོ་མི་རེ་ངོ་རེའི་མཛུབ་མོའི་བར་ནས་རྙེད་འགོ་ཚུགས་ལ།  ཤོག་རོ་རྐང་གཅིག་རྙེད་པ་དང་ཚང་མས་ངའི་ཕྱོགས་སུ་ལྟ་ཙམ་དང་ཨ་མ་ལགས་ཀྱིས་ལྟས་ཕྲུག་ཕ་གིས་ཡིན་ན་ཐེར་ཚལ་སྦར་ཚལ་བཟོས་འདུག་ཅེས་ཁ་གཤེ་ཐེངས་རེ་རྒྱག་པར་མཛད།

ཐལ་ལུད་ཀྱི་ཕུང་པོ་དག་ཐེངས་ཤིག་བཤེར་ཚར་དུས་ཉི་མའང་བཞུད་ལ་ཉེ།  འགྱིག་ཁུག་ནང་ཚལ་བུར་གྱུར་བའི་རོ་ཏོ་དེ་དག་གཅིག་ཐོག་གཅིག་འབྱར་ངང་ཡོད།

དགོང་མོ་དེར་ང་ཚོ་ཕྲུ་གུ་ཚོར་མར་དང་ཕྱུར་བ།  བྱེ་མ་ཀ་ར་སོགས་སྣ་གཅིག་ཀྱང་བརྒྱབ་མེད་པའི་སྐྱ་སྤགས་རྡོག་ཀོང་ཆེན་པོ་རེ་སྟེར་རྗེས་ལམ་སེང་ཉལ་བར་བཏང་།

སྔ་མོ་འདི་འདྲ་ཉལ་མྱོང་མེད་པས་མལ་སའི་ནང་ཚང་མ་གཉིད་ཀྱི་གཡའ་དང་བྲལ།

ཡུད་ཙམ་སོང་རྗེས་ངས་དམར་ཧྲེང་མར་ཡར་ལངས་པ་དང་ཐད་ཀར་ཐབ་ཚང་ནང་སོང་བས།  པཱ་ལགས་དང་ཨ་མ་ལགས་གཉིས་སྣུམ་བཞུའི་འོད་ལ་བརྟེན་ནས།  ཤོག་ཚལ་དེ་དག་ཅོག་ཙེ་ནག་རིལ་དེའི་ཐོག་བཀྲམ་ནས་གུང་བསྒྲིགས་བཞིན་བཞུགས་འདུག

ང་ཐབ་ཚང་དུ་སླེབས་པ་མཐོང་མ་ཐག  པཱ་ལགས་ཀྱིས།  ད་དུང་མ་ཉལ་བར་ཉོ་ཆ་གཟེད་④འདོད་འདུག་གམ་ཞེས་གསུངས་པ་དང་།  ཨ་མ་ལགས་ཀྱིས་ཀྱང་ང་ལ་སྡང་མིག་གཟིགས་ཀྱིན།  ལྟས་ཕྲུག་ཕ་གི་སྐྱེ་ཉེས་ཤོར་འདུག  ག་དུས་ཡིན་རུང་སྡུག་པ་མ་གཏོགས་ཡག་པ་ཞིག་བྱེད་རྒྱུ་མེད།  ད་དུང་ཉལ་གྱི་མིན་པས།  ངས་འོག་ཁང་ནང་འཇུག་དགོས་འདུག་གམ་ཞེས་བཀའ་བཀྱོན་གནང་།

ངས་ཀྱང་རླུང་འཚུབ་འཚུབ་ངང་མ་གཞི་ནས་སུས་ང་སྐྱེས་དང་ཟེར་བྱུང་ཞེས་མ་འདོད་པའི་ངང་ཨ་ལན་སློག་པ་དང་།  དེ་ནས་ཤར་ངོས་གྱང་འགྲམ་དུ་ཡོད་པའི་རྒྱ་ཅོག་གྲུ་བཞི་ནག་རིལ་དེའི་སྒང་ནས་འགྱིག་ཕོར་གཅིག་མ་ལག་བདེ་པོས་བླངས་པ་དང་།  ང་ཁ་སྐོམ་བྱུང་ཟེར་གྱིན་སྐྱོགས་ཀྱིས་ཆུ་ཟངས་ནང་ནས་ཕོར་པའི་ནང་ཆུ་བླུག་ནས་ཞབས་དག་སྒྲོག་སྒྲོག་ཅེས་བརྒྱབ།  དེ་ནས་སྐྱོགས་ཀྱིས་ཕོར་པའི་ནང་ཆུ་ཕྱེད་ཙམ་བླུག་པ་མང་དྲགས་རྐྱེན་ཅུང་ཟད་ཕྱིར་རྐང་པའི་ཐོག་བོ་བྱུང་བས་དེ་མ་ཐག་གྲང་ཤུར་གྱིས་ང་རང་ཨ་ཆུ་ཆུ་ཞེས་རང་དབང་མེད་པར་དངངས་སྐད་ཤོར།

ངས་ཕོར་པ་དེ་ཁྱེར་ནས་ཁུ་སིམ་མེར་སོང་མོད་ཨ་མ་ལགས་ཀྱིས་མཁྱེན་སྟེ་ཡང་ག་རེ་རྐུ་གི་ཡོད།  ཆུ་བཏུངས་ནས་ཕོར་པ་འདི་རུ་ཞོགས་ཞེས་གསུངས་མོད།  ངས་ཕྱིར་མིག་ལྟ་གིན་རྐང་པ་དམར་ཧྲེང་མར་རྡིག་རྡིག་ཅེས་ང་ཚོ་ཕྲུ་གུ་ཚོ་གྲལ་སྒྲིག་ནས་ཉལ་སའི་ཁང་པ་ལྕམ་གང་མ་དེའི་ཕྱོགས་སུ་རྒྱུག

དུས་སྐབས་དེར་ལོ་གསར་གོང་བོད་པའི་གྲོ་ཞིབ་ཀྱིས་བཞེས་བྲོ་ཉིན་འཁྱོངས་གཅིག་བཟོ་བས།  ང་ཚོས་ཉིན་རེར་བཞེས་བྲོ་ཨ་ལུང་རེ་བཟས་ཆོག  ང་ཚོའི་ཁྱིམ་དུ་ཕྲུ་གུ་མང་བས་བཞེས་བྲོ་རྫོགས་པ་ནས་བཟུང་རྒྱུན་པར་སྐྱ་སྤགས་ཕལ་ཆེ་ཡིན།  རྒྱུན་དུ་མི་གླ་གླས་ཏེ་ལས་ཀ་གལ་ཆེ་ཐུག་དུས་སྟོང་མོག་བཟོ་ལ་སྐབས་རེ་ཁུ་ར་བཟོ་བར་བྱེད།  པཱ་ལགས་ལྷ་སར་ཕེབས་པ་རེ་བྱུང་ཚེ་ཐང་ཅིན་(糖精)ཤོག་ཆག་རེ་གཉིས་ཉོས་ཕེབས་པས་བྱེ་མ་ཀ་ར་དཀོན་པའི་ལོ་ཟླའི་ནང་ཁུ་ར་དང་བག་ལེབ་སྐྱ་བག་ལ་ཐང་ཅིན་ཉུང་ཤས་རེ་བརྒྱབ་པ་དེས་མངར་ཅང་ཅང་གི་རེག་བྱ་ཞིམ་པར་སྟེར།

ང་རང་རྒྱུན་དུ་མིག་ལྟ་བྱེད་རྒྱུར་དགའ་ཞིང་ཨ་མ་ལགས་ཀྱིས་ཅ་ལག་ག་རེ་སྦས་གནང་རུང་ངའི་མིག་འོག་ནས་ཐར་མི་སྲིད་པས།  ཐང་ཅིན་ཤོག་ཆག་གང་དུ་སྦས་གནང་མིན་ནི་ངས་མིག་བཙུམས་ཏེ་སོང་རུང་སྦར་ཡུལ་ཐེབས་ཐུབ།  ཉིན་དེར་ངས་ཐང་ཅིན་ཤོག་ཆག་ལས་རིལ་བུ་གཉིས་བརྐུས་ཏེ་རས་ལྷེབ་གཅིག་ནང་བསྒྲིལ་ནས་ང་ཚོ་ཉལ་སའི་ཁང་པ་ལྕམ་གང་མའི་སྒེའུ་ཁུང་ཕྱིའི་རྩིག་ཟུར་ནང་སྦས།

ངས་ཆུ་བླུག་པའི་ཕོར་པ་ཁྱེར་ནས་འོད་ཕྲ་མོ་སྐྱ་སིང་ངེར་འཕྲོ་སའི་སྒེའུ་ཁུང་ཕྱོགས་སུ་བསྐྱོད།  དེ་ནས་ཨ་ཤིང་ཕྱེ་སྟེ་ཤིང་གི་སྒེའུ་ཁུང་གི་གཞོགས་ཤིག་ཕྱེ་ནས་རྩིག་ཟུར་ཡོད་སར་ལག་པས་སྦར་ཉུལ་རྒྱག་དུས་འགྱུར་མེད་རང་སར་ཡོད།  མུན་ནག་ཁྲོད་མིག་གིས་གསལ་པོ་མ་མཐོང་རུང་།  ལག་པས་རིལ་བུ་དེ་གཉིས་མ་ཟགས་པ་བྱས་ཏེ་གཅིག་ཕོར་པའི་ནང་བླུགས་པ་དང་དེ་ནས་ཁ་གཡོག་⑤གིས་དཀྲུག་དཀྲུག་བཏང་རྗེས་ཆུའི་ནང་བླུག་བླུག་པར་སྒེའུ་ཁུང་ཕྱིའི་སྟེགས་བུའི་ཐོག་བཞག་པ་དང་།  དེ་ནས་ཐང་ཅིན་རིལ་བུ་གཅིག་ཤོས་དེ་སླར་རས་ཚལ་དེའི་ནང་བསྒྲིལ་ནས་རྩིག་ཁུང་དུ་བཅུག

འཁྱགས་པ་བྱི་རིལ་བཟོས་ཡོད་ཏོ།

ངས་དེ་ལྟར་ཟེར་གྱིན་ཤིང་གི་སྒེའུ་ཁུང་ཨ་ཤིང་བརྒྱབ་པས་དེ་མ་ཐག་ཁང་པ་ལྕམ་གང་མའི་ནང་ནག་ཐིང་ཐིང་དུ་གྱུར།

ང་ལ་ཨ་ནིང་⑥གཅིག་སྟེར་ཨ།

ངའང་འཇིབ་ཏུ་ཆུགས་ཨ།

མིན།  དེ་རིང་ང་ལ་ཁྲེལ་དགོད་ག་ཚོད་བྱས་མེད་པས།

ངས་བྱས་མེད།  ཇོ་ཇོས་བརྒྱབ་སོང་།

ག་པར་བརྒྱབ་སོང་།  ཐང་ཅིན་ག་ནས་རག་བྱུང་།  ང་ཨ་མར་ཤོད་ཀྱི་ཡིན།

ཇོ་ཇོས་དེ་ལྟར་ཤོད་ཀྱིན་མལ་སའི་ནང་ནས་མགོ་བོ་ཡར་ཙོག་ཙམ་གྱིས།  ཨ་མ།  ཨ་མ།  ནམ་མཁས་ཐང་ཅིན་བརྐུས་ནས་འཁྱགས་པ་བྱི་རིལ་བཟོས་སོང་ཞེས་སྐད་བརྒྱབ་པས།  ང་རང་རླུང་ལངས་ཏེ་ཇོ་ཇོ་ཡོད་སའི་ཕྱོགས་སུ་མུར་མཛོག་གཅིག་གཞུས་པ་ཏག་ཏག་ངོ་ལ་འཁེལ་བ་འདྲ་སྟེ།  ཨ་རུ།  ངའི་འགྲམ་པ་ཞེས་སྐད་ཤོར་བ་དང་།  དེ་རྗེས་ཇོ་ཇོས་ངའི་མགོ་ནས་མར་མནན་ཏེ་གཞུས་བྱུང་བས།  ངེད་གཉིས་སྟོབས་ཆེ་ཆུང་ཤོར་ནས་ང་རང་དབུགས་ཀྱང་གཏོང་མ་ཐུབ་པ་ལྟར་བྱས་བྱུང་ལ་མུར་མཛོག་གང་སར་གཞུས་ཡོང་མོད་ཡ་ལན་སྤྲོད་མ་ཐུབ་པས་ཁོང་ཁྲོས་མིག་ཆུའང་ཤོར།

སང་ཞོགས་འཁྱགས་པ་བྱི་རིལ་སྟེར་ཡག་མིན།

ཇོ་ཇོས་ང་རང་གློད་པ་དང་ངས་མལ་གཟན་ལས་མགོ་བོ་བཏོན་སྟེ་དེ་ལྟར་ཁ་གཤེ་བརྒྱབ་མོད།  ཇོ་ཇོས་ང་ལ་ཁ་ལན་མ་སློག་པར་ཡིད་ཚིམ་པའི་མདོག་གིས་ཧེ་ཧེ་ཞེས་བགད་བྱུང་བས།  ང་རང་བློ་མ་བདེ་བར་ངའི་འཁྱགས་པ་བྱི་རིལ་བཟས་ན་ལྟད་མོ་ལྟོས་ཤིག  མགོ་ལ་རྡོ་གཞུ་རྐྱང་ཡིན་ཞེས་བཤད།  ངས་སྔོན་ཆད་ལག་གཡོན་མས་ལུང་པའི་ཕྲུ་གུ་འགའི་མགོར་རྡོ་གཞུས་མྱོང་བས་ཚང་མས་ང་ལ་གཏད་ནས་ལག་པ་འདྲེ་འཁྱོག་⑦དེར་གཟབ་གཟབ་བྱེད་ཅེས་ཤོད་ཀྱིན་ཞེད་འཚུབ་འཚུབ་བྱེད།

འཁྱགས་པ་བྱི་རིལ་ཁ་ཆུ་འཛར་འཛར་བྱས་ཏེ་བཟོས་པ་དེ་འདྲ་ཟ་འཆང་མ་ལངས།

ཇོ་ཇོས་དེ་ལྟར་ཟེར་དུས་ངའི་ཡིད་ལ་དོན་དག་ཅིག་དྲན་བྱུང་བས།  ལམ་སེང་མལ་ས་ལས་ཡར་ལངས་པ་དང་སྒེའུ་ཁུང་གཞོགས་ཤིག་ཕྱེ་སྟེ་འཁྱགས་ལ་བཏང་བའི་ཕོར་པའི་ནང་གི་ཁ་གཡོག་ཡར་བླངས་ནས་ཁ་ནང་དུ་བཅུག་པ་དང་དེ་ནས་འཇིབ་ཁུལ་གྱི་ཅིར་ཅིར་སྒྲ་ཁོང་ཚོས་གོ་རུ་བཅུག་པ་དང་མར་བླུག  དེ་ནས་མཆིལ་མ་འཕངས་ཁུལ་གྱིས་ཐུའེ་ཐུའེ་ཞེས་བྱས་ཏེ།  ད་ཟོ་དང་།  ངས་ལུད་པ་སྐྱུགས་ཡོད་ཅེས་ཟེར་ཞིང་བློའང་བདེ་ལ་འབབ།

ཇོ་ཇོ་ནམ་མཁས་ཧམ་པ་བཤད་སོང་།

གཅུང་མོས་དེ་ལྟར་ཟེར།

ང་རང་མལ་ལས་ལངས་ཏེ་ཐབ་ཚང་ནང་འགྲོ་དུས།  པཱ་ལགས་ཀྱིས་ལག་པར་སྒྱེ་ཕད་གཅིག་བཟུང་གནང་སྟེ་འདི་གང་གིས་འགྲིག་གམ་ཞེས་གསུངས་བཞིན་འདུག

ག་ནས་འགྲིག་པཱ།  སྒྱེ་དེ་འདྲ་གཉིས་མེད་པར་ག་ནས་ཡོང་།  ཨ་མ་ལགས་ཀྱིས་དེ་ལྟར་གསུངས་ཀྱིན།  ང་ཡོང་བ་མཐོང་མ་ཐག  ལྟོས་ཤིག  ད་ལོའི་ཞོག་སོན་ཆ་ཚང་སྐྱིན་པ་སྤྲོད་དགོས་ཆགས་པས།  ང་ཚོར་ཞོག་སོན་མེད་པ་ཆགས་སོང་ཞེས་གསུངས།  ང་ནི་ཞེད་ཐག་ཆོད་ནས་སྒོ་ཕྱིར་བྲོས་དགོས་བྱུང་།

ཉིན་དགུང་མ་ཟིན་ཙམ་ལ་ང་ཚོའི་ཁྱིམ་དུ་བོང་བུ་གཉིས་དེད་པའི་མི་ཞིག་སླེབས་ཤིང་།  བོང་བུ་རྐྱང་དཀར་དེར་འགྱིག་ཕད་ཁེངས་པོ་རང་མིན་པའི་དོ་པོ་ཞིག་བཀལ་ཡོད་ལ།  བོང་བུ་གཞན་པ་དེར་སྒ་གདན་ཁྲ་ཁྲ་ཞིག་ཡོད་པ་དེ་ཀོ་ཐག་ཅིག་གིས་བསྡམས་ཡོད།  ང་ཚོ་མཐོང་མ་ཐག  མི་དེས་ཕྲུ་གུར་རྔན་པ་སྟེར་ཟེར་གྱིན་རྒྱབ་ལ་ཁུར་བའི་པང་གདན་ཁུག་མ་སྔོག་སྟེ་རྒྱུག་པ་བྱིལ་རིལ་རེ་སྟེར་བྱུང་བས་ང་ཚོ་དགའ་ཐག་ཆོད་དེ་གཡུལ་ཁའི་ནང་ཐལ་རྩེད་རྩེ་བར་སོང་བ་ཡིན།

མི་དེས་དགུང་ཟས་སྟབས་བདེ་ཞིག་བཟས་རྗེས།  པཱ་ལགས་དང་མཉམ་དུ་ཞོག་སོན་བླུག་པའི་སྒྱེ་ཕད་གཉིས་པོ་བོང་བུ་གཉིས་ལ་འཕྲེད་འགེལ་བཏང་བ་དང་།  ལོ་ལྟར་རྒྱ་ནད་བརྒྱབ་སྟེ་ནང་གི་ཨ་མས་འབབ་ཡག་པོ་ཡོང་གི་མི་འདུག་ཅེས་ཁ་ནས་མ་ཎི་བགྲང་བགྲང་བྱེད་ཀྱིས།  ད་ལོ་ཕུ་ནས་ཞོག་སོན་ཉོས་པས་ཞོག་ཁོག་ཡག་པོ་ཡོང་ངེས། ཐུགས་རྗེ་ཆེ་ཞེས་བཤད་དེ་སོང་།

མགྲོན་པོ་སོང་ཟིན་པ་དང་།  པཱ་ལགས་ཀྱིས་འགྱིག་ཕད་ཁ་ཕྱེ་གནང་དུས།  ནང་དུ་དམར་ཧྲོག་ཧྲོག་གི་ཁམ་བུས་གང་ཡོད་པས་ང་ཚོ་ཚང་མ་འགྲམ་ཆུ་ཤོར།

ཁམ་བུ་དང་ཞོག་སོན་བརྗེ་མཁན་ཨ་ཡོད་ན།

ཁག་པོ་རེད།  ཡིན་ནའི་གཅིག་བྱས་ན་ཡོད་འགྲོ།

མེད་ན་གྲོང་པ་གཡས་གཡོན་ལ་ཏོག་ཙམ་ཏོག་ཙམ་བསྐྱི་རྒྱུ་རེད།

པཱ་ལགས་དང་ཨ་མ་ལགས་ཀྱིས་དེ་ལྟར་གླེང་མོལ་གནང་།

ཕྱི་ཉིན་པཱ་ལགས་ཀྱིས་ངེད་ཚོའི་བོང་བུ་རྐྱང་དཀར་ལ་ཁམ་བུ་བླུག་པའི་འགྱིག་ཕད་དེ་བཀལ་བ་དང་།  ལག་ཏུ་འཕུར་ཕྲུགས་ཡོགས་ཀྱིན་ཞོག་སོན་དང་བརྗེ་བར་ཕེབས།

གནའ་སྔ་མོ།  མི་ཚང་ཞིག་ལ་ཨ་མ་ཞིག་དང་ཕྲུ་གུ་ཞིག་ཡོད་ཅིང་།  འཚོ་བ་ཤིན་ཏུ་སྐྱོ་བས་ཉིན་ཞིག་ཕྲུ་གུ་དེས་ཁབ་གཅིག་ཁྱེར་ནས་ཡོང་།  ཨ་མ་དགའ་ཐག་ཆོད་དེ་འོ་བྱུང་།  པ་ཕ་མེད་པའི་ཕྲུ་གུ་འདིས་ཨ་མའི་དཀའ་ངལ་ཤེས་ཀྱིས་ཞེས་གསུངས།  དེ་ནས་ཉིན་འགའ་སོང་བ་ན།  ཕྲུ་གུ་དེས་སླར་ཡང་སྒོ་ང་ཞིག་ཁྱེར་བྱུང་བས།  ཨ་མ་དེས།  འོ་བྱུང་།  ཕྲུ་གུ་འདིས་ཨ་མའི་དཀའ་ངལ་ཤེས་ཀྱིས་ཞེས་གསུངས་ཏེ།  སྒོ་ང་དེ་བཙོས་ནས་མཉམ་དུ་བཟས།  ཡང་ཉིན་ཞིག་ཨ་མ་དེས་སྤུན་འཁེལ་གྱིན་ད་ནི་སྣམ་བུ་ཞིག་ལོངས་པར་བལ་ཏོག་ཙམ་བྱུང་ན་ཏག་ཏག་འགྲིག་སོང་གསུངས་པས།  ཕྲུ་གུ་དེས་ཕྱི་ཉིན་བལ་རྒྱབ་གཅིག་ཁྱེར་ཡོང་།  འོ་བྱུང་།  པ་ཕ་མེད་པའི་ཕྲུ་གུ་འདིས་ཨ་མའི་དཀའ་ངལ་ཤེས་ཀྱི་འདུག་ཟེར་བ་དང་།  བལ་དེ་བཀལ་ནས་སྣམ་བུ་བཏགས་པ་དང་ཕྱུ་པ་ནག་ཐིང་ངེ་བ་ཞིག་བཟོས།  ལོ་གསར་སླེབས་པར་ཟླ་བ་གཅིག་ལས་མེད་དུས།  ཕྲུ་གུ་དེས་གྲོང་སྟོད་ནས་གླང་ཞིག་བརྐུས་ཏེ་བཙོངས་པ་སྦྱིན་བདག་གིས་ཤེས་ནས་བཙོན་ལ་སྦྱར་བས།  ཁོས་འུ་ཐུག་འགྱོད་གདུང་ངང་ཨ་མ་རང་གིས་འོ་བྱུང་འོ་བྱུང་མ་བྱས་ན་ང་གཟིམ་ཆུང་⑧ནང་འཛུལ་དགོས་དོན་མེད་ཅེས་ཤོད་ཀྱིན་ངུ་ཤོར།

ས་རུབ་ནས་སྲོས་ཚུགས་པའི་སྐབས་སུ།  སྣུམ་བཞུའི་འོག་ཨ་མ་ལགས་ཀྱིས་རྟག་པར་སྒྲུང་དེ་འདྲ་གསུངས་པས་ངའི་སེམས་པ་གྲང་ཅང་ཅང་དུ་བཏང་བྱུང་།  ཐབ་སྟེང་དུ་བསྐོལ་བའི་ཟྭ་ཐུག་ལ་ཞོག་ཧྲུག་ཅུང་ཟད་བརྒྱབ་ན་ཞིམ་མོད།  གལ་ཏེ་ཞོག་སོན་ཡག་པོ་མ་རག་ན་ཞོག་ཧྲུག་དེ་ཚོ་ཞོག་སོན་ལ་རྒྱག་དགོས་པས་ཐུག་པ་སྟོང་སྟོང་རང་ཡིན།  ཡིན་ནའང་ཐང་ཁུག་ཆེན་པོ་དེའི་ནང་སྲན་རྩམ་གྱི་སྤགས་གཡོས་ཡོད་ལ་པཱ་ལགས་ཕེབས་པ་དང་ཐུག་པ་བཏུངས་ཆོག

པཱ་ལགས་ཕེབས་དུས།  སྲོས་ཚུགས་ནས་ཅུང་ཟད་འགོར་ཟིན།  ཕྱི་རོལ་མུན་པ་ནག་ཅིང་ཁུ་སིམ།  ཁོང་གིས་ཡིད་ཐང་ཆད་པའི་ངང་ཞོག་སོན་དང་བརྗེ་མཁན་དཀོན་པོ་འདུག  ཁྱིམ་ཚང་ཕལ་ཆེ་ཞོག་འབྲུ་བརྒྱབ་⑨ཚར་སྟེ་སོན་འདང་ཙམ་ལས་མི་འདུག་པས།  ངས་བལ་དང་མགོ་ཐུག་བརྒྱབ་པ་ཡིན་ཞེས་འགྱིག་ཕད་ཅིག་ཁུར་ནས་བྱོན།

ལོ་གསར་མ་ཟིན་གོང་།  པཱ་ལགས་ཀྱིས་དགུན་ཁ་བཏགས་གྲུབ་པའི་ཚོང་སྣམ་གཉིས་པོ་འབོག་གཅིག་གི་ནང་བསྒྲིལ་བ་དང་།  པང་གདན་རྙིང་པ་བཤིག་ནས་བཙེམས་པའི་ལྟོ་ཕད་དེའི་ནང་མར་དཀྲོག་འགའ་བླུག་སྟེ་ལྷ་སར་ཕེབས།

ཡིན་གཅིག་ཞུ་བ་ཕུལ་ཞིག  ངོ་ཚ་རུང་ཐབས་ཤེས་ཡོག་མ་རེད།

ཡིན་ནའི་རོགས་པ་གནང་ཨེ་མྱོང་།

གོ་ཐོས་སུ་ཁོང་གི་བུ་མོའི་ཟླ་བོ་ཕྱི་དོན་ལས་ཁུངས་སུ་དངུལ་བརྗེ་སྒྱུར་བྱེད་མཁན་རེད་ཟེར་བས།  རོགས་པ་མ་བྱུང་ན་གྱོང་གུན་དེ་འདྲ་གསབ་ཁག་པོ་རེད།

ཐོན་ཁའི་ཞོགས་པར་ཨ་མས་དེ་ལྟར་མངགས་བྱ་ནན་པོ་གནང་།

གྲ་ཕྱི་ནས་གྲ་ནང་བར་རླངས་འཁོར་གང་འབྱོར་དང་གོམ་པ་གང་ཐེབས་ཀྱིས་ཉིན་དགུང་ཕྱི་ཆར་གྲ་ནང་གི་གྲེ་མོར་འབྱོར་ཞིང་།  དེར་ཡུན་རིང་སྒུག་པས་ཅ་ལག་དབོར་མཁན་གྱི་ཝུའུ་ཧྲེ་ལིན་(五十铃 )ཞིག་གི་འཁོར་སྒྲོམ་སྟོང་པ་ཡིན་པས་དེར་བསྡད་དེ་ཕྱི་དྲོ་ས་རུབ་ཙམ་ལ་ལྷ་སར་འབྱོར།

ཨ་མ་སྐྱིད་པ་ལགས།  ད་རེས་སྣམ་བུ་བཙོངས་ནས་ལོ་གསར་གྱི་ཉོ་ཆ་དང་ཞོར་ལ་སྙན་སུན་ཞིག་གདོང་ལྤགས་དབྲལ་ནས་མ་ཞུ་ཀ་མེད་ཐུག་སོང་།

པཱ་ལགས་ཀྱིས་པང་གདན་ལྟོ་ཕད་ནང་ནས་མར་དཀྲོག་གཉིས་བཏོན་ཏེ་འབུལ་གྱིན།  མར་གསར་པ་རང་ཡིན་པས་ལོ་གསར་སྐབས་གསོལ་ཇ་བཟོ་རོགས་གནང་ཞེས་བཤད།

འ་བུ་ཨུ་རྒྱན་རྡོ་རྗེ་ནི།  དེ་འདྲའི་འཛེམ་སྣང་ལ།  གལ་ཡོག་མ་རེད།  ཤོད་དང་དོན་དག་ག་རེ་ཡོད།

ཐུབ་ཚོད་ཡོད་ན་རོགས་པ་བྱེད་དང་བྱེད།  མར་འདི་ཡང་ཐུགས་རྗེ་ཆེ།  ད་ལོའི་ལོ་གསར་ལ་ཏག་ཏག་བྱས་སོང་།

གནས་ཚང་ཨ་མ་སྐྱིད་པ་ལགས་ཀྱིས་ཞལ་འཛུམ་འཚེར་འཚེར་ངང་གསུངས།

ཁོང་སྐུ་ཤ་ཤིན་ཏུ་འབྱོར་བས་ཧོབ་སྟེ་བལྟས་ཚེ་རྒྱགས་ལོད་འཚམ་པའི་མི་གཉིས་གསུམ་མཉམ་དུ་ཟླ་སྒྲིལ་བཏང་བ་ལྟར་ཡོད་ལ།  མལ་ལེ་ཉིས་བརྩེགས་ཐེབས་ཡོད་པའི་ཐོག་གསེར་གྱི་མགུལ་རྒྱན་ཞིག་བཏགས་གནང་མོད་དེའི་ཐོག་གི་མུ་ཏིག་ནི་ཤིན་ཏུ་ཡ་ང་བ་ལྟར་སྣང་།  གཅིག་བྱས་ན་མགུལ་གྱི་བང་རིམ་མཐུག་ལ་གསེར་ཐག་སྦོམ་དྲགས་པས་ཡིན་ངེས།

ཁོང་གིས་དལ་བུར་འབོལ་ཁྲི་ལས་ཡར་ཙོག་ཙམ་གནང་བ་དང་།  དེ་ནས་པཱ་ལགས་ལ་གཟིགས་ཏེ།  ཤོད་དང་དོན་དག་ག་རེ་ཡོད་ཅེས་གསུངས།

ཁོང་གིས་སྟོད་ཐུང་ནང་ངོས་ཁུག་མ་ལས་འགྱིག་ཤོག་བསྒྲིལ་མ་དེ་བཏོན་པ་དང་།  དེའི་ནང་ནས་འགྱིག་གི་སྦྱར་སྤྱིན་ཚོས་གཞི་མི་འདྲ་བ་གཉིས་གསུམ་མཉམ་དུ་སྦྱར་བའི་ཤོག་ལྷེ་ཟུར་མ་ཚང་བ་དེ་ཉིད་བཏོན་ནས་ཁོང་ལ་སྤྱན་འབུལ་ཞུས།  ཁྱེད་ཀྱི་བུ་མོའི་ཟླ་བོར་འདི་ཉིད་འགྲོ་སྐྱོད་ཐུབ་པ་ཞིག་དང་བརྗེ་བར་མགོ་འདོན་གནང་རྒྱུའི་སྐྱབས་འཇུག་ཞུ་རྒྱུ་ཡིན་ཞེས་ཞུས།

ག་རེ་རས།

པཱ་ལགས་ཀྱིས་དེ་ཉིད་ཁོང་གི་ཕྱག་ལ་ཕུལ་བས།  ཁོང་གིས་དཔྲལ་ཐོག་ཏུ་བཞག་གནང་ཡོད་པའི་སྤྱན་ཤེལ་མར་འཐེན་ཏེ་ཞིབ་ཀྱིས་གཟིགས།

དཔེ་སྲིད་དོགས་མེད།  གང་འདྲ་བྱས་པ་རེད་པས།

ལུང་པའི་མདའ་ནས་ཡིན་པའི་སྤུན་མཆེད་ངོ་ཤེས་ཤིག་གིས་ཞོག་སོན་ཉོ་རོགས་ཞེས་བསྐུར་བ་རེད།  ངས་རྩིགས་སྲུབས་ཏུ་སྦས་བཞག་པས་ཕྲུ་གུ་འཚུབ་གཏེ་ཞིག་ཡོད་པ་དེས་སྔོག་འཕྲོ་བརྒྱབ་⑩ནས་ཁྱེར་བ་དང་སིལ་སིལ་བཟོས་འདུག

ཆག་སྒོ་བསླངས་པ་རེད།

རེད་ལགས།

བྱས་ན་དཔྱིད་ཀ་ཞོག་སོན་མེད་དམ།

ལགས་བཀའ་གནང་རང་།  ནང་གི་ཞོག་སོན་ནས་སྐྱིན་པ་འཇལ་དགོས་བྱུང་།

ཨ་མ་སྐྱིད་པ་ལགས་ཀྱིས་ཤོག་ལྷེ་དེར་སླར་ཡང་ཞིབ་ཀྱིས་གཟིགས་པ་དང་དེ་ནས་འབོལ་ཁྲིའི་ཐོག་བཞུགས་སྐྱོར་ཞིག་གནང་སྟེ།  སྣང་དག་རང་མེད་འགྲོ།  ངས་བུ་མོའི་ཟླ་བོར་ལབ་ནས་ཐབས་ཐོན་ཟེར་ཆོག

ཐུགས་ཆེ་གནང་།  གང་དྲག་ཅིག་གནང་རོགས།  འདི་ཚོང་ཁང་མང་པོར་སོང་ནས་འགྲོ་མིན་བལྟས་མོད་ཡོང་གི་མི་འདུག

ག་པར་འགྲོ་གི་རས།  རལ་པོ་འདི་འདྲ་ཆགས་པས་མ་ཚད་ཟུར་ཡང་ཚང་མི་འདུག

ལགས་བཀའ་གནང་རང་།

དགོང་མོ་དེར་ལྷ་སའི་ནམ་མཁའ་གཡའ་དག་ལ།  སྒེའུ་ཁུང་ནས་འཕྲོས་ཡོང་བའི་ཟླ་འོད་ཀྱིས་པཱ་ལགས་མལ་སའི་ནང་དྲོ་སྐྱིད་ཀྱི་ཚོར་བས་ཁེངས།

ཕྱི་ཉིན་གནས་ཚང་སྦྱིན་བདག་ཨ་མ་སྐྱིད་པ་ལགས་བརྒྱུད་བུ་མོའི་ཟླ་བོ་བཙལ་བ་དང་།  མར་དཀྲོག་རྡོག་གཅིག་ཕུལ་ནས་དེ་དོན་ཞུས།  ཁོང་ནི་ལོ་ངོ་བཞི་བཅུ་བུད་མ་ཐག་པའི་སྐྱེས་པ་དར་མ་རྒན་འཆར་ཞིག་ཡིན་ཞིང་།  སྐུ་གཟུགས་སྟོབས་ཆེ་བ་ཕྱི་ལུགས་ན་བཟའ་ཞིག་མནབས་པའི་ཐོག་འཇུར་རྟ་འོད་ཀྲིག་ཀྲིག་བྱེད་པ་ཞིག་བཞེས་ཡོད་པས་ཉམས་དང་ལྡན་པ་ཞིག་རེད།

ཨ་མ་ལགས་ཀྱིས་ང་ལ་གསུངས་བྱུང་།  སྔོན་ལ་ངས་བལྟས་ཆོག  ཡིན་ནའང་ཉིན་མ་ཁ་ཤས་སྒུག་དགོས་ཀྱི་རེད།

ཐུགས་རྗེ་ཆེ།  རྒན་ལགས་ལ་སྐུ་ལས་གཏད་སོང་།

སྐྱོན་མེད།  རོགས་པ་བྱེད་ཐུབ་ན་ཡག་ཤོས་རེད།  མ་གཞི་ནས་ཁྱེད་རང་སྔོན་ཆད་བར་སྐོར་སྒོ་རྭ་ཤར་གྱི་རྨོ་བོ་གཡང་སྐྱིད་ལགས་ཀྱི་སར་ཐགས་བཏགས་ནས་བཞུགས་པ་མ་རེད་པས།

ལགས་རེད།  ལོ་ཉི་ཤུ་ལྷག་གི་གོང་ལ་ཡིན་པ་ཡོད།

ངའི་ཨ་མ་ལགས་དང་ཁོང་སྒོ་རྭ་གཅིག་པ་རེད།

ལས་སེ།  ད་ནི་ངོ་མ་ཤེས་པས་དགོངས་དག

རེད་རེད།  དེ་དུས་རྨོ་བོ་ལགས་ཀྱིས་གྲ་ནང་འ་བུ་ཞེས་གསུངས་ཀྱི་ཡོད་པ་ཡོད།

རེད་ལགས།  ཐགས་བཏགས་ནས་སྡོད་དུས་བྱམས་སྐྱོང་གང་མིན་ཚད་གནང་བྱུང་།

བྱས་ན་ཁྱེད་རང་སྒུག་བཞུགས་དང་།  དོན་དག་བྱུང་བ་དང་ངས་ཨ་མ་ལགས་ལ་ལྗགས་ལན་ཕུལ་ཡོང་།

ལགས་སོ།  ཐུགས་རྗེ་ཆེ།  བྱ་བ་ལམ་འགྲོ་གཏོང་རོགས་གནང་།

པཱ་ལགས་ཀྱིས་ལྷ་སར་ཉིན་ཤས་སྒུག་པ་དང་།  དེའི་རིང་སྔོན་ཆད་ཐགས་བཏགས་ནས་སྡོད་དུས་ངོ་ཤེས་པའི་སྦྱིན་བདག་པཱ་ལགས་དང་ཨ་མ་ལགས་དེ་ཚོའི་སར་སོང་ནས་སྣམ་བུ་སྤུས་གཟིགས་གནང་མིན་བཀའ་འདྲི་ཞུ་བར་ཕེབས་པས་རིང་མིན་སྣམ་བུ་གཉིས་ཀའང་བྲིན་པས་ཡིད་དགའ་ལྷང་ངེ་བ་བྱུང་།

ད་ནི་སྐྱབས་བཅོལ་ཞུས་པའི་དོན་དེར་རེ་འབྲས་སྨིན་ཚེ་ཡོད་ཚད་ལམ་ལྷོངས་བྱུང་བ་རེད།

དེ་དུས་ང་ལོ་བཅུ་ཟིན་ཙམ་ཡིན་ངེས།

གང་ལྟར་ཕྱུ་པ་དམར་སྨུག་ཅིག་གྱོན་ནས་དམར་རིལ་རིལ་ངང་འགྲོ་མཁན་ཞིག་ཡོད།

ཇོ་ཇོས་ལོ་མང་རིང་ལྷ་ས་དང་ནག་ཆུ།  ཀོང་པོ་རྒྱ་མདའ།  སྣང་རྫོང་སོགས་སུ་ཤིང་བཟོ་གཏོང་བར་སོང་ནས་ཡོང་འབབ་བསགས་ཏེ་ན་ནིང་ཆེད་མངགས་རྩེད་ཐང་དུ་མོ་ཏྲའི་ལག་འཁྱེར་སྦྱོང་བར་སོང་རྗེས་ད་ལོ་མོ་ཏྲ་འདི་ཉོས་པ་རེད།

མོ་ཏྲའི་ནང་ངེད་གཉིས་ལས་མེད་ཅིང་།  ཚལ་དང་ཤིང་ཏོག  ཁ་ཏོག་སོགས་ལོ་གསར་མཁོ་ཆས་སྣ་ཚོགས་བླུགས་པའི་འགྱིག་ཤོག་དེ་དག་རྒྱབ་ཀྱི་རྐུབ་སྟེགས་ཐོག་འཕྲེད་ཉལ་ངང་ཡོད་ལ།  འགྱིག་ཕད་དེར་ནང་མི་ཚོའི་ལོ་གསར་གྱི་གྱོན་པ་གསར་པ་དག་བླུག་ཡོད།

སྟོན་གཞུག་ཡོལ་ནས་དགུན་ཁ་ཟིན་ཚར་བ་དང་།  ཞོག་འབྲུ་རྒྱག་པར་མ་སོང་གོང་ཡིན་གྱི་རེད།

དཔྱིད་ཀ་མ་རེད་པས།  ངའི་དྲན་ཚོད་ལ་དེ་དུས་བ་ཕྱུགས་ཉིན་དགུང་གྲམ་པར་དེད་ནས་དགུང་ཆུ་སྟེར་གྱི་ཡོད།

མ་རེད།  ཞོག་འབྲུ་བརྒྱབ་ཚར་ན་ཞོག་ཁོག་ཚོང་མཁན་མེད་བག  མ་གཞི་ནས་དེ་སུས་མངགས་སམ།

དེ་མདའི་སྤུན་མཆེད་ཅིག་གིས་ཞོག་སོན་ཉོ་ཆེད་བསྐུར་བ་རེད།

ཧེ་ཧེ།  ཏོག་ཙམ་མིན་ན་དཔེ་བསགས་པ་རེད།

རླངས་འཁོར་གྱི་སྒྲ་སྒམ་ལས་ཤིན་ཏུ་སྙན་པའི་ཁམས་གླུ་ཞིག་གྲག་བཞིན་ཡོད་ལ།  ཇོ་ཇོས་ལག་གཉིས་ཁ་ལོ་སྐོར་ཆས་བཟུང་སྟེ་གཟབ་གཟབ་ངང་བསྐོར་གྱིན་ཁ་ནས་གླུ་ཐོས་ལ་མ་ཐོས་ངང་ལེན་པར་བྱེད།  ལོ་འདི་གར་མཚོ་མཐིལ་གྲོང་ཚོའི་ནང་གི་གཞོན་པ་ཚོ་ཁ་ལོ་བའི་ལག་ཁྱེར་བླངས་ནས་མེན་པའོ་རླངས་འཁོར་ཉོ་བའི་ཚ་རླབས་ཤིག་འཕྱུར་བ་དང་། ཚོན་གཏོང་མཁན་དང་ཤིང་བཟོ་བ་རྣམས་ནི་དེའི་ནང་ནས་ཧུར་བརྩོན་ཚ་ཤོས་དང་མངོན་གསལ་དོད་ཤོས་ཡིན།

ཕྱི་རོལ་དུ་གྲང་རླུང་འུར་འུར་ལྡང་བའི་སྒྲ་རབ་རིབ་ཅིག་གོ་འོངས།  ལྷ་ས་ནས་ཐོན་དུས་ཉི་མ་བཞུད་ཟིན་པས།  ལམ་བར་དུ་བརྡལ་གླ་སྒུག་མཁན་མི་གཅིག་ཀྱང་མ་རག

མི་ཆ་ཚང་ལོག་ཚར་བ་འདྲ།  ངས་དེ་ལྟར་བཤད་པས།  ཇོ་ཇོས་གདོང་ལ་རྣམ་འགྱུར་ཅི་ཡང་མེད་པའི་ངང་ལོག་ཚར་དགོས་བྱུང་།དེང་སང་ས་རུབ་རུབ་བར་སྡོད་མཁན་གཅིག་ཀྱང་མེད་ཟེར་བྱུང་།  སྐད་ཆ་དེ་ཟེར་དུས་ཇོ་ཇོའི་ཐར་ཐོར་དུ་སྐྱེས་པའི་སྨྲ་ར་རིང་མིན་ཐུང་མིན་དེས་འགུལ་ཙམ་འགུལ་ཙམ་བྱེད་ལ།  ཚོས་མདོག་ནག་པོ་མིན་པར་སེར་འཚུབ་འཚུབ་ཡོད་པས་དེ་ནི་བོད་རིགས་ཤིག་གི་ངོ་གདོང་ཐོག་སྐྱེས་པ་དང་ཡེ་ནས་མི་འདྲ།

དགོང་མོ་དེར།  སྲོས་ཚུགས་རུང་ཁོ་ད་དུང་ལམ་ན་ཡོད།  གད་པ་ཆེན་པོ་དེ་འཛེགས་པར་ད་དུང་ཡུད་ཙམ་འགོར་སྲིད།  ཁོས་སྨག་ནག་པའི་གྲམ་གཞུང་ཁྲོད་ཀྱི་གཞུང་ལམ་སྐྱ་སིང་ངེ་བ་དེའི་ཐོག་གོམ་ལག་བྲེལ་པོས་འགྲོ་བཞིན་ཡོད།  ཁོའི་སེམས་སུ་གང་ཡིན་འདི་ཡིན་མེད་པར་ཞེད་འཚུབ་འཚུབ་ཅིག་བྱུང་ཞིང་ཡང་ནས་ཡང་དུ་རྒྱབ་ཕྱོགས་སུ་ལྟ་དགོས་བྱུང་ལ།  འགྲོ་གིན་འགྲོ་གིན་གློ་བུར་རྒྱབ་ཕྱོགས་ནས་ཧྲེང་ཧྲེང་ཧྲེང་ཞེས་པའི་སྒྲ་ཞིག་གྲག  ཁོས་རྒྱབ་ལ་ཕྱིར་མིག་ཡང་དུ་བལྟས་མོད་ཅི་ཡང་མེད་རུང་མིག་ཟུང་མདུན་ལ་ཕྱོགས་ཚེ་སྒྲ་དེ་ཉིད་གྲག་འོང་བས།  རྐང་རྒྱུག་ཧྲེང་ཟེར་བའི་ཆོ་འཕྲུལ་དེ་མིན་ནམ་སྙམ་ནས་དེ་བས་དངངས་ཤིང་སྐྲག  ཁོས་རང་དབང་མེད་པར་ངག་ནས་མ་ཎི་འདྲེན་པ་དང་དེ་ནས་རྒྱབ་ཏུ་ཡང་ནས་ཡང་དུ་ལྟ་བར་བྱེད།

ཁོ་རང་གད་པ་འཛེགས་སའི་དཀན་པ་ཡོད་སར་སླེབས་དུས་ཚེར་ཕུང་ཆེན་པོ་དེ་ཉིད་ནི་མི་ཞིག་དང་འདྲ་བར་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ཡུག་ཙམ་ཡུག་ཙམ་བྱེད་པས།  ཁོ་རང་དངངས་སྐྲག་གིས་ངག་ནས་སྒྲོལ་མ་འདོན་དགོས་བྱུང་།  ཁྱིམ་ལ་ལོག་སའི་ལམ་གཞན་མེད་པས་ཁོས་ཨུ་ཚུགས་ཀྱིས་གདོང་གཏད་ནས་མ་འགྲོ་ཀ་མེད་ཐུག  གློ་བུར་ཚེར་ཕུང་དེའི་རྒྱབ་ནས་བོང་བུ་ཞིག་ཐོན་པ་དང་ཁོ་རང་མཐོང་མ་ཐག་མཆུ་བརྐྱངས་ནས་སོ་ཚེག་ཚེག་བྱས་པས།  ཁོ་ནི་སྙིང་ཁ་ནས་ཐོན་པ་ལྟར་དངངས་སྐྲག་གིས་དཀན་པ་དེ་ཇི་ལྟར་འཛེགས་སོང་བའང་མ་ཤེས་པར་ཁང་པའི་རྒྱལ་སྒོ་འཛུལ་ཟིན།

ཁྱིམ་དུ་སླེབས་དུས།  ཁོ་ལ་ཆོ་འཕྲུལ་རིམ་པ་དང་པོ་རྐང་རྒྱུག་ཧྲེང་དང་རིམ་པ་གཉིས་པ་བོང་བུ་སོ་ཚེག་བསྟན་པ་ཤེས་པས།  ཁོས་ད་ལྟ་རང་ཉིད་གང་ཡིན་འདི་ཡིན་མེད་པར་ཆོ་འཕྲུལ་བསྟན་པའི་དོན་དེ་འདྲ་ཞིག་དྲན་པ་ཚོར་དུས་རང་དབང་མེད་པར་རྒྱབ་ལ་ལྟ་དགོས་བྱུང་།

རྒྱབ་ཕྱོགས་ནི་མུན་པ་ནག་པོ་ཡིན་ཞིང་།  ཇོ་ཇོ་ནི་རིག་པ་རྩེ་སྒྲིམ་གྱིས་ཁ་ལོ་སྐོར་བཞིན་འདུག  མདུན་ཕྱོགས་སུ་ལམ་ཁོ་ན་སྐྱ་སིང་ངེ་བ་ཕུད་རི་བོའི་ནག་དབྱིབས་རབ་རིབ་ཅིག་མཐོང་བ་ལས།  ཁྱིམ་གྱི་བཟོ་དབྱིབས་སོགས་པ་གང་ཡང་རིག་ས་མེད།

དེ་རིང་ལམ་འགག་པས་ཕྱི་པོ་ཆགས་སོང་།  ད་ནི་འགྲུལ་པ་ཡང་རག་གི་མ་རེད། ངས་དེ་ལྟར་ཤོད་དུས་ཇོ་ཇོས་མིག་ཟུང་མདུན་ལམ་ལས་གཡོལ་མེད་ངང་ལོ་གསར་སྐེ་མཚམས་ལ་མི་འགྲུལ་ཆེ་བས་འཕྲུལ་འཁོར་ཐུག་ཐུག་བྱེད་པ་མང་པོ་རེད།  འགྲུལ་པ་མ་རག་པར་ག་རེ་ཡོག་རས།  ནང་ལ་བདེ་ཐང་ངང་ལོག་རྒྱུ་བྱུང་བ་དེ་ག་རང་གིས་འགྲིག་ཅེས་ཟེར།

འགྲུལ་པ་གཅིག་གཉིས་རག་ན་སྣུམ་རིན་ཐོན་གྱི་རེད།

མོ་ཏྲ་འདི་སྣུམ་ཤིན་ཏུ་བཟོ་པོ་འདུག  ལྷ་ས་ནས་ཁྱིམ་བར་སྒོར་སུམ་བཅུ་ཙམ་གྱིས་འདང་ལྷག་ཡོང་།

ངེད་གཉིས་ཡུད་ཙམ་ཁུ་སིམ་པོར་ལུས་པས།  ཇོ་ཇོས་སླར་ཡང་གླུ་ལེན་པར་བྱེད།  ཕྱི་རོལ་མུན་པ་ཇེ་ནག་ནས་ཇེ་ནག་ཏུ་འགྲོ་ཞིང་ལམ་འགྲམ་རྒྱ་ལྕང་དེ་དག་མིག་ཡུག་ཙམ་ཡུག་ཙམ་ནས་རྒྱབ་ཏུ་ལུས་འགྲོ།  དེ་རིང་ལམ་བར་དུ་འཁོར་བགེགས་ཤིག་གིས་ལམ་འགག་ནས་ཕྱིར་བསྡད་རྐྱེན་ཅུང་ཟད་འཁྱགས་པའི་ཐོག  དགུང་ཟས་ཤ་འབྲས་དེ་ཞག་ཚི་ཆེ་བས་ཡིན་ནམ་ཞེ་མེར་བའི་ཚོར་སྣང་ཞིག་བྱུང་།  ངས་མིག་མདུན་གཞུང་ལམ་ལ་བལྟས་པས་ཞེ་མེར་བའི་ཚོར་བ་ཅུང་འཇགས།

སྔོན་མ་ཆོ་འཕྲུལ་མང་པོ་བསྟན་པ་ལ་དེང་སང་དེ་འདྲ་མ་བསྟན་པ་གང་ཡིན།

ངས་དེ་ལྟར་དྲིས་པས།  ཇོ་ཇོས་མདུན་ཕྱོགས་ནས་མིག་མ་བྲལ་བའི་ངང་དེང་སང་སྲོས་ཚུགས་དུས་ད་དུང་འགྲུལ་བཞུད་བྱེད་མཁན་ཧ་ལམ་མེད།  ཆོ་འཕྲུལ་ནི་མི་གཅིག་ཁོ་ནར་མ་གཏོགས་བསྟན་གྱི་མ་རེད་ཟེར།

རླངས་འཁོར་ནང་ཡུད་ཙམ་ཁུ་སིམ་མེར་ལུས།  གཞུག་ལ་ཞོག་སོན་ཉོ་ཐུབ་པ་ཡིན་ནམ།  ངས་སླར་དྲིས་པས།  ཇོ་ཇོས་ཧེ་ཧེ་ཞེས་དགོད་ཀྱིན་དངུལ་མེད་པར་ག་པར་ཉོ་ཐུབ་ཀྱི་བག་ཟེར།

དངུལ་ག་ཚོད་རས།

གཅེན་པོ་འགྱུར་མེད་བསམ་གཏན་དང་གཅུང་པོ་འབྱོར་ལྡན།  གཅུང་མོ་བཀྲ་ཤིས་ལྷ་སྒྲོན།  བདེ་སྐྱིད་སྒྲོལ་མ།  པ་སངས་ལྷ་སྐྱིད་བཅས་ཀྱིས་མ་གྲོས་གཅིག་མཐུན་ངང་ཡ་མཚན་གྱིས་དྲིས།

ཇོ་ཇོས་ཆང་ཧུབ་གང་བཏུངས་ནས་ད་ནི་ལོ་མང་སོང་བས་བརྗེད་འདུག་ཟེར།

ངས་ཚོད་དཔག་ཅིག་བྱེད་དང་ཟེར་བས།  ཁོང་ཚོས་རང་རང་གི་བསམ་ཚོད་ལྟར་སྣ་ཚོགས་བཤད།

སྒོར་དྲུག་བཅུ་རེད།

ངས་དེ་ལྟར་བཤད་པས།  ཨ་མ་ལགས་ཀྱིས་མ་ཎི་ལག་སྐོར་བསྐོར་མཚམས་བཞག་གནང་སྟེ་ང་ལ་གཟིགས་ཀྱིན།  དེ་དུས་སྒོར་དྲུག་ཅུ་ཟེར་ན་དེང་སང་སྟོང་ཕྲག་གཉིས་གསུམ་དང་འཛའ་ཐང་ཆ་ཡིན་གྱི་རེད།  དེ་དུས་རང་གིས་ང་ཚོར་ལས་ཀ་བཟོས་བྱུང་གསུངས།

དེ་དུས་འཚུབ་པོ་བྱས་ཙང་དོ་དགོང་དྲན་གསོ་བྱེད་རྒྱུ་འདུག་ག  ངས་ཡིད་ཚིམ་པའི་ངང་བཤད་པས་པཱ་ལགས་གཉིད་ཅོག་ལས་སངས་ཏེ་དབུ་དགྱེ་དགྱེ་གནང་བ་དང་།  ག་ནས་ཡིན་པཱ་ཞེས་གསུངས།

པཱ་ལགས་ཉལ་བར་ཐོན་མཛོད།

གཅུང་མོ་བཀྲ་ཤིས་ལྷ་སྒྲོན་གྱིས་དེ་ལྟར་སྐུལ།

ད་ལྟ་སྔ་པོ་ཡིན་གྱི་རེད།

པཱ་ལགས་ཀྱིས་དེ་ལྟར་གསུངས་ཀྱིན་ཉལ་བར་ཕེབས་རྩིས་ཀྱང་མ་གནང་།

ང་ཚོ་ནང་མི་ཚོ་སྐྱིད་གཏམ་སྡུག་གཏམ་བཤད་དེ་ནམ་ཕྱེད་བར་ཟིན་ཡོད་ལ།  ཚ་བོ་དང་ཚ་མོ་རྣམས་གཉིད་ཀྱིས་བཟི་ནས་མལ་ཁྲིའི་ཐོག་གཡས་འགྱེལ་གཡོན་འགྱེལ་དུ་ཡོད།     

ཨ་ཁུ་ལགས་ཀྱིས་ལྕགས་ཐབ་མདུན་དུ་བཞུགས་ཏེ་མེ་བུད་རྐྱང་གནང་བས་དཀྱིལ་ཐབ་དང་ཟུར་ཐབ་ཐོག་བཀབ་པའི་ཧུའུ་གསུམ་ཀ་ལས་འཁོལ་རླངས་ཆིལ་ཆིལ་འཐུལ།

ད་ཉལ་ཏོ།  སྐར་མ་སྨིན་དྲུག་ཀྱང་ནུབ་ལ་བྱོན་འདུག

ཏོག་ཙམ་སྡོད་དང་།

བྱས་ན་དངུལ་རལ་པོ་དེ་བརྗེ་ཐུབ་པ་རེད་དམ།

བཤད་ནས་གང་ཡོང་།  ས་ལྷ་སར་འགྲོ་དགོས་བྱུང་བ་རེད།

དཔེ་སྲིད་དོགས་མེད།

པཱ་ལགས་སླར་གཉིད་ཅོག་ལས་སངས་ཏེ་དབུ་དགྱེ་དགྱེ་གནང་བ་དང་དུས་སང་ལོ་གསར་ལ་ཕྲུ་གུ་ཆ་ཚང་ཁྲ་ཁྲ་རོག་རོག་ངང་ལོག་ཤོག་ཅེས་གསུངས།

ཨ་མ་ལགས་ཀྱིས།  ཨོ་རྒྱན་རྡོ་རྗེ་རང་ཉོལ་ཤོག  ང་ཚོས་ཤར་ཟེར་ན་རང་གིས་ནུབ་ཟེར་གྱིས་ཞེས་དགོད་ཚེག་ཚེག་ངང་གསུངས།

མ་རེད།  ངས་ཟེར་ན་ཆ་ཚང་འཛོམས་རྒྱུ་ཉུང་དུ་ཉུང་དུ་འགྲོ་བས་ཡོང་ཐུབ་ན་ཡག་ཤོས་རེད་ཟེར་བ་ཡིན།

ཡོང་དགོས་བྱུང་།  སོ་སོའི་ནང་ལ་མ་ཡོང་ན་ག་པར་འགྲོའམ།

ཨ་མ་ལགས་ཀྱིས་དེ་ལྟར་གསུངས་དུས་བུ་མོ་གཉིད་ལས་སད་དེ།  ང་ལ་གཏད་ནས་པཱ་ལགས།  ང་གཅིན་པ་བྲོ་ཡིས་ཟེར་བས་ངས་གདན་ཁྲི་ལས་ཡར་ལངས་ཏེ་བུ་མོ་སྤྱོད་ནང་ལ་ཁྲིད།

པཱ་ལགས།  གནམ་ལ་སྐར་མ་མང་པོ་འདུག  ད་དུང་སྐྱ་ཤག་ཤག་ཅིག་འདུག་ཟེར།

དེའི་མིང་ལ་དགུ་ཚིགས་སྐྱ་མོ་ཟེར་ཞིང་གནམ་གྱི་སྐེ་རགས་རེད་ཅེས་བཤད་པས།  བུ་མོས་ཡ་མཚན་ངང་གནམ་ལའང་སྐེ་རགས་ཡོད་དམ་ཟེར།

ཡོད་དགོས་བྱུང་།  སྐེ་རགས་མེད་ན་སྐར་མ་ཚང་མ་གནམ་གྱི་ཨམ་ཕྲག་ནས་ཟགས་ཀྱི་རེད།

ཡེ་ཡེ།  གནམ་ལ་སྐེ་རགས་མེད་ན་དགའ་བ་ལ།  ངས་སྐར་མ་ཞིག་སྒྲུག་ནས་ཕུ་དུང་ནང་བླུག་གི་ཡིན།  དེ་ལྟར་བྱས་ན་དགོང་མོ་ས་རུབ་ནས་འགྲོ་དུས་བཞུ་མར་དགོས་ཀྱི་མ་རེད་ཟེར་བྱུང་།

①གསུང་བརྟག་ཞུས།   མོ་བརྒྱབ་ནས་གཞུང་བསྲལ་བར་གོ།  

②ཞག་མོ།   གཙང་མའི་དོན་ལ་གོ།

③དམེ་སྡུག་བསྐྱོན།   གཅིག་པུར་དམོད་བོར་བ་དང་ཕག་ལབ་བརྒྱབ་པར་གོ   

④  ཉོ་ཟ་གཟེད།   གཤེ་གཤེ་དང་ཉེས་རྡུང་ཅིག་ཅར་ངང་སྤེལ་བའི་དོན་ལ་གོ།   

⑤ཁ་གཡོག   ཐུར་མའི་དོན་ལ་གོ་ཞིང་ཁའི་གཡོག་ལྟབུ་ཡིན་པས་བྱེད་ནུས་ཀྱི་ཆ་ནས་བཏགས་པ་ཞིག་གོ།

⑥ཨ་ནིང་།   ཏོག་ཙམ་དང་ཆུང་ཆུང་སོགས་ཀྱི་དོན་ལ་གོ།

⑦ འདྲེ་འཁྱོག  གཡོན་ལག་ལ་འདྲེ་འཁྱོག་ཅེས་ཟུར་ཟའི་མིང་ལྟ་བུར་འབོད་པའོ།

⑧གཟིམ་ཆུང་། དམངས་ཁྲོད་དུ་བཙོན་ཁང་ལ་གཟིམ་ཆུང་ཞེས་བསྟོད་པའི་ཚུལ་གྱིས་སྨད་པའི་འབོད་སྟངས་ཤིག་གོ།

⑨  ཞོག་འབྲུ་རྒྱག་པ།  སྟོན་མཇུག་ཏུ་ཞོག་ཁོག་དང་གྲོ་བརྗེ་བའི་སྲོལ་ཞིག་ཆགས་པར་གོ།

⑩སྔོག་འཕྲོ་བརྒྱབ།  ལྐོག་ཏུ་ཅ་ལག་སོགས་སྔོག་པའི་དོན།

ནམ་མཁའ་བཀྲ་ཤིས།  སྐྱེ་ཡུལ་ལྷོ་ཁ་གྲ་ནང་།  2011ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན།  2007ལོ་ནས་བརྩམས་ཆོས་སྤེལ་འགོ་ཚུགས།  ད་བར་སྒྲུང་དེབ་གཟུགས་འགྱུར་བའི་སྒོ་ང་དང་ཆུ་བོ་ལོ་ཧི་ཏའི་འགྲམ་ངོགས།  ནུབ་ཀྱི་སྐར་མ་སྨིན་དྲུག་གསུམ།  བསྒྱུར་རྩོམ་དེབ་ལ་ངག་རྒྱུན་དང་གངས་ལྗོངས་ཀྱི་གཅེས་ཕྲུག་བཅས་ཡོད་ཅིང་བརྩམས་ཆོས་འགར་ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་དང་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་སོགས་ཐོབ།  2024ལོར་ལུའུ་ཞུན་རྩོམ་རིག་སློབ་གླིང་ན་གཞོན་རྩོམ་པ་པོའི་མཐོ་རིམ་བགྲོ་གླེང་འཛིན་གྲྭ་སྐབས་ཞེ་ལྔ་པར་ཞུགས།  ད་ལྟ་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།  གཞིས་ཀ་རྩེ་གྲོང་ཁྱེར་རྩོམ་པ་པོ་དང་དམངས་ཁྲོད་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་གཅིག་ལྕོགས་ཁུར་བཞིན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།