ཡི་ག་འཆུ་བ། ཚེ་དབང་རྣམ་རྒྱལ།

ཡོང་ཁུངས། སྦྲང་ཆར། 2025ལོའི་དེབ་གསུམ་པ།

དྲང་མོར་བཤད་ན།  བཀྲ་ཤིས་ངའི་ཁ་གཏད་དུ་སྡོད་པའི་དུས་ཐོག་ཐག་ཏུ།  ངས་ནི་ཁོའི་ཁ་འབའ་ཞིག་ལས་གཞན་གང་ཡང་མཐོང་མ་སོང་།  ཐོག་མར་ཁ་དེ་རུ་འབྲས་ཆན་ཐུར་མས་ལོན་ཚོད་ཅིག་དྲངས་ཤིང་།  དེ་ནས་སྔོ་ཚོད་དང་བཅས་པའི་ཤ་རྡོག་ཅིག་གི་རྒྱབ་སྣོན་བཅུག་རྟིང་།  ཁུ་བ་ཁེམ་གང་གི་སྣོན་པའང་དེའི་མཇུག་ཐོགས་དེ་མ་ཉིད་དུ་བཏབ།  དེའི་མུར།  ཡང་བསྐྱར་འབྲས་ཆན་དང་སྔོ་ཚོད།  ཁུ་བའི་སྔ་ཕྱིའི་གོ་རིམ་མ་འཛོལ་བར་ཡང་ནས་ཡང་དུ་བསྐྱར་ཟློས་སུ་འདྲེན་པར་བྱེད།  འོན་ཏེ།  བསྐྱར་ཟློས་ཀྱི་བྱུང་བ་འདི་ཇི་ལྟར་ཟོ་ཆུན་ཁྱུད་མོའི་ཚུལ་གྱིས་འཁོར་བར་གྱུར་ཡང་རུང་།  ཆེས་ཐོག་མར་འབྲས་ཆན་གྱི་ཟས་ཕུད་རྡོག་པོ་དེ་ཁ་ཞེས་པའི་བུ་ག་དེར་འདྲེན་སྐབས།  སྨ་ར་སེང་སེང་པོ་དེར་ཐོགས་ནས་ཁ་འགྲམ་དུ་ལུས་སོང་བའི་འབྲས་ཀྱི་འབྲུ་རྡོག་དེ་ད་དུང་ཡང་སྔར་མལ་ན་ལྷམ་མེ་ལྷན་ནེ་ལྷང་ངེར་མཐོང་ཐུབ།  ངས་ནི་ཁོས་འབྲས་ཆན་དང་སྔོ་ཚོད།  ཁུ་བ་བཅས་ལུ་གུ་རྒྱུད་དུ་འདྲེན་པའི་བསྐྱར་ཟློས་ཐེངས་གཅིག་གིས་ཁ་འགྲམ་གྱི་འབྲས་རྡོག་དེ་ཕྱིས་སོང་ན་ཅི་མ་རུང་སྙམ་གྱིས་ཨམ་གཙིགས་ཅི་ཙམ་བསྡམས་པ་ཁྱོད་ཀྱིས་ག་ལ་རྟོགས་ཨང་།  དེ་ལྟ་ནའང་།  འབྲས་ཀྱི་འབྲུ་རྡོག་དེ་སུས་ཀྱང་མི་ཚུགས་པའི་བརྟན་བརླིང་ཞིག་གིས་སྔར་མལ་དུ་སོ་ན་གནས་ཤིང་།  བཀྲ་ཤིས་ཀྱི་མཆུ་སྒྲོས་མཐུག་པོ་དེའི་འགུལ་སྐྱོད་དང་བསྡོངས་ནས་དུས་དུས་སུ་འཕག་ཙམ་འཕག་ཙམ་བྱས་འོངས།  དེ་མ་ཐག  ཁོ་བོས་ཡང་བསྐྱར་འབྲས་རྡོག་དེ་མཆུ་སྒྲོས་ལེབ་མོ་དེའི་ལྡེམ་ཤུགས་ལས་ཐང་ལ་ཡེར་བར་རེ་ལྟོས་ཇི་ལྟ་བུ་ཞིག་བཅངས་པའང་ཁྱོད་ཀྱིས་ཅི་བས་ཚོར་མི་སྲིད་ཨང་།  ཡིན་ཡང་།  འབྲས་རྡོག་དེ་སྔར་བཞིན་འགུལ་ཙམ་ཡང་བྱས་མ་སོང་།  དེ་ནི་རྫ་རི་སྨུག་སེང་ངེ་བ་ཞིག་གི་སྒང་རྒྱུད་དུ་ཟུག་པའི་ཕ་བོང་ཞིག་དང་འདྲ་བར།  བཀྲ་ཤིས་ཀྱི་སྨ་ར་ཐར་ཐོར་དེའི་གསེང་ལ་དམ་པོར་འཐམས་འདུག་པས།  ཁྱོད་ལ་བཀྲ་ཤིས་ཀྱི་སྨ་ར་དེ་ནི་དུས་བཞིའི་ལྷགས་རླུང་གིས་གཙེས་ནས་ཟད་ལ་ཉེ་བའི་སྤེན་ནག་ཚོམ་བུ་འགའ་ཡིན་པའི་ཉམས་སྣང་ཡང་དུས་དུས་སུ་སྐྱེས་འོངས།  ངོ་མ།  བཀྲ་ཤིས་ཀྱི་སྨ་ར་དེས་བགྲང་བྱ་བཞི་བཅུ་ལྷག་གི་ཁ་ཆར་བུ་ཡུག་དང་གྲང་རླུང་བསེར་གསུམ་ཅི་ཙམ་གདོང་གིས་བསུས་མྱོང་བ་སུ་ཞིག་གིས་ཚོར་ཨང་།  དེ་ལྟར་བསམ་བློ་རེ་བཏང་ན།  བཀྲ་ཤིས་ཀྱི་སྨ་ར་དེ་ནི་བགྲང་བྱ་བཞི་བཅུ་ལྷག་གི་སྨ་ར་ཞིག་རེད་ལ།  བགྲང་བྱ་བཞི་བཅུ་ལྷག་གི་རིང་འདིར།  བཀྲ་ཤིས་ཀྱིས་ཏག་ཏག་ད་ལྟའི་གནས་སྐབས་འདི་དང་འདྲ་བར་ཟས་ལ་རོལ་ཏེ་ཡོང་བ་ཡིན་ངེས།  དེས་ན།  བགྲང་བྱ་བཞི་བཅུ་ལྷག་གི་རིང་ལ་ཟས་ལ་རོལ་བར་གྱུར་ཡང་།  བཀྲ་ཤིས་ལ་ད་དུང་ཟས་ཀྱི་འདུན་པ་འདི་འདྲ་ཞིག་ཆེ་བ་ཅི་ཡིན་ནམ།  འདི་ལྟར་བསམས་པའི་མོད།  ཁོ་བོར་ཅི་ཞིག་གིས་བད་སོང་བའམ།  རྦད་དེ་འགྲངས་ཐག་ཆོད་པའམ།  ཡང་ན།  བྱང་ཁོག་སྟོད་དུ་ཡོད་ཚད་སྦོས་ཤིང་མེར་ནས་འདུག་པའི་ཚོར་བ་ཞིག་སྐྱེས་འོངས་པས།  ཡང་བསྐྱར་བཀྲ་ཤིས་ཀྱི་ཁ་ལ་ལན་གཅིག་བལྟ་དགོས་པར་གྱུར།  

ང་རང་འདི་ལྟར་བཀྲ་ཤིས་ཀྱི་ཁ་ལ་ཅེར་ནས་སྡོད་སྐབས།  ངའི་ཡིད་ལ་རང་ཉིད་ཐེངས་སྔོན་མར་ཁོའི་མཆུ་སྒྲོས་ལ་ཅེར་ནས་བསྡད་པའི་ཕྱི་དྲོ་དེ་འཁོར་ཡོང་།  དེ་ནི་ཕལ་ཆེར་ཟླ་ངོ་གཅིག་གི་སྔོན་ཙམ་ཞིག་ཡིན་མཆི།  དེའང་དེ་རིང་དང་འདྲ་བར་ལྗན་ལྗིན་གྱི་ཁུག་སྣ་འཐིབས་པའི་ཕྱི་དྲོ་ཞིག་ཡིན་ནམ།  ངའི་ཡིད་ལ་ཅི་ཡང་དྲན་གྱིན་མི་འདུག  བག་ཆགས་སུ།  ངའི་མཐོང་ལམ་གྱི་ཡོད་ཚད་དཀར་པོ་དཀར་པོ་ཞིག་ཡིན་པའི་ཉམས་སྣང་ད་དུང་ཡང་ཏུར་རེར་སྐྱེས་འོངས།  ཕྱི་དྲོ་དེར།  བཀྲ་ཤིས་ཀྱིས་ངའི་ཁ་གཏད་ཀྱི་རྩིག་ལྡེབས་དཀར་པོ་དེ་རུ་ལུས་ལ་གྱོན་ཆས་དཀར་པོ་ཞིག་བགོས་ནས་ཚུར་འཁོར་འདུག་ལ།  ཁོའི་མཆུ་སྒྲོས་ལེབ་མོ་གཉིས་ནི་དེ་རིང་དང་འདྲ་བར་བྱ་ཞིག་གི་འདབ་གཤོག་ཇི་བཞིན་ཡང་ནས་ཡང་དུ་རྡེབ་པར་བྱེད།  འོན་ཏེ།  ཕྱི་དྲོ་དེར།  ཁོའི་མཆུ་སྒྲོས་ཀྱི་འདབ་གཤོག་བསྒྱུར་བ་དེས་བཟའ་བཏུང་གི་བྱེ་བྲག་སྣ་ཚོགས་ནང་དུ་འདྲེན་གྱིན་མེད་པར།  བརྡ་དང་ཐ་སྙད་ཀྱི་ཚོགས་དུ་མ་ཞིག་ཕྱི་རུ་འབྱིན་གྱིན་གདའ།  ཁོ་བོར་མཚོན་ན།  དེའང་ཁོས་བཟའ་བཏུང་གི་བྱེ་བྲག་ཇི་སྙེད་ནང་དུ་འདྲེན་པ་ཇི་ལྟ་བ་བཞིན་ཅི་ཞིག་གིས་བད་འགྲོ་བའམ།  དང་ག་རུ་ཡོད་ཚད་སྦོས་ཤིང་མེར་ནས་འདུག་པའི་ཉམས་སྣང་ཞིག་ཐོལ་གྱིས་བསྐྱེད་འོངས།  “ཁོར་ནད་འདི་བྱུང་ནས་ཡུན་རིང་འགོར་སོང་ངམ།  བལྟས་ཚོད་ལ་སྐམ་རིད་དུ་གྱུར་ཚབས་ཆེ་ཨང”སྐད་ཆ་འདི་སྨྲ་དུས།  ངས་ནི་ཁ་གཏད་ཀྱི་སྐྱེས་པ་གོས་དཀར་ཅན་དེ་ལས་ནམ་རྒྱུན་གྱི་བཀྲ་ཤིས་མཐོང་མ་སོང་ལ།  བགྲང་བྱ་བཅུ་ཕྲག་ལྷག་ལ་ངའི་གྲོགས་པོ་རུ་ཁས་འཆེས་པའི་སྐྱེས་པ་དཀྱུས་མ་དེའི་སྟངས་ཀའང་ཅིས་ཀྱང་མཐོང་མ་སོང་།  ད་དུང་ཁོའི་སྐད་ཆ་དེའང་བཅུད་ཀྱིས་གཏམས་པའི་བཟའ་བཅའ་རིགས་ཤིག་དང་འདྲ་བར་ཁོ་བོར་ཡི་གའི་གཏིང་ནས་འགྲངས་འོང་བའི་སྣང་བ་ཞིག་བསྐྱེད་ཡོང་བས།  ངས་ནི་ཁོར་གྲོགས་པོའི་བར་དུ་དེ་ཙམ་གྱིས་ནན་ཏན་བྱ་དགོས་དོན་ཅི་ཡོད་ཨང་ཞེས་འདྲི་གྲབས་སུ།  ཆུང་མས“སྨན་པ་བཀྲ་ཤིས།  ཧ་ལམ་ལོ་ངོ་གསུམ་བཞི་ཞིག་ཕྱིན་ཡོད་ངེས།  ཐོག་མར་ང་ཚོས་དེ་ནི་ཕོ་བ་མ་བདེ་བ་མིན་ནམ་སྙམ།  ནམ་རྒྱུན་ཁ་ཟས་ཉི་ཚེ་བ་ཙམ་གྱི་ཡི་ག་ལས་མི་འདུག”ཅེས་ངའི་སྔོན་ལ་ཁ་གྲགས་བྱུང་།  དེ་བས།  ང་རང་སྔར་བཞིན་སྨྲ་བ་ཅི་ཡང་མེད་པར་ཁོའི་ངོ་གདོང་ལ་ཅེར་ནས་སྡོད་དགོས་པར་གྱུར།  “ཕོ་བ་མ་བདེ་བ་ཙམ་མ་རེད།  འདི་ནི་ཡི་ག་འཆུས་པས་རེད།  དང་ག་འགགས་པ་ཡང་ཟེར།  གཙོ་བོ་བད་ཀན་གྱི་ཞད་ཆེ”བཀྲ་ཤིས་ཀྱིས་ད་དུང་མུ་མཐུད་དུ་ཧ་ཅང་ནན་ཏན་གྱི་སྒྲོས་ཤིག་གིས་དེ་སྐད་སྨྲས་ལ།  ཁོའི་སྐད་ཆ་རུ་སེམས་ཁུར་གྱི་གདངས་ངེས་ཅན་ཞིག་ཀྱང་འདྲེས་ཡོད་ཚོད་རེད།  ཁོ་བོས་ཁོས་ནན་ཏན་དེ་ཙམ་ཞིག་བྱས་པ་ནི་འུད་ཆེ་དྲགས་པར་འདུ་ཤེས་ཏེ་ཡོད་སྒང་ལ།  ངའི་ཆུང་མས་ཀྱང་བཀྲ་ཤིས་ཀྱི་སྒྲོས་དེ་ལྟ་བུ་ཞིག་གིས“ཨ་ཙི།  ནད་དེ་ལ་བཅོས་ཐབས་ཨེ་ཡོད་གྲང”ཞེས་ནན་ཏན་དུ་འདྲི་བར་བྱེད།    

ཕྱི་དྲོ་དེར།  བཀྲ་ཤིས་ཀྱིས་ནད་དེར་བཅོས་ཐབས་ཡོད་མེད་ཀྱི་གཏམ་ཅི་ཞིག་ཐལ་ཡོད་དམ།  ཁོ་བོར་ཆ་འཇོག་རུང་བའི་བག་ཆགས་གང་ཡང་མི་འདུག  དྲན་པས་ཟིན་ཚོད་ལ་ངའི་མཐོང་ལམ་ནི་ཁ་དོག་དཀར་པོ་ཞིག་རེད།  རྩིག་ལྡེབས་དཀར་པོ་དེ་དང་།  བཀྲ་ཤིས་ཀྱི་གྱོན་ཆས་དཀར་པོ་དེ།  སྨན་དཔྱད་ཀྱི་འཕྲུལ་ཆས་དཀར་པོ་དེ་དག  ཡོད་ཚད་དཀར་ལམ་མེར་སྣང་བའི་ཁ་དོག་དེས་ང་ལ་གློ་བུར་དུ་མགོ་ཡུ་འཁོར་བའམ།  སྐྱུག་མེར་ལྡང་བའི་ཉམས་སྣང་མི་བཟད་པ་ཞིག་བསྟབས་འོངས།  སྐབས་དེར་ངས་ད་གཟོད་ཁ་དོག་དཀར་པོ་ནི་དེ་འདྲའི་མིག་ལ་བརྩེ་བ་ཞིག་ཡིན་པ་ཐོག་མར་ཚོར།  རྣམ་པ་གཅིག་ཏུ་ན།  དེ་ནི་ཁ་དོག་གིས་ལན་པ་མ་ཡིན་གྱི།  བཀྲ་ཤིས་ཀྱིས་བསྐྱེད་པར་ཡང་ངེས།  གང་ཡིན་ཞེ་ན།  སྐབས་འདིར་བཀྲ་ཤིས་དང་བཀྲ་ཤིས་ཀྱི་སྨྲ་མཆུ་ནི་སྣུམ་བག་ཆེ་བའི་བཟའ་བཅའ་ཞིག་དང་འདྲ་བར་ངའི་ཕོ་བའི་གཏིང་ལ་གཡོ་སྐྱོམ་ལན་གཅིག་བསླངས་ཤིང་།  གཡོ་སྐྱོམ་དེ་ཡར་སྤྱི་བོར་ཐེབས་ནས་མགོ་ཡུ་འཁོར་དུ་བཅུག་ལ།  དེ་ནས་སླར་དང་ག་རུ་བརྟས་འོངས།  “བཅོས་ཐབས་ལོས་ཡོད།  སྐབས་ཤིག་རིང་ངའི་ཆུང་མའང་ཡི་ག་འཆུ་བའི་ནད་འདིས་བཏབ་པས།  སྨན་ཐུན་འགའ་བསྟེན་པས་དྲག་སྐྱེད་བྱུང་བ་རེད།”  མ་གཞིར།  ཕྱི་དྲོ་དེར་ཁོས་ངའི་ནད་འདི་བཅོས་ཐབས་ཡོད་པར་སྨྲས་ཡོད་བཟོ་འདུག  འོན་ཏེ།  ད་ནི་ངས་བསམ་བློ་གཏོང་བཞིན་པ་ནི་འདི་མ་ཡིན་པར།  ཁོའི་ཆུང་མ་ཡང་ཡི་ག་འཆུས་མྱོང་བའི་དོན་དེ་རེད།  རྒྱ་ལ་བཀྲ་ཤིས་ཀྱི་ཆུང་མའང་ཡི་ག་འཆུས་མྱོང་བ་བདེན་ན།  མོ་ནི་ཟས་ཀྱིས་ཡི་ག་འཆུས་པ་ཡིན་ནམ།  ཡང་ན་རྐྱེན་གཞན་གང་ཞིག་གིས་ཡི་ག་འཆུས་པ་ཡིན།  ཁོ་བོར་མོ་ནི་བཀྲ་ཤིས་རང་གིས་ཡི་ག་འཆུས་སུ་བཅུག་པའི་དོགས་སོམ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོངས།  ཏག་ཏག་སྐབས་ཐོག་འདིར་ཁོས་ང་རང་ཡི་ག་འཆུས་སུ་བཅུག་པ་ནང་བཞིན་ཁོས་རང་ཉིད་ཀྱི་ཆུང་མའང་ཡི་ག་འཆུ་རུ་མི་འཇུག་པའི་ངེས་པ་ག་ལ་ཡོད་ཨང་།  རྒྱ་ལ་བཀྲ་ཤིས་ཀྱིས་དངོས་གནས་རང་ཉིད་ཀྱི་ཆུང་མ་ཡི་ག་འཆུ་རུ་བཅུག་ཡོད་ཚེ།  དེ་ནི་ཞོགས་པར་ནངས་ཇ་ལ་རོལ་བཞིན་པའི་སྐབས་ཤིག་ཡིན་ནམ།  མཚན་མོ་མགོ་སྔས་ཐོག་གཅིག་ཏུ་མལ་ལ་ཞུགས་པའི་གནས་སྐབས་དེ་ཡིན།  ཡང་ན།  དེ་ལས་གཞན་པའི་དུས་ཀྱི་མཚམས་ཚིགས་གང་རུང་ཞིག་ཡིན་ནམ།  གང་ལྟར།  ཏག་ཏག་སྐབས་དེ་དུས་སུ།  ཁོའི་ཆུང་མར་མཚོན་ནའང་།  བཀྲ་ཤིས་དང་བཀྲ་ཤིས་ཀྱི་སྨྲ་མཆུ་ནི་སྣུམ་བག་ཆེ་བའི་བཟའ་བཅའ་ཞིག་ནང་བཞིན་མོའི་ཕོ་བར་གཡོ་སྐྱོམ་ལན་གཅིག་བསླང་ཡོད་ངེས་ལ།  གཡོ་སྐྱོམ་དེ་ཡར་སྤྱི་བོར་ཁྱབ་ནས་མགོ་ཡུ་འཁོར་དུ་འཇུག་པར་མ་ཟད།  མཐའ་མར་ཕྱིར་དང་ག་རུ་བརྟས་འོངས་པ་ཞིག་ཀྱང་ཡིན་ངེས།  

འདི་ལྟར་དྲན་པའི་མོད།  ཁོ་བོ་མུ་མཐུད་དུ་སྣུམ་ཚིལ་ཚིལ་གྱི་བཀྲ་ཤིས་དང་དཀར་ལམ་ལམ་གྱི་རྩིག་ལྡེབས་དེར་ཅེར་ནས་སྡོད་མ་ཚུགས་པར།  གུད་ཀྱི་སྒེའུ་ཁུང་ལས་ཕྱི་རོལ་གྱི་ནམ་མཁར་གཡེངས་ནས་བསྡད།  སྒེའུ་ཁུང་གྲུ་བཞི་དེའི་རྒྱ་ཁྱོན་ལས་མཐོང་བའི་ནམ་མཁའ་ལིང་ཚེ་ལྟ་བུ་དེ་ནི་བཀྲ་ཤིས་ཀྱི་མིག་ཤེལ་ནང་བཞིན་ནག་ནོག་གི་དྲི་མས་གོས་འདུག་ལ།  ནག་ནོག་གི་དྲི་མས་གོས་པའི་ནམ་མཁའ་གྲུ་བཞི་དེའི་འོག་ཏུ་དེ་བས་ཀྱང་ཚི་དྲེག་གིས་ཟོས་པའི་གྲོང་ཁྱེར་རྙིང་པ་ཞིག་འཆགས་ཡོད།  ཁོ་བོས་ཚི་དྲེག་ཅན་གྱི་གྲོང་ཁྱེར་དེ་རུ་རྟེན་བཅས་ནས་ད་ནི་མི་ལོ་བཞི་བཅུ་ལྷག་གི་ལོ་ཟླ་རྫོགས་ལ་ཉེ།  མི་ལོ་བཞི་བཅུ་ལྷག་གི་རིང་འདིར།  གྲོང་ཁྱེར་འདི་ནི་ལྷད་མེད་དྭངས་གཙང་གི་ཕྲུ་གུ་ཆུང་ངུ་ཞིག་ནས་བཀྲ་ཤིས་ལྟ་བུའི་དྲེག་པས་གོས་ཤིང་སྣུམ་གྱིས་ཟིན་པའི་སྐྱེས་པ་དར་མ་ཞིག་ཏུ་འགྱུར་བཞིན་པའི་ཉམས་སྣང་ཁོ་བོར་ལན་གཅིག་མིན་དུ་བསྐྱེད་མྱོང་།  གྲོང་ཁྱེར་དེའི་སྲང་ལམ་དང་།  སྲང་ལམ་གྱི་གད་སྙིགས།  གད་སྙིགས་སུ་རུལ་མྱགས་སུ་གྱུར་རོ་ཅོག  དེ་ལས་ལྡང་འོངས་པའི་དྲི་ངན་དང་།  དྲི་ངན་དེར་བསྣམས་ནས་འགྲོ་བའི་སྐྱེ་བོ་དག  སྐྱེ་བོ་དེ་དག་གི་མཆིལ་མ་དང་།  སྐྱེ་བོ་དེ་དག་གི་ངར་སྣབས།  སྐྱེ་བོ་དེ་དག་གི་སྐྱུགས་པ།  སྐྱེ་བོ་དེ་དག་གི་ཕྱི་ས།  སྐྱེ་བོ་དེ་དག་གི་དྲི་ཆུ།  སྐྱེ་བོ་དེ་དག་གི་ཕྱེན་དྲི།  སྐྱེ་བོ་དེ་དག་གི……མདོར་ན།  ཡོད་ཚད་ཀྱི་ཡོད་ཚད་ཀྱིས་ཁོ་བོར་ཞེ་མཇེད་པའི་སྣང་བ་ཞིག་འགོག་མེད་དུ་བསྟབས་ཡོང་།  དེ་རིང་ཡང་།  གྲོང་ཁྱེར་འདིའི་ཁྲོམ་སྲང་དག་ཏུ་བུད་མེད་ཆེ་གེ་མོ་ཞིག་གི་གད་སྙིགས་དོར་ཡོད་ངེས་ལ།  སྐྱེས་པ་སུ་ཞིག་གི་མཆིལ་ཞགས་ཀྱང་འཕངས་ཡོད་སྲིད།  ད་དུང་རླངས་འཁོར་འགྲོ་རེས་ཤིག་གི་ཐལ་རྡུལ་ཡང་བསླངས་ཡོད་པར་དོགས་སོམ་ཅི་ཡང་མི་དགོས།  དེས་ན།  དེ་རིང་གི་མི་རྣམས་ཀྱིས་ཐལ་རྡུལ་ལང་ལོང་དེ་གདོང་གིས་བསུས་ཤིང་།  གད་སྙིགས་དང་མཆིལ་ཞགས་དེ་དག་རྡོག་པས་གནོན་བཞིན་སོ་སོའི་དམིགས་ཡུལ་དུ་སྐྱོད་ཀྱིན་ཡོད་ངེས་ལ།  དེ་དག་གི་གྲས་སུ།  གྲོང་ཁྱེར་འདིའི་མྱུར་ཚད་དང་འུར་ཟིང་གི་གཙུབ་བརྡར་ལས་ཟད་ལ་ཉེ་བའི་བགྲེས་པོ་སྤྱི་ཐེར་ལས་འཁྱུར་ངལ་གསོ་བྱས་ཟིན་པ་ཞིག་སྐབས་སྐབས་སུ་ཞུགས་མི་སྲིད་པའི་ངེས་པའང་ག་ལ་ཡོད།  རྒྱ་ལ་དངོས་གནས་བགྲེས་པོ་དེ་ལྟ་བུ་ཞིག་བྱུང་ཚེ།  ད་ནི་ཁོ་རང་གྲོང་ཁྱེར་འདིར་སུས་ཀྱང་ཡིད་འཇོག་བྱ་དཀའ་བའི་སྲང་ཀྱོག་ལྐག་ལྐོག་ཅིག་ནས་གློ་བུར་དུ་འ་འུར་ཟང་ཟིང་གི་ཁྲོམ་སྲང་དུ་མངོན་སྲིད་ལ།  ཁྲོམ་སྲང་དེ་གར།  ཁོས་ཐོག་མར་གོམས་པའི་སྟོབས་ཀྱིས་སོ་སོའི་ཉེ་འཁོར་དུ་ཕར་ལྟ་ཚུར་ལྟ་ཞིག་བྱ་ངེས་ཏེ།  དེ་ནི་ཚེ་རབས་ཧྲིལ་པོར་ལས་ཚོགས་ལ་འགྲོ་སྐབས་ཉེ་འཁོར་གྱི་མི་རྣམས་ལ་ཁམས་འདྲི་བྱ་རྒྱུ་འཐུས་ཤོར་གྱིས་དོགས་པའི་གོམས་གཤིས་ཤིག་ཡིན།  དེའི་མུར་ཁོས་གཟུགས་པོ་ཀྲོང་ཀྲོང་པོར་བསྲངས་ཤིང་ལག་ཟུང་རྒྱབ་ཏུ་བསྣོལ་ཏེ་མུ་མཐུད་དུ་མདུན་ཕྱོགས་སུ་འགྲོ་རྐྱང་བྱ་སྲིད།  རྒྱ་ལ་ལམ་བར་དུ་ཚོང་ཁང་གང་ཞིག་གི་སྦྱིན་བདག་གིས་ཇའི་རོ་མའམ་བཀྲུས་ཁུ་གཞོང་བ་གང་ཕྱིར་ཕོ་སྟེ།  སྟབས་མ་ལེགས་པར་ཁོའི་དོར་མའི་ཆ་གང་ཞིག་བསླད་པར་གྱུར་པ་ཡིན་ན།  ཁོས་གང་དེར་གྲོང་ཁྱེར་འདིའི་ཁོར་ཡུག་གྲོང་ཁྱེར་འདིའི་སྐྱེ་བོ་ཡོད་ཚད་ཀྱིས་བསྲེལ་དགོས་པའི་ཁ་ཏ་བྱེད་ཀྱིས།  རང་ཉིད་ཀྱི་དོར་མ་བསླད་པ་ལ་ཁོང་ཁྲོ་བ་དང་ལེ་ལན་བདའ་བའི་རྣམ་འགྱུར་ཅི་ཡང་སྟོན་མི་སྲིད།  ཁོ་ནི་དེ་ལྟར་མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད་ངེས།  གྲོང་ཁྱེར་གྱི་ཚ་རྨུགས་དང་གོམ་པའི་འདེགས་འཇོག་ཡང་ཡང་བསྒྱུར་བ་དེས་ཁོའི་སྦྲམ་ཞིང་བརྒྱགས་ལ།  གསུས་ཁྱིམ་ཤིན་ཏུ་ཆེ་བའི་ལུས་སུ་ཚ་བ་རྒྱས་འོངས་ཤིང་།  ཚ་བ་དེས་ཁོའི་ཤ་དང་པགས་པའི་གཏིང་རིམ་ཞིག་ཏུ་ཁབ་ཀྱིས་གཙགས་པ་ལྟ་བུའི་གཡའ་ཟུག་བཟོད་དཀའ་ཞིག་བསླངས་འོངས་པས།  བགྲེས་པོ་དེས་ཁོའི་འདར་ལྕིག་ལྕིག་གི་ལག་པ་བརྐྱངས་ནས་འཕྲུག་ཙམ་འཕྲུག་ཙམ་བྱེད་སྐབས།  ལུས་ཀྱི་སྤུ་ཁུང་སོ་སོ་ནས་བརྡོལ་འོངས་པའི་རྔུལ་ཆུ་དང་།  རྔུལ་ཆུས་སྦངས་པའི་ཚི་དྲེག་མྱག་མྱོག་གིས་ཁོས་དེ་རིང་ཞོགས་པར་གསར་དུ་གྱོན་པའི་ནང་འཇམ་དཀར་པོ་དེའང་སྤབས་འདུག་པ་ཚོར་ཡོང་ངེས།  དེས་ན།  སྐབས་ཐོག་དེར།  ལས་འཁྱུར་དགོངས་ཞུ་བྱས་ཟིན་པའི་བགྲེས་པོ་སྤྱི་ཐེར་འདི་ནི་ཁོ་རང་འཚོ་ཞིང་གཞེས་པའི་གྲོང་ཁྱེར་འདི་དང་འདྲ་བར་ཚི་དྲེག་གིས་གོས་ཤིང་སྣུམ་བག་གིས་ཟོས་པ་ཞིག་ཡིན་སྲིད།  བགྲེས་པོ་འདི་ཙམ་དུ་མ་ཟད།  གྲོང་ཁྱེར་འདིར་རྟེན་འཆའ་བའི་སྐྱེ་བོ་ཡོད་ཚད་གྲོང་ཁྱེར་འདི་དང་ཤིན་ཏུ་མཚུངས་ངེས་ལ།  ཆུང་དུ་ན།  ངའང་རང་ཉིད་གནས་འཆའ་བའི་གྲོང་ཁྱེར་འདི་དང་ཤིན་ཏུ་མཚུངས་ངེས།  རེད་ཨང་།  བགྲེས་པོ་དེས་ང་ལྟ་བུ་ཞིག་གྲོང་ཁྱེར་འདིར་ཡོད་པ་ཚོར་སྲིད་དམ།  ཁོས་ཅིས་ཀྱང་ཚོར་མི་སྲིད་དེ།  ཐ་ན་ངས་ཀྱང་ཁོ་ལྟ་བུའི་བགྲེས་པོ་ཞིག་གྲོང་ཁྱེར་འདིར་ཡོད་ངེས་པའི་གདེང་ཅི་ཡང་མི་རྙེད།  གང་ལྟར།  ཁོ་རང་ཇི་མི་སྙམ་པའི་ཟོལ་གྱིས་མུ་མཐུད་དུ་མདུན་ཕྱོགས་སུ་འགྲོ་ངེས།  མདུན་ཕྱོགས་སུ་སོང་སྟེ་ལམ་གྱི་བཞི་མདོ་དེར་བརྟོལ་བ་དང་།  བགྲེས་པོ་དེ་ནམ་རྒྱུན་དང་འདྲ་བར་གཡོན་ཕྱོགས་ཀྱི་སྲང་ལམ་དེར་བསྐྱོགས་ནས་ཕྱིན་འགྲོ་ལ།  དེ་རུ་ཟ་ཁང་ཆེ་ཆུང་འདྲ་མིན་ཇི་སྙེད་ཅིག་མཆིས་པ་ལས།  ཁོ་ནི་རྡོ་གཅལ་སྣུམ་ཞག་གིས་སྦགས་ཤིང་རྐུབ་སྟེགས་ནག་དྲེག་གིས་གོས་པའི་ཟ་ཁང་དེར་འཛུལ་འགྲོ་ངེས།  ཟ་ཁང་གང་དེའི་སྦྱིན་བདག་དང་བགྲེས་པོ་དེ་གཉིས་ཀའི་བར་གྱི་གཏམ་གླེང་ལ་རྣམ་ཀུན་དང་མི་འདྲ་བའི་འགྱུར་ལྡོག་ཅི་ཡང་འབྱུང་མི་སྲིད།  

“རྒན་ལགས།  ཕེབས་བྱུང་ངམ།”

“འོ་ལེ།  དེ་རིང་ཚོང་ཡག་པོ་འདུག་ཨང་།”

“འགྲོན་པོ་དག་གི་བཀའ་དྲིན་ལ་ཅུང་ཡག་པོ་འདུག”

“དེ་ནི་ཁྱོད་ཚང་གི་ལག་ཟས་བཟང་བས་རེད།”

“ལགས་སོ། །  རྒན་ལགས།  བཀའ་དྲིན་ཆེ།  དེ་རིང་ཡང་ནམ་རྒྱུན་ནང་བཞིན་ཡིན་ནམ།”

“ཡིན་ལགས།”

“འཁྱུག་ཙམ་སྒུགས་དང་།  ལམ་སང་ཁྱེར་ཡོང་།”

“………”

བགྲེས་པོ་འདིས་ནམ་རྒྱུན་ནང་བཞིན་ཞེས་པའི་བཟའ་བཅའ་དེ་ནི་ཡང་སྙིང་ཅི་ཞིག་ཡིན་སྲིད་དམ།  ཕར་བལྟས་ཚོད་དུ་དེས་ནི་ཁོ་བོར་ཟས་ཀྱི་ཡི་ག་ཅུང་ཟད་དབྱེ་སྲིད་པ་འདྲ་ཨང་།  དེ་བས།  ཉིན་དེའི་ཕྱི་དྲོར།  སྨན་པ་བཀྲ་ཤིས་ཀྱི་གཞུང་ལས་ཁང་ནས་སྒོར་ཐོན་རྗེས།  ང་དང་ཆུང་མ་གཉིས་ཀའང་ལས་འཁྱུར་དགོངས་ཞུ་བྱས་ཟིན་པའི་བགྲེས་པོ་སྤྱི་ཐེར་དེའི་ལམ་ཐིག་དེད་ནས་ལམ་གྱི་བཞི་མདོ་དེར་འོངས་ཤིང་།  ལམ་མདོ་དེ་ནས་གཡོན་དུ་བསྐྱོགས་ཏེ་རྡོ་གཅལ་སྣུམ་གྱིས་སྦགས་ཤིང་རྐུབ་སྟེགས་དྲེག་པས་གོས་པའི་ཟ་ཁང་དེའི་སྒོ་ཐེམ་བགོམས།  ཟ་ཁང་དེའི་དཀར་ཆ་ཅུང་ཞན་ཙམ་གདའ་བས།  དེས་ནི་ཕྱི་རོལ་གྱི་གྲོང་ཁྱེར་དེའི་བར་སྣང་དང་འདྲ་བར་སྐྱ་ལོང་ལོང་དང་ལྗིད་ཏིག་ཏིག་གི་ཉམས་སྣང་ཞིག་བསྟབས་འོངས།  ངེད་གཉིས་ཟ་ཁང་འདིའི་སྦུག་ཏུ་ཡོད་པའི་ཤིང་གི་སྒྲོག་ཙེ་ཞིག་གི་མཐའ་རུ་བསྡད་པའི་མོད།  གཞོན་ནུ་ཞིག་ཚུར་འོངས་ནས་བཟའ་བ་ཅི་ཞིག་ལ་རོལ་མིན་གྱི་གཏམ་འདྲི་བར་བྱེད།  ངེད་གཉིས་སྡོད་ས་འདི་ནི་བགྲེས་པོ་སྤྱི་ཐེར་དེའི་སྡོད་མལ་ཡིན་མིན་ཅི་ཆ་ཡང་།  ཆུང་མས་འཕྲལ་མར་བགྲེས་པོ་དེ་དང་འདྲ་བར་བཟའ་བཏུང་གི་བྱེ་བྲག་སྣ་ཚོགས་ཤིག་མངགས་རྗེས།  “འདི་ནི་གྲོང་ཁྱེར་འདིའི་ཟ་ཁང་རྙིང་ཤོས་སུ་བགྲང་རུང་བས།  འདི་གའི་བཟའ་བཅའ་ཡིས་ཁྱོད་ལ་ཡི་ག་ཅུང་ཟད་དབྱེ་ཐུབ་ཀྱང་སྲིད”ཅེས་བརྗོད་བྱུང་།

དེ་ནི་ཟ་ཁང་རྙིང་པ་ཞིག་དང་མི་འདྲ་བར།  གཡོས་སྦྱོར་གྱི་མགྱོགས་བུལ་གྱིས་གྲོང་ཁྱེར་འདིའི་མྱུར་ཚད་ལ་དོ་བསྡོ་ཐུབ་པར་འདུག  རིང་པོ་མ་ཐོགས་པར།  ཆུང་མས་མངགས་པའི་ཟས་ཀྱི་བྱེ་བྲག་སྣ་ཚོགས་ངེད་གཉིས་ཀའི་སྒྲོག་ཙེ་རུ་བཤམས་བྱུང་ལ།  ཧ་ལམ་རིང་ནས་བརྗེད་ངེས་སུ་གྱུར་པའི་བཟའ་བཅའི་བསུང་ཞིམ་ཅི་རིགས་ཤིག་ཁོ་བོའི་དྲི་འཛིན་གྱི་ལམ་དུ་མནམ་འོངས།  དེ་མ་ཐག  ཡུན་རིང་བག་ལ་ཞ་བའི་ཟས་ཀྱི་ལེན་པ་དྲག་པོ་ཞིག་ཀྱང་ཁོ་བོའི་ཡི་གའི་གཏིང་རིམ་ཞིག་ནས་འཕེལ་ཡོང་བས།  ངས་དེའི་མུར་གུད་ཀྱི་ཐུར་མ་བླངས་ནས་ཟས་ལ་རོལ་གྲབས་བྱས།  འོན་ཏེ།  ཟས་ཁམ་གང་ཁ་རུ་འདྲེན་ཁ་མའི་དུས་ཀྱི་མཚམས་ཚིགས་དེ་ཙམ་ཞིག་ཏུ།  བྱང་ཁོག་སྟོད་དུ་ཅི་ཞིག་སྦོས་ཤིང་མེར་ནས་འོངས་པའམ།  ཅི་ཞིག་གིས་རྦད་དེ་བད་སོང་བའི་ཚོར་བ་དེ་ཡང་བསྐྱར་ཐོལ་གྱིས་ལྡང་འོངས་པས།  ཁོ་བོས་སྒྲེགས་སྐྱུགས་ལན་གཅིག་དང་ཆབས་ཅིག་ཁ་རུ་འཇུག་ལ་ཉེ་བའི་བཟའ་བཅའ་དེ་ཕྱིར་མི་འཇོག་ཀ་མེད་བྱུང་ཞིང་།  རེ་ཞིག་ཧོན་ཐོར་བའམ་ཅི་བྱ་གཏོལ་བྲལ་དུ་གྱུར་པའི་རྨོངས་ཉམས་ཤིག་གིས་སྒྲོག་ཙེ་རུ་ཐང་མར་བརྡལ་བའི་བཟའ་བཅའ་སྣ་ཚོགས་ལ་ཅེར་ནས་སྡོད་དགོས་བྱུང་།  ཉམས་སྣང་ཞིག་ལ།  བཟའ་བཅའ་སྒྲོག་ཙེ་གང་བོ་དེ་ནི་ལྗན་ལྗིན།  མྱག་མྱོག  རུལ་སུངས།  རླམ་གྱིས་ཁྱེར་པའི་རྫས་འབའ་ཞིག་ཏུ་མཐོང་འོངས་པས།  ངས་ནི་ཡི་དྭགས་ཀྱིས་ཆུ་ཀླུང་རྣག་ཁྲག་ཏུ་མཐོང་ཡོང་ཞེས་པའང་འདི་འདྲ་ཞིག་མིན་ནམ་སྙམ་འོངས་པ་དང་།  མིག་ཟུང་དམ་པོར་བཙུམས་ནས་སྡོད་དགོས་པར་གྱུར།  

“དཔྲལ་གཉེར་དེ་ཙམ་ཞིག་བསྡུས་ནས་ཅི་བྱེད།  ཟས་ཁམ་གང་ཡིན་ཡང་མིད་ཐུབ་མིན་ལ་ལྟོས་དང་།”

ངས་སྐད་ཆ་འདི་ནི་ཟ་ཁང་དུ་ཡོད་པའི་ཆུང་མས་ལབ་པར་ངོས་བཟུང་མོད།  འོན་ཏེ།  མིག་ལྕིབས་ལ་ཧྲག་བར་ཅུང་ཞིག་ཕྱེ་ནས་བལྟས་ཙ་ན།  མཐོང་ལམ་དུ་མངོན་འོངས་པ་ནི་ཁ་གཏད་ཀྱི་བཀྲ་ཤིས་དང་ཁོའི་ཁ་འགྲམ་དུ་ལུས་པའི་འབྲས་ཀྱི་འབྲུ་རྡོག་དེ་རེད།  དེའི་མུར།  ཆུང་མས“ཁྱོད་གང་ཞིག་ལ་ཧད་ནས་བསྡད་ཡོད”ཟེར་བཞིན་ཡང་བསྐྱར་བཟའ་བཅའ་སྡེར་མ་གང་མདུན་གྱི་ཟས་ཅོག་ཏུ་བཞག་པའི་མོད།  དེར་འདུས་ཀུན་ལམ་སང་ཧབ་ཆ་དིར་རེར་གྱུར་ཅིང་།  ཧབ་ཆའི་སྐད་སྒྲ་ཡིས་ངེད་ཚང་གི་ཁང་ཁྱིམ་ཡོངས་སུ་ཁེངས་སོང་།  དེ་མ་ཐག  ངས་ད་གཟོད་ངེད་ཚང་ན་མི་དེ་འདྲའི་མང་པོ་ཞིག་ཡོད་པར་ཡང་གཞི་ནས་ཡིད་འཇོག་བྱུང་།  མ་གཞིར་བཀྲ་ཤིས་ཀྱི་གཞོགས་གཅིག་ཏུ་ངའི་ཆུང་མའི་གྲོགས་མོ་དེ་བསྡད་འདུག་ལ།  གཞོགས་ཅིག་ཤོས་སུ་ཁོའི་ཆུང་མ་བསྙེས་ནས་འདུག  ད་དུང་གྲལ་མགོ་ལྟ་བུ་དེ་རུ་ངའི་ཨ་ཕའང་ཁུ་སིམ་མེར་བགྲེང་ཕྲེང་འདྲེན་བཞིན་བསྡད་འདུག་པས།  ང་ལ་མཚོན་ན།  ཁོ་ཚོའང་མདུན་གྱི་ཟས་ཅོག་ཏུ་ཐང་མར་བརྡལ་བའི་བཟའ་བཅའ་དེ་རིགས་དང་འདྲ་བར་ཅི་ཞིག་གིས་བད་འགྲོ་བའི་སྣང་བ་འགོག་མེད་ཅིག་བསྟབས་འོངས།  དེ་བས།  ཁོ་བོས་ཡང་བསྐྱར་མིག་ཟུང་དམ་པོར་བཙུམས་ནས་ཨམ་གཙུགས་བསྡམ་དགོས་ཨང་སྙམ་ལ།  དེའང་འོས་འཚམས་ཤིག་ཏུ་མ་མཐོང་བས།  སྣམ་ཕྱིང་དུ་ལན་གཅིག་ཕྱིན་ན་མི་དགའ་རི་སྙམ་པའང་བྱུང་།  འོན་ཏེ།  དེའང་དེ་ཙམ་གྱིས་བླང་དུ་རུང་བར་མ་མཐོང་བས།  རེ་ཞིག་ཁོ་བོ་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར།  ཏག་ཏག་སྐབས་དེར།  བཀྲ་ཤིས་ཀྱིས་ཆང་ཕོར་ཡར་བཀྱགས་ཤིང་གྲེ་བ་བསལ་ཙམ་བྱས་ཏེ་ན་རེ།  

“ཐོག་མར་གྲོགས་ཁྱོད་ཀྱི་གོ་གནས་འཕར་བ་ལ་རྟེན་འབྲེལ་ཞུ་ཞིང་།  དེ་དང་ཆབས་ཅིག་སྲུ་མོས་བཟའ་བཏུང་ཕུན་སུམ་ཚོགས་པས་སྣེ་ལེན་བྱས་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྨྲ་བཞིན་ཆང་རག་ཕོར་བ་གང་བོ་དེ་ཞབས་དག་བརྒྱབ་མུར།  ལག་བདེ་ཕྱོགས་ཀྱིས་གཙང་ཤོག་ཅིག་བཤངས་འོངས་ཏེ་མཆུ་སྒྲོས་འབྱིད་ཙམ་བྱས་པ་ན།  སྔོན་ཏག་ཏག་ལ་ཁ་འགྲམ་དུ་ལུས་པའི་འབྲས་རྡོག་དེའང་ཞར་ལ་ཕྱིས་བྱུང་བས།  ངའི་སེམས་སུ་གློ་བུར་དུ་བདེ་སྣང་ཁྱད་པར་བ་ཞིག་བསྟབས་འོངས་ཏེ།  དེ་ནི་རྣམ་ཀུན་ཞོགས་པའི་དུས་སུ་མིག་ཤེལ་གྱི་ར་རིའི་དྲི་མ་ཧ་ལན་གཅིག་བཏབ་ནས་ཕྱིས་པ་དང་འདྲ་ལ།  ལག་མགོར་ཟུག་པའི་ཚེར་མ་གང་ཞིག་དྲུངས་ནས་ཕྱུང་བ་དང་ཡང་མཚུངས།  འོན་ཏེ།  བཀྲ་ཤིས་ཀྱིས་ཆང་ཕོར་མཐོན་པོར་བཀྱགས་ནས་རྟེན་འབྲེལ་ཞུས་པ་དེས་ངའི་ཡིད་ཀྱི་བདེ་སྣང་ཡོད་ཚད་གར་སོང་ཆ་མེད་དུ་གྱུར་ཅིང་།  ཤུལ་དུ་ལྷག་པ་ནི་མདུན་གྱི་བཟའ་བཅའི་བྱེ་བྲག་གིས་བསླངས་འོངས་པའི་ཡི་ག་འཆུས་པའི་ཚོར་བ་འབའ་ཞིག་རེད།  རྒྱུ་མཚན་ནི།  བཀྲ་ཤིས་ཀྱི་རྟེན་འབྲེལ་ཞུ་སྟངས་དེར་ཉིན་འགའི་སྔོན་ལ་མགོ་འཁྲིད་ཀྱི་གཞུང་ལས་ཁང་དུ་བྱུང་བའི་ཤིས་པ་བརྗོད་སྟངས་དེའི་སྒྲོས་ངེས་ཅན་ཞིག་འདྲེས་འདུག

ཉིན་དེར་མགོ་འཁྲིད་ཀྱི་གཞུང་ལས་ཁང་དུ་འབོད་དུས།  ཧ་ལམ་ཞོགས་པའི་ཆུ་ཚོད་བཅུ་པ་ཙམ་ཞིག་ཡིན་མདོག་ཁ།  ངས་ཡང་བསྐྱར་ཁ་སང་བལྟ་འཕྲོར་ལུས་པའི་རྩོམ་ཡིག་དེའི་ཁ་ཕྱེ་ནས་དེ་ཙམ་རིང་པོ་རང་འདས་མེད།  སྒེའུ་ཁུང་གི་ཤེལ་སྒོ་བརྟོལ་ནས་སྤྲོས་འོངས་པའི་ཉི་ཐིག་རྣོན་པོ་དེ་ཐད་ཀར་ངའི་ཁ་གཏད་ཀྱི་གློག་ཀླད་དུ་འཕྲོས་འདུག་པས།  གློག་ཀླད་ཀྱི་འཆར་ཤེལ་གསལ་ལ་མི་གསལ་བ་ཞིག་ཏུ་བཏང་ལ།  དེ་དང་ཆབས་ཅིག་སྐབས་ཐོག་དེར་ཁོ་བོས་ཞུ་དག་བྱེད་བཞིན་པའི་རྩོམ་ཡིག་དེའི་གཞུང་དོན་ཡང་རབ་རིབ་མག་མོག་ཅིག་ཏུ་བཏང་སོང་།  ཉེ་ཆར།  ང་ལ་མཚོན་ན་མི་གཞན་གྱི་རྩོམ་ཡིག་ལ་ཞུ་དག་བྱ་རྒྱུ་ནི་ཟས་ཀྱི་བྱེ་བྲག་སྣ་ཚོགས་ལ་རོལ་བ་ལྟར་ཅི་བས་ཡི་ག་འཆུ་བའི་དོན་ཞིག་ཏུ་གྱུར་ཡོད།  རྣམ་ཀུན་རྩོམ་ཡིག་གང་ཞིག་གི་ལྡེབ་མ་རེ་རེ་རུས་སྦལ་ནག་འགྲོས་སུ་འདེད་པའི་ཚེ།  ཁོ་བོར་དེ་ནི་འབྱམས་ཀླས་པའི་མྱ་ངམ་ཐང་རེ་རེ་རྐང་འགྲོས་ཀྱིས་གཅོད་པ་ལྟར།  རིང་ནས་འཚོལ་ཞིང་སྙེག་པའི་སྨིག་རྒྱུའི་གཙང་པོ་དེ་མངོན་སུམ་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་སྐོམ་གདུང་དྲག་ཏུ་སྐྱེས་འོངས།  དེ་བས།  ཞོགས་པ་དེར་མགོ་འཁྲིད་ཀྱིས་སྐད་བཏང་བ་དེ་ནི་ཁོ་བོར་མཚོན་ན་རེ་ཞིག་རང་ཉིད་ཀྱི་སྒྱིད་ལུག་ལ་དབུགས་དབྱུང་བའི་ཁ་གཡར་ས་ལེགས་པོ་ཞིག་ཏུ་གྱུར་ཅིང་།  སེམས་སུ་གློ་བུར་དུ་མགོ་འཁྲིད་ལ་བཀའ་དྲིན་ཞུ་འདོད་པའི་འདུན་པ་ཞིག་ཀྱང་ཐོལ་གྱིས་སྐྱེས་འོངས་པས།  ང་ནི་རེ་ཞིག་རང་ཉིད་ལ་ཧ་ལས་དགོས་པར་གྱུར།  གང་ཡིན་ཞེ་ན།  སྔོན་ཚེ་ང་ལ་སེམས་འདུན་འདི་ལྟ་བུ་ཞིག་ཡེ་ནས་སྐྱེས་མྱོང་མེད་ཨང་།  གང་ལྟར།  ཁོ་བོས་དྲིན་གཟོ་ཡིན་ཡིན་འདྲ་བའི་སེམས་འགྱུ་ཞིག་གིས་མགོ་འཁྲིད་ཀྱི་སྒོ་གླེགས་ཁད་ཀྱིས་བརྡུངས་པ་དང་།  ནང་རོལ་ནས“ཤོག”ཅེས་པའི་ཨ་ལན་ཟད་ལ་ཉེ་བ་ཞིག་མཆེད་འོངས་པ་ནི་སྒྲ་འཛིན་གྱིས་ཀྱང་ཟིན་དཀའ་བའི་ཚོད་རེད།  དེ་བས།  ང་ལ་མགོ་འཁྲིད་ཀྱི་གཞུང་ལས་ཁང་དེ་ནི་ཕུ་ཐག་ཧ་ཅང་རིང་བའི་ལུང་སྟོང་གི་ཡང་ཕུགས་ཤིག་ཡིན་པའི་ཉམས་སྣང་བྱུང་ལ།  “ཤོག”ཅེས་པའི་ཨ་ལན་དེས་གཞུང་ལས་ཁང་དེའི་གློག་ཀླད་ཀྱི་ལ་མོ་བརྒྱབ་ཅིང་།  སྡོང་ཕྲན་དེའི་རྫུབས་གསེང་བརྟོལ།  མཁའ་དབུགས་ཀྱི་གཙུབ་བརྡར་བརྒྱུད་མུར་སྒོ་གླེགས་ཀྱི་ཧྲག་བར་ནས་འཇུར་མིག་ཏུ་དྲངས་ཏེ་ཁོ་བོའི་ཐོས་འཛིན་གྱི་ལམ་དུ་ལྷུང་དུས།  དེ་ནི་དངོས་གནས་ཟད་ཅིང་བྲི་ནས་རལ་ཏེ་བརྡ་དོན་གྱི་ལྷག་འཕྲོ་ཧྲལ་ཧྲུལ་ཙམ་ཞིག་ལས་ལུས་མི་འདུག  དེ་ལྟ་ནའང་།  དེ་རིང་གི“ཤོག”འདི་ནི་ནམ་རྒྱུན་གྱི“ཤོག”དང་མི་འདྲ་སྟེ།  ནམ་རྒྱུན་གྱི“ཤོག”དེ་ནི“ཤོག”གི་སྒྲ་གདངས་སུ་སྣང་ཡང་དོན་དུ“མ་ཡོང”ཞེས་པའི་རྔམ་ཟིལ་ཞིག་ཤུགས་སུ་སྦས་ཡོད།  དེ་རིང་གི“ཤོག”ནི་སྐད་གསང་ཞིང་སྙན་ལ།  སྤྲོ་བས་བཏེགས་པའི་གདངས་ཤིག་གིས་ལབ་ཀྱིན་འདུག་པས།  དེ་ནི་ཏག་ཏག“ཤོག”གི་ནང་དོན་རང་ཡིན་པ་ཁོ་བོས་གསལ་བོར་ཚོར་ཐུབ།  

ངས་ནི་འཇབ་བུའི་སྟབས་ཀྱིས་སྒོ་གླེགས་ག་ལེར་ཕྱེ་བ་དང་ཆབས་ཅིག  རང་ཉིད་ཀྱི་མགོ་བོ་གཞི་ནས་རང་དབང་མེད་པར་ལན་གཅིག་དུད་ཙམ་བྱས་བྱུང་བར་ཡིད་འཇོག་བྱུང་།  འོན་ཏེ།  ཁོ་བོ་འདི་ལ་ཡ་མཚན་པ་དང་ཧ་ལས་པ་ཅི་ཡང་མ་བྱུང་།  འདི་ནི་ད་ལྟའི་ང་ལ་མཚོན་ན་ཕལ་ཆེར་གོམས་གཤིས་ཤིག་ཏུ་གྱུར་ཡོད།  མགོ་འཁྲིད་ཀྱིས་ངས་ནམ་རྒྱུན་དང་འདྲ་བར་མགོ་བོ་དུད་ཙམ་བྱེད་པ་མཐོང་བའི་མོད།  དེའི་མུར་ཅུང་བརྟབས་པའི་ཚུལ་གྱིས་ཡར་ལངས་ཤིང་ཚུར་འོངས་ནས་ཁོ་བོའི་ལག་མགོར་འཇུས་བྱུང་།  ཅི་ཡིན་གྱི་ཆ་མ་འཚལ་མོད།  འོན་ཏེ།  མགོ་འཁྲིད་ཀྱི་རྟབ་རྟབ་པོའི་ངང་ཚུལ་དེས་ངའི་སེམས་ཀྱི་གཏིང་རིམ་གང་ཞིག་ཏུ་དྲོད་ཐིག་ངེས་ཅན་ཞིག་རྒྱས་སུ་བཅུག  

“ད་དུང་དངོས་སུ་དྲིལ་བསྒྲགས་མེད་མོད།  འོན་ཏེ།  ད་ལམ་རྩ་འཛུགས་ཀྱིས་ཁྱོད་རང་གཙོ་སྒྲིག་པ་ཟུར་པའི་གོ་གནས་སུ་བསྐོ་སྲིད་པ་ཏན་ཏན་རེད།  ངས་སྔ་ས་ནས་ཁྱོད་ལ་རྟེན་འབྲེལ་ཞུས་པ་ཡིན” མགོ་འཁྲིད་ཀྱིས་མཇུག་མཐའི་སྐད་ཆ་དེ་ཅུང་གསང་བའི་སྒྲོས་ཀྱིས་ཤུབས་བྱུང་བས།  གཞུང་ལས་ཁང་འདིར་ད་དུང་ངེད་གཉིས་ཕུད་པའི་མི་གཞན་ཞིག་ཀྱང་མེད་གྲང་སྙམ་འོངས།      

“དེ་འདྲ་ཨེ་སྲིད་གྲང་།”

ང་ནི་རང་ཉིད་ལ་ཅུང་ཧ་ལས་པ་ཞིག་བྱུང་།  ངས་རང་ཉིད་ཀྱི་ངག་ནས་སྐད་ཆ་འདི་འདྲ་ཞིག་ཐལ་འགྲོ་སྙམ་པ་ཡེ་མ་བསམས་ལ།  མགོ་འཁྲིད་ཀྱི་གཏམ་དེས་རང་ཉིད་ལ་དགའ་བ་འདི་ཙམ་ཞིག་བསྐྱེད་ཐུབ་པའང་བསམ་ཡུལ་དུ་མ་དྲན།  དེ་བས་ཀྱང་རྟོགས་དཀའ་བ་ནི་སྐབས་ཐོག་འདིར་ངའི་མགོ་བོ་ཡང་ནས་ཡང་དུ་དུད་ཙམ་དུད་ཙམ་བྱེད་བཞིན་པའི་བཟོ་ལྟ་འདི་རེད།  རང་ཉིད་ཀྱིས་མགོ་འཁྲིད་ཟུར་པའི་གོ་གནས་འདིར་འདི་འདྲའི་རེ་ལྟོས་ཤིག་བཅངས་ཡོད་པ་ངའི་ཡིད་ཀྱི་རྒུ་ལའང་དྲན་མྱོང་མེད་ཨང་།  

“མི་སྲིད་པ་ཅི་ཡོད།  ཁྱོད་ནི་ལས་ཞུགས་ཀྱི་དུས་ཡུན་རིང་ཞིང་རྩོམ་སྒྲིག་གི་ཉམས་མྱོང་ཡང་ཕུན་སུམ་ཚོགས་པས།  ད་ནི་གཙོ་སྒྲིག་པ་ཟུར་པའི་འགན་འཁྲི་འདི་ཁྱོད་ལ་སྒ་འཁུར་རྟ་ལ་བབས་པ་ནང་བཞིན་མ་ཡིན་ནམ།”ད་ནི་མགོ་འཁྲིད་གཞི་ནས་སྔར་མལ་དུ་ལོག་ཅིང་ཐ་མག་རྐང་གཅིག་མེ་རུ་བསྒྲོན་རྗེས།  ཧ་ཅང་བག་ཕབ་པའི་སྒྲོས་ཤིག་གིས་དེ་སྐད་ལབ་པར་བྱེད།  

ཐེངས་འདིར་ཁོ་བོ་ལན་གྱིས་ཕོངས་པར་གྱུར།  རྒྱུ་མཚན་ནི།  སྐབས་ཐོག་འདིར་ཁོ་བོས་བསམ་བློ་གཏོང་བཞིན་པ་ནི་མགོ་འཁྲིད་ཀྱི་སྐད་ཆ་མ་ཡིན་པར་རང་ཉིད་རེད་འདུག  དུས་ཀྱི་མཚམས་ཚིགས་འདི་ཉིད་ཅིག་ཏུ།  ང་ལ་རང་ཉིད་ཀྱིས་རང་ཉིད་ངོ་མི་ཤེས་པ་ལྟ་བུའི་ཉམས་སྣང་ཞིག་དབང་མེད་དུ་སྐྱེས་འོངས།  ཞོགས་པའི་ཆུ་ཚོད་བཅུ་པའི་ཉི་ཐིག་གི་ཀློང་ན་མགོ་འཁྲིད་ཀྱི་ཁ་གཏད་དུ་འགྲེང་འདུག་པའི་མི་དེ་ཡང་སྙིང་སུ་ཞིག་ཡིན་ནམ།  དེ་ལ་གཙོ་སྒྲིག་པ་ཟུར་པ་ཞིག་གི་དགོས་མཁོ་ཅིའི་ཕྱིར་བྱུང་བ་ཡིན་ནམ།  ད་ལྟའི་ཁོ་བོར་མཚོན་ན།  རྩོམ་སྒྲིག་པའི་ལས་འདིར་གཞི་ནས་སྤྲོ་བ་དེ་ཙམ་མི་འདུག་ལ།  རང་ཉིད་ཀྱི་གོ་གནས་འཕར་ཙམ་བྱུང་ན་སྙམ་པའི་རེ་ལྟོས་ཀྱང་ཆེར་མི་འདུག  དེ་བས།  མགོ་འཁྲིད་ཀྱི་ཁ་གཏད་དུ་འགྲེང་འདུག་པའི་མི་དེ་དང་ངེད་གཉིས་ཀའི་བར་དུ་ཡང་སྙིང་འབྲེལ་བ་ཅི་ཞིག་ཡོད་དམ།  རྒྱ་ལ་མགོ་འཁྲིད་ཀྱི་ཁ་གཏད་དུ་འགྲེང་འདུག་པའི་མི་དེའང་ཁོ་བོ་ཡིན་ན་ནི།  ད་ནི་མི་དེ་དང་ངེད་གཉིས་ལ་སྐྱེས་བུ་ཞིག་གི་ངོ་གདོང་དང་ངོ་གདོང་དེར་གྱོན་པའི་གདོང་འབག་གཉིས་ཀའི་འབྲེལ་བ་ཞིག་ཡོད་བཟོ་མཆི་ཨང་།  དེས་ན།  ཡང་སྙིང་སུ་ཞིག་ངོ་གདོང་དང་སུ་ཞིག་གདོང་འབག་ཡིན་ནམ།  གནད་ཀ་འདིར་ཁོ་བོས་ཡིད་རྟོན་ཕེར་བའི་ཆ་འཇོག་ཅི་ཡང་རྙེད་མ་སོང་།  ཡིན་ཡང་།  མགོ་འཁྲིད་ཀྱི་ཁ་གཏད་དུ་འདི་ལྟར་སྨྲ་བ་ཅི་ཡང་མེད་པར་སྡོད་པ་ནི་འོས་སུ་མ་མཆིས་པར་ཡིད་འཇོག་བྱུང་བས།  ངས་ལམ་སང་གནས་སྐབས་འདིར་བཤད་འོས་པའི་སྐད་ཆ་ཞིག་ལ་བསམ་བློ་བཏང་བ་ཡིན།  འོན་ཏེ།  དུས་ཐོག་ཏུ་ཁོ་བོས་གཏམ་དུ་བྱ་འོས་པའི་སྐད་ཆ་ཅི་ཡང་རྙེད་མ་བྱུང་བས།  ང་ལ་གློ་བུར་དུ་དེ་རིང་ཞོགས་པའི་ཉི་འོད་འདི་ནམ་རྒྱུན་ལས་ཀྱང་ཚ་གདུག་ཆེ་བའི་སྣང་བ་ཞིག་སྐྱེས་འོངས།  ཏག་ཏག་སྐབས་འདིར།  མགོ་འཁྲིད་ཀྱིས་མུ་མཐུད་དུ་ཁ་གྲགས་བྱུང་བས།  ཁོ་བོར་སྔོན་ཏག་ཏག་ལ་དཀག་ཟིན་པའི་གཞུང་ལས་ཁང་འདིའི་མཁའ་དབུགས་ཡང་བསྐྱར་འཁོར་རྒྱུགས་བྱས་བྱུང་བའི་ཉམས་སྣང་སྐྱེས།  

“ཡང་གཅིག་བཤད་ན།  རྩོམ་སྒྲིག་གི་བྱ་བ་ནི་ཁྱོད་ཀྱི་དགའ་ཕྱོགས་མ་ཡིན་ནམ།  སྔོན་ཚེ་ཁྱོད་ཀྱིས་ད་དུང་ཚེ་རབས་ཧྲིལ་པོ་རྩོམ་སྒྲིག་གི་ལས་འདིར་བསྟིམ་རྒྱུའི་གཡར་དམ་བཅས་མྱོང་ཨང་།  ད་ནི་རང་ཉིད་གང་ལ་མོས་པའི་ལས་དེ་ལས་མི་ཚེའི་སྙིང་བོ་ལེན་ཐུབ་པ་བྱུང་བས།  འདི་ནི་ཅིས་ཀྱང་དགའ་འོས་པའི་དོན་ཞིག་ཡིན་ངེས།”

མགོ་འཁྲིད་ཀྱི་གླེང་མོལ་དུ་བྱུང་བ་དེ་ནི་བགྲང་བྱ་བཅུ་ཕྲག་ལྷག་གི་ཡར་སྔོན་གྱི་གཞོན་ནུ་ཞིག་སྟེ།  སྐབས་དེ་དུས་ཁོ་རང་སློབ་ཆེན་གྱི་འཚོ་བ་དང་ཁ་གྱེས་མ་ཐག་པ་ལ།  སོ་སོའི་འདོད་མོས་དང་འཚམས་པའི་ལས་གནས་ཤིག་ཀྱང་བགོ་སྐལ་དུ་རྙེད།  གཞོན་ནུ་དེ་ཅིས་ཀྱང་ལག་རྗེས་གང་ཞིག་འཇོག་དགོས་ཨང་སྙམ་པའི་ངར་ཤུགས་ཤིག་གིས་གྲོང་ཁྱེར་འདིར་འབྱོར་ཙ་ན།  ཉམས་སྣང་ཞིག་ལ།  གྲོང་ཁྱེར་འདིའི་ནམ་མཁའ་སྔོ་ཞིང་དྭངས་ལ།  ཉི་འོད་དྲོ་ཞིང་འཇམ།  མཁའ་དབུགས་བསིལ་ཞིང་གཙང་།  ཁོའི་ལུས་སུའང་ཚོས་གཞི་རྣམ་པར་བཀྲ་བའི་གྱོན་ཆས་ཤིག་བགོས་ཡོད་པས།  གྲོང་ཁྱེར་འདིའི་ནམ་མཁའ་དང་ཉི་འོད་ཀྱི་ཀློང་དུ།  ཁོ་ལ་རང་ཉིད་ཀྱི་ཁ་དོག་ཤིན་ཏུ་གསལ་བའི་སྣང་བ་བྱུང་།  རེད་ཨང་།  སྐབས་དེ་དུས།  ཁོ་རང་སྐྲ་ལོ་རིང་པོ་འཇོག་རྒྱུར་དགའ་ཞིང་།  ལྭ་བ་མདོག་ཆེན་གྱོན་པར་ཡང་མོས།  དེ་བས་ཀྱང་གལ་ཆེ་བ་ནི།  སྐབས་དེར་ཁོའི་ཟས་ཀྱི་ཡི་གའང་ཤིན་ཏུ་བཟང་།  རྣམ་ཀུན་ལས་ཁུངས་ཀྱི་སྒོ་དྲུང་ནས་ཡར་འཛུལ་ཐེངས་རེར།  ཁོ་ལ་དེ་ནི་རང་ཉིད་ཀྱི་མ་འོངས་པར་གོམ་པ་སྤོ་སྟངས་ཤིག་ཡིན་པའི་ཉམས་སྣང་སྐྱེས་ལ།  གཞུང་ལས་ཁང་གི་སྒེའུ་ཁུང་ལས་ཕྱི་རོལ་གྱི་གྲོང་ཁྱེར་འདིར་རྒྱང་ལྟ་བྱེད་ཐེངས་རེར།  ཁོ་ལ་རང་ཉིད་ཀྱིས་གྲོང་ཁྱེར་འདིར་སོ་སོར་དབང་བའི་གནས་མལ་ཞིག་རྙེད་སོང་བའི་དགའ་བའང་བཅོས་མིན་དུ་སྐྱེས་འོངས།  འོན་ཏེ།  འཕྲུལ་ཆས་ཤིག་གི་ལྷུ་ལག་བཞིན་ཡང་ནས་ཡང་དུ་བསྐྱར་ཟློས་སུ་འཁོར་བའི་ལས་ཚོགས་ཀྱི་གོ་རིམ་དང་།  གྲོང་ཁྱེར་འདིའི་རྣོ་ལྕགས་དང་འུར་ཟིང་།  ཐལ་རྡུལ་གྱི་སོ་འཁོར་ལ་ཡང་ཡང་དྲངས་འབྲས་སུ།  གཞོན་ནུ་དེའི་ལུས་ཀྱི་བཀྲག་མདངས་རིམ་གྱིས་ཡལ་ཞིང་ཟས་ཀྱི་ཡི་གའང་ངང་གིས་འཆུས།  ཆུང་དུ་ན་ཁོ་རང་རྟེན་འཆའ་སའི་གྲོང་ཁྱེར་འདིའི་ཁ་དོག་ཀྱང་ཁོའི་བཀྲག་མདངས་ནང་བཞིན་ག་ལེ་ག་ལེར་ཡལ་བཞིན་པའི་ཉམས་སྣང་བྱུང་བས།  ཁོར་རང་ཉིད་གྲོང་ཁྱེར་འདིར་འཚོ་ཞིང་གནས་པའི་གོ་རིམ་ནི་ཚོན་མདོག་ཅན་གྱི་བརྙན་འཕྲིན་ཟློས་གར་ཞིག་རིམ་བཞིན་ཁ་དོག་དཀར་ནག་ཏུ་འགྱུར་བཞིན་པའི་བྱུང་བ་ཞིག་ཡིན་སྣང་སྐྱེས།  དེ་བས།  ད་ནི་གཞོན་ནུ་གང་དེའི་མཐོང་ལམ་དུ།  གྲོང་ཁྱེར་འདིར་ཁ་དོག་ཅི་ཡང་མི་འདུག་ལ།  སྔོན་ཚེ་ཁོའི་ཡིད་ཀྱི་དང་བ་ཅིག་ཅར་དུ་དྲངས་མྱོང་བའི་རྩོམ་སྒྲིག་གི་ལས་གནས་དེར་ཡང་དེ་ཙམ་གཙིགས་ཆེན་དུ་འཛིན་དགོས་པའི་ཆ་གང་ཡང་མེད་པར་གྱུར།  ཐ་ན།  བགྲང་བྱ་བཅུ་ཕྲག་ལྷག་གི་ཡར་སྔོན་དུ་བཀྲག་མདངས་ཀྱིས་ཁྱོགས་པའི་གཞོན་ནུ་དེའང་ད་ནི་ཁ་དོག་ཉམས་ཤིང་སྣུམ་བག་གིས་ཟིན་པའི་ཁོ་བོར་གྱུར་ཟིན་པས།  མགོ་འཁྲིད་ཀྱི་སྒྲོས་སུ་བྱུང་བའི་གཞོན་ནུ་དེ་ད་ལྟ་གྲོང་ཁྱེར་འདིའི་མྱུར་ཚད་དང་འུར་ཟིང་གི་སྲུབས་ཀ་གང་ཞིག་ཏུ་ཡལ་སོང་ངམ།  འདིའི་ཐད་ལ།  མགོ་འཁྲིད་ཀྱིས་ཡིད་འཇོག་གང་ཡང་བྱུང་མི་འདུག་ལ།  ཐ་ན་ངས་ཀྱང་ཆ་འཇོག་ཅི་ཡང་རྙེད་མ་སོང་།  

“ད་ལྟ།  ང་ལ་ཟས་ཀྱི་ཡི་ག་ཅི་ཡང་མི་འདུག”

ལར་ཁོ་བོས་ད་ལྟ་རང་ཉིད་རྩོམ་སྒྲིག་གི་བྱ་བར་སྤྲོ་བ་ཅི་ཡང་མི་འདུག་ཅེས་ལབ་འཆར་ཡིན་མོད།  འོན་ཏེ།  ངའི་ངག་ནས་རང་དབང་མེད་པར་སྐད་ཆ་འདི་འདྲ་ཞིག་ཐལ་སོང་བས།  ཉི་འོད་ཀྱི་ཀློང་ན་ཐ་མག་རྔུབ་བཞིན་པའི་མགོ་འཁྲིད་ཀྱང་རེ་ཞིག་རབ་རིབ་བན་བུན་ཞིག་ཏུ་གྱུར་ཡོད་ཚོད་རེད་ལ།  ཁོ་བོའང་དེའི་མུར་ཅི་ཡིན་གྱི་ཆ་མ་འཚལ་བར་གྱུར་ཏེ་གོང་གི་སྐད་ཆ་དེར་གསལ་ཙམ་འདེབས་པའང་ལྕོགས་མ་སོང་།  ཐ་ན།  རང་ཉིད་མགོ་འཁྲིད་ཀྱི་གཞུང་ལས་ཁང་ནས་ཇི་ལྟར་སྒོར་ཐོན་པར་ཡང་ངེས་འདྲོངས་ཅི་ཡང་མ་རྙེད་པས།  ཏག་ཏག་དུས་ཀྱི་ཆ་ཤས་དེ་ཙམ་ཞིག་ཏུ།  ང་ནི་ཞོགས་པར་གློག་ཀླད་ཀྱི་འཆར་ཤེལ་དུ་རྩོམ་ཡིག་དེར་ཞུ་དག་བྱེད་སྐབས་དང་འདྲ་བར་རབ་རིབ་མག་མོག་གི་བྱིང་རྨུགས་ཤིག་གིས་ཡོངས་སུ་ཟིན་སོང་།  ཁོ་བོ་བརྒྱལ་བ་གང་ཞིག་ལས་སད་པ་ལྟར་མཐའ་སྐོར་གྱི་ཡོད་ཚད་ལ་ངེས་ཤེས་ཙམ་རྙེད་དུས།  རང་ཉིད་གཞི་ནས་སོ་སོའི་སྡོད་མལ་དུ་འགྲེང་འདུག་ལ།  གཞུང་ལས་ཁང་གི་ལས་གྲོགས་གཞན་དག་ཁོ་བོའི་ཉེ་འཁོར་དུ་རུབ་སྟེ་འཛུམ་པ་དང་བཅས་རྟེན་འབྲེལ་ཞུ་བའི་རྣམ་འགྱུར་ཅི་ཡང་སྟོན།  ཁོ་བོ་ཕྱོགས་གཅིག་ནས་སྔོན་ཏག་ཏག་ལ་མགོ་འཁྲིད་ཀྱི་གཞུང་ལས་ཁང་དུ་བྱུང་བའི་གཏམ་གླེང་དེ་ཁོ་ཚོས་ཇི་ལྟར་གོ་སོང་བར་ཧ་ལས་པ་ཅུང་ཞིག་བྱུང་ལ།  ཕྱོགས་གཅིག་ནས་ཁོ་ཚོས་རྟེན་འབྲེལ་ཞུ་སྟངས་དེ་ནི་བཟའ་བཅའ་གང་ཞིག་མདུན་དུ་བསྟར་པ་ལྟར་ང་ལ་ཅི་ཞིག་གིས་འགྲངས་སོང་བའི་ཚོར་སྣང་དེ་ཡང་བསྐྱར་བསྟབས་འོངས།  དེ་མ་ཐག  ཁོ་བོ་རང་ཉིད་ཀྱི་རྐུབ་སྟེགས་སུ་ལྗིད་ཏིག་གེར་ལྷུང་ཙ་ན།  ཁ་གཏད་ནི་ཞོགས་པར་བལྟ་འཕྲོར་ལུས་པའི་རྩོམ་ཡིག་དེ་རེད་འདུག་པས།  ང་རང་གློ་བུར་དུ་སེམས་བྱིང་བའམ།  ཁམས་ཉོག་པ།  ལུས་རྨྱ་བའི་ངལ་དུབ་ལྕི་མོ་ཞིག་གིས་རབ་ཏུ་ནོན་འོངས་ལ།  དེ་ཡིས་བསྐྱེད་པའི་ཡི་ག་འཆུས་པའི་སྣང་བ་འགོག་མེད་ཅིག་ཀྱང་དང་གར་བརྟས་ཡོང་བས།  ང་ནི་རེ་ཞིག་དེ་གར་བླ་འཁྱམས་པ་ལྟར་ཧད་ལས་སྡོད་དགོས་བྱུང་།  

ཁོ་བོ་དེ་ལྟར་ཧད་ནས་སྡོད་པ་ནི་ཏག་ཏག་གནས་སྐབས་འདིར་ང་རང་བཀྲ་ཤིས་ཀྱི་ཁ་གཏད་དུ་ཧད་ནས་ལུས་པ་དང་གཉིས་སུ་མི་འདུག  སྐབས་ཐོག་འདིར།  ཁང་ཁྱིམ་འདིའི་འུར་ཟིང་དང་ཐུག་ཆོམ་གྱི་གྲག་འགུལ་སྔར་བས་ཇེ་ཆེར་གྱུར་ཏེ།  བར་སྟོང་འདིར་ལྷིང་འཇགས་སུ་གྱུར་རོ་ཅོག་ཁྱུར་མིད་དུ་བཏང་ལ།  ཁྱུར་མིད་དུ་བཏང་བའི་གྲས་སུ་ཁོ་བོའང་ཚུད་ཡོད་པ་སྨོས་ཅི་དགོས།  འོན་ཏེ།  འ་འུར་ཟང་ཟིང་གི་གྲག་འགུལ་འདིའི་ཀློང་ན།  ངའི་ཁ་གཏད་ཀྱི་བཀྲ་ཤིས་ཀྱིས་ད་དུང་ཡང་མཚམས་ཚིགས་མེད་པར་ཟས་ལ་རོལ་ཞིང་།  ཟས་ཀྱི་ཞར་བྱུང་དུ་སྐད་ཆ་གང་མང་ཞིག་ཀྱང་ཕྱིར་ལབ་ཀྱིན་འདུག་པས།  ཁོ་བོས་གནས་སྐབས་འདི་ནི་བཀྲ་ཤིས་ཀྱི་ཁ་ཞེས་པའི་བུ་ག་དེ་ཆེས་ཁོམ་ལོང་མེད་པའི་དུས་ཤིག་རེད་ཨང་སྙམ་བྱུང་།  བཀྲ་ཤིས་ཙམ་དུ་མ་ཟད།  སྒྲོག་ཙེ་འདིའི་མཐའ་སྐོར་གྱི་མི་གཞན་དག་གི་ཁ་ལའང་བྲེལ་བ་ཤིན་ཏུ་ཆེ་བ་འདྲ་སྟེ།  ཁོ་ཚོས་སྒྲོག་ཙེ་རུ་ཐང་མར་བརྡལ་བའི་ཟས་ཀྱི་བྱེ་བྲག་སྣ་ཚོགས་ལ་ལོངས་སུ་སྤྱོད་ཞོར།  ཕྱོགས་ཡར་མར་གྱི་སྨྲ་མཆུ་ལའང་འཐུས་མ་ཤོར་བར་འཇུག་གིན་འདུག  དེ་བས།  རེ་ཞིག་ང་ལ་ཁང་ཁྱིམ་འདི་ནི་མི་ཚོགས་ཀྱི་རྦ་རླབས་དྲག་ཏུ་གཡོ་བའི་ཚོང་འདུས་ཤིག་ཡིན་སྣང་སྐྱེས་འོངས་ལ།  རྒྱ་མཚོའི་རྦ་རླབས་ནང་བཞིན་གཡོ་ཞིང་འཁྱོམས་པའི་འུར་ཟིང་འདིས་ཁོ་བོར་མགོ་ཡུ་འཁོར་ཞིང་ཡི་ག་འཆུས་པའི་སྣང་བ་ཞིག་བསྟབས་ཡོང་།  ཏག་ཏག་སྐབས་འདི་ཙམ་ཞིག་ཏུ།  ཁོ་ཚོའི་གཏམ་གླེང་ཡང་རིམ་བཞིན་ཡི་ག་འཆུ་བའི་ཕྱོགས་སུ་འཁོར་བྱུང་།  

“ཁྱོད་ལ་ཡི་ག་འཆུ་བའི་ནད་འདི་བྱུང་མྱོང་ངམ།”

“མ་མྱོང་།”

“ཁྱོད་ལ་བྱུང་མྱོང་ངམ།”

“ང་ལའང་མ་མྱོང་།”

“ངའི་ཆུང་མར་ཡི་ག་འཆུ་བའི་ནད་འདི་ལན་ཅིག་བྱུང་མྱོང་མོད།  འོན་ཏེ།  དུས་ཐོག་ཏུ་སྨན་དཔྱད་བསྟེན་པས་དྲག་སྐྱེད་བྱུང་།”

“ཡི་ག་འཆི་བའི་ནད་འདི་ཇི་ལྟར་བྱུང་བ་ཡིན་ནམ།”

“དེ་ནི་དེང་གི་མིར་བཟའ་བཏུང་གི་རྣམ་གྲངས་མང་དྲགས་པས་རེད།”

“དེ་ལྟར་སྨྲ་བའང་ཅུང་ཐལ་དྲགས་པ་རེད།  དོན་དུ་དེང་འོ་སྐོལ་དག་ལ་བཟའ་བར་འོས་པའི་ཟས་རིགས་དེ་ཙམ་མང་པོ་ཡོད་པ་མ་རེད།  ཐེངས་སྔོན་མར་གྲོང་ཁྱེར་འདིར་བྱུང་བའི་བཟའ་བཅའི་བདེ་འཇགས་སྐོར་གྱི་དོན་རྐྱེན་དེར་སོམས་དང་།  ད་ལྟ་ང་ཚོར་བློ་བདེ་པོའི་ངང་བཟའ་ཆོག་པའི་ཟས་རིགས་ཅི་ཙམ་འདུག་ཨང་།”

ཆེས་མཐའ་མའི་སྐད་ཆ་འདི་ནི་ངའི་ཆུང་མའི་གྲོགས་མོ་སྟེ།  གྲོང་ཁྱེར་འདིའི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་ལས་ཁུངས་ཀྱི་ལས་སྣེ་གང་དེས་ལབ་པ་རེད།  དོན་དུ་མོས་ལབ་པའི་བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་དེ་ནི་ད་ལོའི་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ལ་བྱུང་ཞིང་།  དེ་ལ་གྲོང་ཁྱེར་འདིའི་གསར་འགྱུར་དུ“3·18”དོན་རྐྱེན་གྱི་ཐ་སྙད་བྱེད།  ཁོ་བོའང་རྒྱུས་ཤིན་ཏུ་ཆེ།  སྐབས་དེར།  སློབ་གྲྭ་ཆུང་འབྲིང་གི་ཕྲུ་གུ་དང་ལས་ཁུངས་གང་མང་ཞིག་གི་ལས་བཟོ་པ་ཟས་དུག་གིས་བཏབ་ཅིང་།  མི་ཁ་ཅིག་རྐྱེན་ལམ་དུའང་ཤོར་གཤིས།  གྲོང་ཁྱེར་འདིར་མཚོན་ན་འདི་ནི་ལོ་འདིར་ཆེས་ཛ་དྲག་ཆེ་བའི་དོན་རྐྱེན་ཞིག་ཏུ་བརྩིས་ཆོག  ལན་དེར།  ངས་ཀྱང་རང་ཉིད་ཀྱི་ཡི་ག་འཆུས་པ་དེ་བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་གྱིས་ལན་པར་འདུ་ཤེས་ཀྱིས་སྨན་ཁང་དུ་ཕྱིན་ཞིང་།  སློབ་གྲྭ་ཆུང་འབྲིང་གི་ཕྲུ་གུ་མང་པོ་ཞིག་དང་མཉམ་དུ་བརྟག་དཔྱད་ཀྱི་རྣམ་གྲངས་གང་མང་ཞིག་ཏུ་ཞུགས་མོད།  འོན་ཏེ།  མཇུག་མཐར།  སྨན་པས་ཁོ་བོར་ཟས་དུག་ཕོག་འདུག་པའི་ནད་རྟགས་ཅི་ཡང་མེད་པར་ཁ་ཚོན་བཅད་ཙ་ན།  ངས་ནི་ཡང་བསྐྱར་རང་ཉིད་ཀྱི་ཡི་ག་འཆི་བ་འདིར་ཆ་འཇོག་རུང་བའི་གཏད་སོ་གང་ཡང་མི་རྙེད་པར་གྱུར་ལ།  རང་ཉིད་གྲོང་ཁྱེར་འདིའི་ཟས་དུག་ཕོག་པའི་མི་དེ་དག་གིས་གཅུད་དུ་བོར་འདུག་པའི་སྐྱོ་ཤས་དྲག་པོ་ཞིག་ཀྱང་གློ་བུར་གློ་བུར་དུ་སྐྱེས་འོངས།  

“གྲོགས་པོ།  ཁྱོད་ཀྱི་རྣམ་འགྱུར་དེ་ཅི་ཞིག་ཡིན་ནམ།  ཕར་བལྟས་ཚོད་དུ་ཁྱོད་རང་ང་ཚོར་ཡི་ག་འཆུ་བཞིན་པ་འདྲ་ཨང”བཀྲ་ཤིས་ཀྱིས་གློ་བུར་དུ་སྐད་ཆ་འདི་འདྲ་ཞིག་ལབ་སྲིད་པ་ངའི་ཡིད་ཀྱི་རྒུ་ལའང་མ་དྲན།  ཡང་སྙིང་སྔོན་ཏག་ཏག་ལ་ངས་ཁོ་ཚོར་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ཡོད་དམ།  སྐར་ཆ་འགའི་སྔོན་གྱི་རང་ཉིད་ལ་ད་ནི་ཁོ་བོས་ཆ་འཇོག་གང་ཡང་རྙེད་ཀྱི་མི་འདུག  དེ་ནི་ཀྱིང་བསེར་རླུང་གི་གཡུགས་ཐེངས་ལན་གཅིག་དང་འདྲ་བར་སེ་གོལ་གཏོགས་ཙམ་གྱི་ཡུན་ལ་ཁང་ཁྱིམ་འདི་བརྒྱུད་ནས་སྒེའུ་ཁུང་གི་ཕྱི་རོལ་ཏུ་ཡལ་སོང་བ་དང་མཚུངས།  རེད་ཨང་།  དེ་རིང་ཕྱི་རོལ་གྱི་གནམ་གཤིས་ཅི་འདྲ་ཞིག་ཡིན་ནམ།  ཕར་བལྟས་ཚོད་དུ་རྣམ་ཀུན་ལས་ཅུང་ལེགས་པ་འདྲ་ཨང་།  སྐབས་ཐོག་འདིར།  ང་ལ་གློ་བུར་དུ་ཕྱི་རོལ་ཏུ་ལན་གཅིག་སོང་ན་སྙམ་པ་ཏུར་རེར་སྐྱེས་འོངས་ལ།  དེ་བས་ཀྱང་།  ཕྱི་རོལ་གྱི་བསེར་རླུང་འཇམ་པོ་ཞིག་གི་བྱིལ་བྱིལ་ཐོབ་ན་ཅི་མ་རུང་སྙམ་ཡོང་།  གང་ཡིན་ཞེ་ན།  བཀྲ་ཤིས་ཀྱིས་ཁོ་བོར་སྟ་གོན་ཅི་ཡང་མེད་པའི་གླགས་སུ་ལབ་པའི་སྐད་ཆ་དེས།  སྐབས་འདིར་ང་རང་མདུན་གྱི་བཟའ་བཅའི་བྱེ་བྲག་དེ་དག་དང་འདྲ་བར་ངེད་ཚང་གི་མགྲོན་པོ་དག་གི་མཐོང་ལམ་དུ་རྗེན་པར་བཏོན་ཟིན་པས།  མཐའ་སྐོར་གྱི་མིག་འོད་ཡོད་ཚད་ད་ནི་སྟབས་གཅིག་ཏུ་ངའི་སྟེང་འབའ་ཞིག་ལ་སྤྲོས་འདུག་ཅིང་།  མིག་འོད་དེ་དག་ཀྱང་དངོས་གནས་ཉི་ཐིག་ཕྲ་མོ་རེ་རེ་དང་འདྲ་བར་ཁོ་བོའི་ལུས་ཡོངས་སུ་ཚ་བ་ངེས་ཅན་ཞིག་རྒྱས་སུ་བཅུག  ཏག་ཏག་སྐབས་འདིར།  བཀྲ་ཤིས་ཀྱིས་ཡང་བསྐྱར“ཁོའི་ངོ་མདོག་དམར་པོ་གྱུར་སོང……ཁོའི་ངོ་མདོག་དམར་པོར་གྱུར་སོང”ཞེས་མུ་ཅོར་སྨྲས་འོངས་པས།  དེར་འདུས་ཀུན་ཡང་དེའི་མུར་བཞད་གད་ཐག་གེར་གྱུར་ལ།  དེའི་གྲས་སུ་ངའི་ཆུང་མ་དང་ཕ་རྒན་གཉིས་ཀའང་འདུ།  དེ་མ་ཐག  ངས་ད་གཟོད་ཁ་གཏད་ཀྱི་ཕ་རོལ་པོ་དེ་དག་ནི་མདུན་གྱི་བཟའ་བཅའི་བྱེ་བྲག་འདི་དག་དང་འདྲ་བར་ཡི་ག་འཆུ་བྱེད་ཅིག་ཡིན་པ་གཞི་ནས་ཚོར་བྱུང་།  དེ་བས།  ང་རང་སྒྲོག་ཙེ་འདིའི་མཐའ་རུ་འདུག་འདོད་ཡེ་མ་བྱུང་བས།  གློ་བུར་དུ་ཡར་ལངས་ནས་ཆུང་མ་དང་ངེད་གཉིས་ཀའི་མལ་ཁང་དུ་འཛུལ་བ་ཡིན།  ཁོ་བོ་འདི་ལྟར་བབ་ཅོལ་དུ་སྒྲོག་ཙེ་དང་ཁ་བྲལ་བ་འདིས་ཁོ་ཚོ་བག་ཙམ་ཧ་ལས་སུ་བཅུག་ཡོད་མདོག་ཁ།  འོན་ཏེ།  ད་ནི་ངས་དེ་དག་ལ་ཡིད་འཇོག་གང་ཡང་བྱར་མི་འདོད།  གནས་སྐབས་འདིར་ང་ལ་མཁོ་བ་ནི་ལྷིང་འཇགས་རེད།  

མལ་ཁང་དང་དཔེ་ཁང་གཅིག་ལྕོགས་ཀྱི་ཤག་མིག་དེར་འཛུལ་བ་ན།  ངའི་ཡིད་སེམས་གཞི་ནས་ལྷོད་ལ་འབབ་ཐུབ་པར་གྱུར།  ལྷོད་ལ་འབབ་པ་ནི་མ་གཞིར་རང་ཉིད་སླར་འཚོབ་པའི་གོ་རིམ་ཞིག་རེད།  ངའི་དབང་ཤེས་ཡོད་ཚད་ལྷོད་ལ་བབས་པའི་གནས་སྐབས་འདི་ཉིད་དུ།  ང་ལ་ད་གཟོད་མཐའ་སྐོར་གྱི་ཡོད་ཚད་གཞི་ནས་མིག་ཤེས་ཀྱིས་ཟིན་ཐུབ་པའི་སྣང་བ་བྱུང་།  ད་ལྟ་ངའི་ཁ་གཏད་ནི་རྩིག་ལྡེབས་སུ་ལྕགས་གཟེར་སྣ་ཚོགས་ཀྱིས་བཏབ་པའི་དཔེ་སྒྲོམ་ཞིག་རེད་ལ།  དཔེ་སྒྲོམ་དེའི་ལིང་ཚེ་རེ་རེ་རུ་རྡུལ་གྱིས་གོས་པའི་དཔེ་དེབ་ཆེ་ཆུང་ཅི་རིགས་ཀྱིས་ཁེངས་འདུག  མ་གཞིར་ང་ནི་ཟས་ཅོག་དང་ཁ་བྲལ་རྗེས་ཐད་ཀར་དཔེ་སྒྲོམ་གྱི་མདུན་དུ་འཁོད་པའི་རྐུབ་སྟེགས་འདིར་བསྡད་པ་ཡིན་འདུག  རྡུལ་གྱི་བྱེ་མ་སྲབ་བུ་ཞིག་གི་འོག་ན་བག་ལ་ཉལ་བའི་དཔེ་དེབ་དེ་དག་ལ་ལྟ་བཞིན།  ངས་ནི་རང་ཉིད་ཀྱིས་དུས་ནམ་ཞིག་ཏུ་དཔེ་དེབ་འདི་འདྲའི་མང་པོ་ཞིག་ཅིའི་ཕྱིར་ཉོས་པ་ལ་ཆ་འཇོག་རུང་བའི་རྒྱུ་མཚན་ཅི་ཡང་རྙེད་མ་བྱུང་།  ལག་སྙོབ་ཐེངས་ཤིག་གིས་དཔེ་དེབ་ཅུང་མཐུན་པོ་ཞིག་ཚུར་བཤངས་པའི་མོད།  རྡུལ་ཕྲ་རབ་ཀྱི་ཆ་ཤས་དུ་མ་རྡོ་བས་དཀྲོགས་པའི་བྱིའུ་ཚོགས་བཞིན་ཉི་ཐིག་གི་ཀློང་ན་ལྷོག་ལྷོག་ཏུ་འཁོལ་ཞིང་མཆི།  མ་ལ།  མ་གཞིར་དཔེ་ཁང་འདིར་ཉི་འོད་ཕོག་ཐུབ་པར་འདུག་ཨང་།  དེ་མ་ཐག་ངའི་དམིགས་པ་ཡོད་ཚད་གཞའ་ཚོན་གྱི་ཟམ་པ་གང་ཞིག་འཐེན་པ་ལྟ་བུའི་ཉི་ཐིག་དེས་ཡོངས་སུ་དྲངས་ཤིང་།  ཞིབ་ཏུ་བལྟས་ཙ་ན།  སོག་སོག་ཏུ་འགུལ་བའི་ཉི་རྡུལ་གྱི་ཚོགས་ནི་སྐྱ་དམག་ཁྲི་ཕྲག་ཇི་སྙེད་འོད་ཀྱི་ལམ་བུ་གང་ཞིག་ཏུ་ཞུགས་ནས་རྒྱང་ལ་གཤར་བ་དང་གཉིས་སུ་མ་མཆིས།  ཁོ་བོས་ཉི་རྡུལ་གྱི་སྐྱ་དམག་རྒྱང་ལ་བཤར་བའི་ཕྱི་རྗེས་དེད་ནས་བལྟས་པ་ན།  མ་གཞིར་ཉི་ཐིག་དེ་ནི་མགོ་ཐོག་གི་ཉི་མས་སྤྲོས་འོངས་པ་མ་ཡིན་པར།  ཕ་གིའི་ཁྱིམ་མཚེས་ཚང་གི་སྒེའུ་ཁུང་ལས་ལྡོག་འཕྲོ་བྱས་འོངས་པ་ཡིན་འདུག  དེའི་མུར།  ཁོ་བོས་བདག་ལ་ཉི་འོད་ཀྱི་བགོ་སྐལ་སྩོལ་བའི་ཁྱིམ་མཚེས་ཚང་གི་སྒེའུ་ཁུང་དེའི་ཕྱོགས་སུ་མིག་མདའ་འཕངས།  ཉམས་སྣང་ཞིག་ལ།  ཉི་ཐིག་དེ་ནི་ཕ་གིའི་ཁྱིམ་མཚེས་ཚང་ལ་བུ་ལོན་དུ་གཡར་བ་དང་འདྲ་བར་དེ་གའི་སྒེའུ་ཁུང་གི་ཤེལ་སྒོ་ལས་དར་གྱི་ཕོ་ལོང་བརྡབས་པའི་ཤུགས་ཀྱིས་ཚུར་འཕྲོས་འོངས་ལ།  ཉི་ཐིག་ཟོལ་མ་དེ་འཕྲོས་འོང་སའི་སྒེའུ་ཁུང་གི་ཤེལ་སྒོ་གྲུ་བཞི་དེ་རུ་ད་ནི་གཞོན་ནུ་ཞིག་གི་གཟུགས་བརྙན་མངོན་བྱུང་།  གཞོན་ནུ་དེས་དཔེ་དེབ་ཅིག་གི་ཁ་ཕྱེ་ཞིང་མཛུབ་བར་དུ་སྨྱུག་གུ་ཞིག་ཐོགས་ཏེ་ཅི་ཞིག་ལ་བསམ་བློ་གཏོང་བའི་སྟངས་ཀ་བྱེད་ལ།  དེ་ནས་འབྲི་དེབ་གཞན་ཞིག་ཏུ་ཅུང་བརྟབས་པའི་ཟོལ་གྱིས་ཅི་ཞིག་འབྲི་བར་ཡང་བྱེད་པས།  ཁོས་ཕལ་ཆེར་དཔེ་དེབ་དེ་ལས་གཙིགས་ཆེ་བ་གང་ཞིག་རྙེད་སོང་བ་དང་འདྲ།  ང་ནི་ཁོའི་གློ་བུར་བའི་རྙེད་པ་དེ་ལ་དགའ་བྲོད་ཆེན་པོ་ཞིག་འཕེལ་ཡོང་།  དེ་མ་ཐག  ཁོ་བོས་ཀྱང་ལག་གི་དཔེ་དེབ་མཐུག་པོ་དེའི་ཕྱེ་ཞིང་།  ཅི་ཞིག་ཨེ་རྙེད་ཀྱི་འདུན་པ་དྲག་པོས་དཔེ་དེབ་དེའི་ཀློག་ལ་ཞུགས་ཅི་ཐུབ་བྱས།  འོན་ཏེ།  རིང་པོ་མ་སོང་བར།  ང་རང་དཔེ་དེབ་འདི་ཀློག་པར་སྒྱིད་ལུག་ཏུ་གྱུར་ཅིང་།  གླེང་རི་བའི་རྙེད་པ་ཏིལ་འབྲུ་ཙམ་ཡང་ལག་སོན་མ་བྱུང་བས།  ངས་ཡང་བསྐྱར་དཔེ་དེབ་དེའི་ཁ་བསུམས་རྗེས་ཕ་གིའི་ཁྱིམ་མཚེས་ཚང་གི་སྒེའུ་ཁུང་དུ་མངོན་པའི་གཞོན་ནུ་དེར་བལྟས།  གཞོན་ནུ་དེས་ད་དུང་ཡང་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་དེབ་དེར་ལྟ་ཞིང་གུད་ཀྱི་འབྲི་དེབ་ཏུ་རྩིས་ཆེ་བ་གང་ཞིག་བྲི་ལ་རིངས།  དེ་ལྟར་ལྟ་བཞིན་ལྟ་བཞིན་དུ།  ང་ལ་ཕ་གིའི་སྒེའུ་ཁུང་གི་ཤེལ་སྒོ་གྲུ་བཞི་དེ་ནི་བརྙན་འཕྲིན་ཞིག་ཡིན་པའི་ཉམས་སྣང་སྐྱེས་ལ།  དེ་རུ་སྐད་ཅིག་ཙམ་ལའང་གཡེལ་བ་མེད་པར་སློབ་ལ་བརྩོན་གྱིན་པའི་གཞོན་ནུ་དེ་ནི་གཞོན་པའི་དུས་ཀྱི་རང་ཉིད་ཡིན་པའི་འཁྲུལ་སྣང་ཡང་སྐྱེས་འོངས།  མ་གཞིར།  ཕ་གིའི་བརྙན་འཕྲིན་ལྟ་བུའི་སྒེའུ་ཁུང་གྲུ་བཞི་དེ་རུ་བགྲང་བྱ་བཅུ་ཕྲག་ལྷག་གི་ཡར་སྔོན་གྱི་ཁོ་བོའི་བྱུང་བ་འཁྲབ་ཀྱིན་འདུག་ཨང་།  ངོ་མ།  ངས་གཞོན་ནུ་དེའི་ངང་ཚུལ་ལས་གཞོན་པའི་དུས་ཀྱི་རང་ཉིད་མཐོང་འོངས།  གང་དེའི་ཅི་ཞིག་ཤེས་འདོད་ཀྱི་འདུན་པ་དང་།  སྐད་ཅིག་ཙམ་ལའང་གཡེལ་བ་མེད་པའི་བརྟུན་པ།  ལག་རྗེས་གང་ཞིག་འཇོག་ཨང་སྙམ་པའི་སེམས་ཤུགས་བཅས་ནི་སྐབས་དེ་དུས་ཀྱི་ཁོ་བོ་དང་ཇི་འདྲའི་མཚུངས་ཨང་།  ལྟོས་དང་།  ཁོས་གཞུང་དོན་གང་ཞིག་གི་སྒྲོ་འདོགས་མ་ཆོད་པར་རང་ཉིད་ཀྱི་མགོ་བོར་འཕྲུག་ཙམ་འཕྲུག་ཙམ་བྱེད་ལ།  སྐབས་སྐབས་སུ་ཡར་ལངས་ནས་ཕར་འགྲོ་ཚུར་འོང་བྱེད་བཞིན་གནད་དོན་གང་ཞིག་ལ་བསམ་བློ་གཏོང་བར་ཡང་བྱེད།  ཡང་མཚམས་ཤིག་ལ་ངེས་འདྲོངས་གསར་པ་གང་ཞིག་རྙེད་སོང་བ་ལྟར་དགའ་འབོད་དང་བཅས་རྐང་ཀྲབ་ལག་ཀྲབ་ཀྱང་བྱས་འོངས་པས།  ཁོའི་བཟོ་ལྟ་དེ་ནི་ཇི་འདྲའི་ཡི་གར་འོང་བ་ཞིག་རེད་ཨང་།  

འོན་ཏེ།  མ་འོངས་པའི་ལོ་དུ་མའི་རྗེས་སུ་གཞོན་ནུ་དེའང་རང་ཉིད་ལྟ་བུ་ཞིག་ཏུ་གྱུར་མི་འགྲོ་ཨང་སྙམ་ཚེ།  ཁོ་བོར་ཅི་ཡིན་ཆ་མི་འཚལ་བའི་ཞེ་ཕངས་ཆེན་པོ་ཞིག་སྐྱེས་འོངས།  ཕྱིས་ཀྱི་ལོ་དུ་མའི་རྗེས་སུ།  ཕ་གིའི་ཤེལ་སྒོ་གྲུ་བཞི་དེ་རུ་སྣང་བའི་གཞོན་ནུ་དེས་དང་པོར་རང་ཉིད་ལ་འཐོབ་འདོད་པ་དེ་རྙེད་སྲིད་དམ།  ཡང་ན།  ཁོར་ད་དུང་དེ་ཉིད་འཐོབ་འདོད་ཡོད་དམ།  གང་ལྟར།  ད་ལྟའི་དུས་ཀྱི་ཁོ་བོར་མཚོན་ན།  ད་ནི་གང་ཞིག་འཐོབ་ན་སྙམ་པའི་ཧམ་སེམས་ཅི་ཡང་མི་འདུག་ལ།  དང་པོར་ཡིད་ལ་བརྣགས་པའི་འདུན་མ་དེའང་གྲོང་ཁྱེར་འདིའི་འུར་ཟིང་དང་མྱུར་ཚད་ཀྱི་གཙུབ་བརྡར་ལས་ཟད་དེ་རྗེས་ཤུལ་ཙམ་ཡང་ལྷག་མི་འདུག  གཅིག་ཏུ་ན།  ད་ནི་སྐབས་དེ་དུས་ཀྱི་རང་ཉིད་གང་དེའི་རྗེས་ཤུལ་ཡང་སྒོ་སམ་གྱི་ཡི་གེ་བཞིན་བརྣོགས་ཚར་ཡོད་ཀྱང་སྲིད།  གང་ལྟར།  སྐབས་འདིར་ཁོ་བོ་དཔེ་ཁང་ཆུང་ངུ་འདིར་ཧོན་ཐོར་བ་བཞིན་སྡོད་དུས།  སྔོན་ཚེ་རང་ཉིད་ཀྱི་དགའ་ཕྱོགས་འབའ་ཞིག་ཏུ་བསྟེན་མྱོང་བའི་དཔེ་དེབ་འདིར་ལྟ་འདོད་ཡེ་མི་འདུག་ལ།  དེ་ལས་གཞན་པའི་དཔེ་དེབ་གཞན་དག་ནི་དེ་བས་ཀྱང་ལྟ་ཅི་སྨོས།  ད་དུང་མལ་ཁྲི་དང་མལ་ཁྲིའི་གོང་གི་རྩིག་ལྡེབས་སུ་བཀལ་བའི་འདྲ་པར་དེ།  འདྲ་པར་དེའི་གུད་ཀྱི་སྒེའུ་ཁུང་ཆེན་པོ་དེ།  སྒེའུ་ཁུང་དེའི་ཤེལ་སྒོ་ལས་མཐོང་བའི་ཕྱི་རོལ་གྱི་ལྗོངས་བཀོད་ཇི་སྙེད་པ།  འདི་དག་ཡོད་ཚད་ཀྱིས་དེང་ནི་ཁོ་བོའི་སྤྲོ་བ་ཅུང་ཙམ་ཡང་འདེགས་ཐུབ་ཀྱི་མི་འདུག  དེ་བས།  ད་ལྟ།  ང་ལ་ཉེ་བར་མཁོ་བ་ཅི་ཡང་མི་འདུག  ང་ལ་ཅི་ཡང་མེད་མོད།  འོན་ཏེ།  ཅི་ཡང་མི་མཁོ་བར་འདུག  ཅི་ཡང་མི་མཁོ་བ་འདིས་ནི་ད་གཟོད་ཁོ་བོར་ཅི་ཞིག་གིས་འགྲངས་སོང་བའམ།  གང་ཞིག་གིས་བད་སོང་བ་ལྟ་བུའི་ཚོར་བ་དེ་བསྟབས་པ་མིན་གྲང་།  རྣམ་པ་གཅིག་ཏུ་ན།  ང་རང་མཐའ་སྐོར་གྱི་ཡོད་ཚད་ལ་ཡི་ག་འཆུས་པ་དེའང་ཅི་ཡང་མི་མཁོ་བ་འདི་ལས་ཕྱུང་ཡང་སྲིད།  

ཁོ་བོས་འདི་ལྟར་བསམ་བློ་གཏོང་གིན་གཏོང་གིན་དུ།  ངའི་ཡོད་ཚད་ག་ལེར་རབ་རིབ་མག་མོག་ཅིག་ཏུ་འགྱུར་བཞིན་འདུག  མ་གཞིར།  འདི་ནི་གྲོང་ཁྱེར་འདིའི་ས་རུབ་སྟངས་ཤིག་ཡིན་འདུག  ས་རུབ་པ་ན།  གྲོང་ཁྱེར་འདིའི་ཡོད་ཚད་ལ་རབ་རིབ་མག་མོག་གི་གདོང་འབག་ཅིག་གཡོགས་བྱུང་བས།  སྐབས་འདིར་ལྗན་ལྗིན་དང་མྱག་མྱོག་ཏུ་གྱུར་རོ་ཅོག་མཐོང་ཡུལ་དུ་མི་སྣང་ལ།  ཐ་ན་ཕ་གིའི་ཁྱིམ་མཚེས་ཚང་གི་སྒེའུ་ཁུང་ལས་སློབ་ལ་བརྩོན་པའི་གཞོན་ནུ་དེའང་མཐོང་ཡུལ་དུ་མ་གྱུར།   དེ་བས།  ད་ནི་བརྙན་འཕྲིན་ལྟ་བུའི་ཤེལ་སྒོ་དེ་རུ་འཁྲབ་བཞིན་པའི་ཁོ་བོའི་འདས་ཟིན་པའི་བྱུང་བའང་གཞི་ནས་གཏོང་མཚམས་བཞག་ཡོད་ཚོད་རེད།  མཚམས་ཤིག་ལ།  ཁང་ཤག་འདིའི་སྒོ་གླེགས་ཁྲོག་གེར་ཕྱེ་ཞིང་གནམ་གཅལ་གྱི་གློག་སྒྲོན་ཐོལ་གྱིས་སྦར་བྱུང་བས།  ངའི་ཡོད་ཚད་གློ་བུར་དུ་དཀར་གསལ་ལེར་བཏང་བྱུང་།  མ་གཞིར།  དེ་ནི་ངའི་ཆུང་མ་ཡིན་འདུག  མོར་སྨྲ་བ་ཅི་ཡང་མེད་པར་ངའི་ཁ་གཏད་ཀྱི་མལ་ཁྲིའི་མཐའ་རུ་བསྡད་ཅིང་།  དུས་ཡུན་ཅི་ཙམ་ལ་ཁོག་ཏུ་དྲིལ་ནས་བསྡད་པ་མི་ཤེས་པའི་དངན་པ་རིང་པོ་ཞིག་འཐེན་མུར་ན་རེ།  

“ཁྱོད་ལ་ག་རེ་བྱུང་སོང་ངམ།  འགྲུལ་བ་དག་ལ་དེ་འདྲའི་རྣམ་འགྱུར་ངན་པ་ཞིག་སྟོན་སྲོལ་ག་ལ་ཡོད”ཅེས་ཚ་འདྲི་བྱེད།  

“ཁོ་ཚོ་ཕྱིན་སོང་ངམ”མོའི་དྲི་བ་དེར་ཁོ་བོས་སླར་དྲི་བ་ཞིག་གི་ཨ་ལན་བྱིན།  

“ཁྱོད་ཀྱིས་ངའི་སྐད་ཆ་གོ་སོང་ངམ”ངས་ནི་ཆུང་མས་འདི་ལྟར་འདྲི་བ་ལའང་ཁག་མེད་ཨང་སྙམ་སྟེ།  བར་སྐབས་འདིར་ཁོ་བོ་དངོས་གནས་རིག་པ་བྱིང་ཞིང་འཐིབས་ནས་རབ་རིབ་མག་མོག་ཅིག་ཏུ་གྱུར་འདུག་པས།  སྐད་ཆ་མང་པོ་ཞིག་གི་བརྡ་དོན་ཇི་བཞིན་དུ་ཟིན་དཀའ་བར་འདུག  འདི་ནི་དུས་ཡུན་རིང་པོར་ཟས་ཀྱི་ཡི་ག་འཆུས་ཏེ་ལུས་ཀྱི་ཟུངས་ཟད་པས་ཡིན་མཆི།  

“ཁོ་ཚོ་ཕྱིན་སོང་ངམ”དེ་ལྟ་ནའང་།  ངས་སྔར་བཞིན་སྐད་ཆ་འདི་འདྲི་བ་ལ་འབད་པ་བྱས་པ་ཡིན།  འོན་ཏེ།  ངས་རང་ཉིད་ཀྱིས་སྐད་ཆ་འདིར་འདི་འདྲའི་ཨུ་ཚུགས་ཤིག་བྱ་དགོས་དོན་ཡེ་ནས་ཚོར་མ་བྱུང་།  

“ཕྱིན་སོང”ཆུང་མའང་འུ་ཐུག་པ་ཡིན་སྲིད།  མོས་ངའི་སྐད་ཆ་དེར་ཆིག་ཆོད་ཀྱི་ཕྱིར་ལན་ཞིག་བསློགས་བྱུང་བས།  ཁོ་བོར་རིང་ནས་ཕོ་བར་བརྟས་འདུག་པ་གང་ཞིག་དེའི་མུར་ཞུ་སོང་བའི་བདེ་སྣང་ཟད་མི་ཤེས་པ་ཞིག་སྐྱེས་འོངས།  དེ་བས།  ངས་རེ་ཞིག་མིག་ཟུང་བཙུམས་ཏེ་དབུགས་ངལ་ཙམ་གསོས་ནས་སྡོད་པའི་དུས་ཐོག་ཐག་ཏུ།  ཆུང་མས་སྔར་བཞིན་ངའི་ཐོས་འཛིན་གྱི་ལམ་དུ་ཡུས་ཅི་རིགས་ཤིག་བགྲངས་འོངས།  

“སོམས་དང་།  ཁྱོད་རང་འདི་ལྟར་ཧོབ་སྟེ་ལངས་ནས་ཕྱིན་ཚེ།  མགྲོན་པོ་དག་གིས་ཅི་ཞིག་དྲན་སྲིད་དམ།  ཁོ་ཚོར་སྣེ་ལེན་བྱ་འདོད་མེད་ན་ནི་སྔ་མོ་ནས་ལབ་དགོས་པ་རེད།  ངས་ཀྱང་ཁོ་ཚོར་སྐད་མ་བཏང་བས་ཆོག  འོན་ཏེ།  ཁོ་ཚོ་མགྲོན་དུ་བོས་ཚར་ཕྱིན།  ཁྱོད་ཀྱིས་རྣམ་འགྱུར་དེ་འདྲའི་ངན་པ་ཞིག་སྟོན་སྲོལ་ག་ལ་ཡོད།  ཁོ་ཚོ་ནི་ལྷག་བསམ་རྣམ་དག་གིས་ཁྱོད་ལ་རྟེན་འབྲེལ་ཞུ་རུ་ཡོང་བ་རེད།  ཡང་གཅིག་བཤད་ན།  ཁོ་མོས་གྲོགས་པོ་དག་དང་མཉམ་དུ་ཟས་ལ་རོལ་ཚེ་ཁྱོད་ཀྱི་ཡི་ག་འཆུ་བའི་ནད་དེར་ཨེ་ཕན་གྲང་ཡང་སྙམ་པ་ཡིན།  ཡིན་ཡང་།  ཁྱོད་རང་དེ་ལྟར་ཅི་ཡིན་འདི་ཡིན་མེད་པར་ཕྱིན་སོང་བས།  ང་རང་ཇི་འདྲའི་ཡ་རེ་ང་བ་ཁྱོད་ཀྱིས་རྟོགས་ཡོད་དམ།  རྟོགས་མི་སྲིད།  ཁྱོད་ཀྱིས་དུས་ནམ་ཡང་རྟོགས་མི་སྲིད།  རྒྱུ་མཚན་ནི།  ཁྱོད་ཀྱིས་ངའི་ཕྱོགས་ལ་བསམ་བློ་ཅི་ཡང་གཏོང་གིན་མི་འདུག  ཁྱོད་ཀྱིས་བཀྲ་ཤིས་ལ་ལྟོས་དང་།  ཁོ་ནི་ཁོའི་ཆུང་མ་ལ་ཇི་འདྲའི་མཛའ་བ་ལ་ཨང་།  གནས་སྐབས་གང་དུའང་སོ་སོའི་ཆུང་མར་བསམ་བློ་འཁོར་བར་མ་ཟད།  མོར་བཅངས་པའི་བརྩེ་བའང་ཕྱི་ཐག་རིང་ཞིང་ཟོལ་གྱིས་མ་གོས་པ་ཞིག་རེད།  ད་དུང……”

ཁོ་བོ་རིང་ནས་ཆུང་མས་ཡུས་བགྲང་བ་ལ་ལྡོབས་ཟིན་པས།  སྐད་ཆ་འདི་དག་གིས་ངའི་ཐོས་འཛིན་གྱི་ལམ་དུ་ཐོགས་རེག་གང་ཡང་མ་བྱུང་།  འོན་ཏེ།  མོས་བཀྲ་ཤིས་དང་བཀྲ་ཤིས་ཀྱི་ཆུང་མ་གླེང་བའི་གནད་ཀ་དེས་ཁོ་བོ་བྱིང་རྨུགས་གང་ཞིག་ལས་དཀྲོགས་པ་ལྟར་གསལ་ལམ་མེར་བཏང་ལ།  དེའི་མུར།  བཀྲ་ཤིས་དང་ངེད་གཉིས་རྒྱས་སྤྲོས་ཆེ་བའི་ནང་མ་ཁང་ཞིག་ཏུ་ཕྱིན་པའི་མཚན་མོ་དེའང་ཡིད་ལ་འཁོར་དུ་བཅུག  ལར་ཁོ་བོར་མཚོན་ན།  ནང་མ་ཁང་སོགས་སུ་འགྲོ་འདོད་ཡེ་མེད་མོད།  འོན་ཏེ།  ཉིན་དེར་ལས་ཚོགས་གྲོལ་བ་དང་།  བཀྲ་ཤིས་ཀྱིས་ཁོ་བོའི་ཡི་ག་དབྱེ་བའི་གནས་ཤིག་ལ་འགྲོ་དགོས་ཞེས་ཨུ་ཚུགས་མཐར་སྐྱེལ་བྱས་པས།  ངའང་རང་དབང་མེད་པར་ཁོའི་ཕྱི་བཞིན་བསྙེགས་ནས་འགྲོ་དགོས་པར་གྱུར།  

མཚན་མོ་དེའང་དོ་ནུབ་ལྟ་བུའི་མཚན་མོ་ཞིག་སྟེ།  གྲོང་ཁྱེར་འདིའི་འུར་ཟིང་དང་བྲེལ་འཚུབ་ཁད་ཀྱིས་འཇགས་ཤིང་།  ལྗན་ལྗིན་དང་ནག་ནོག་གི་དྲི་མ་ཡོད་ཚད་མཚན་སྨག་གིས་ཡོངས་སུ་བསྒྲིབས་འདུག་པས།  གྲོང་ཁྱེར་འདིའི་ཡོད་ཚད་ཡི་གར་འོང་བ་ཞིག་ཏུ་མཐོང་འོངས།  དེར་མ་ཟད།  ཁོ་བོས་བཀྲ་ཤིས་ཀྱི་གདོང་པའང་གསལ་བོ་ཞིག་མཐོང་དཀའ་བས།  ནང་མ་ཁང་དུ་འགྲོ་བའི་དུས་ཐོག་ཐག་ཏུ་ང་ལ་ཞེ་མཇེད་པའམ།  ཡི་ག་འཆུ་བའི་སྣང་བ་གང་ཡང་མ་བྱུང་།  ནང་མ་ཁང་དེའི་སྒོ་དྲུང་དུ་བརྟོལ་བ་དང་།  ཞབས་ཕྱི་པ་གཞོན་ནུ་མ་ཁ་ཅིག་གིས་བཀྲ་ཤིས་ངོ་ཤེས་མདོག་གིས་ཁོའི་མདུན་ནས་བསུས་ཤིང་འཚམས་འདྲི་བྱས་འོངས་པས།  ང་ནི་རེ་ཞིག་ཅུང་ཧ་ལས་པར་གྱུར།  ཁོ་བོའི་ཉམས་སྣང་ལ་བཀྲ་ཤིས་ནི་ནམ་རྒྱུན་ནང་མ་ཁང་སོགས་སུ་འགྲོ་བར་དགའ་བའི་མི་དེའི་རིགས་མིན་ཨང་།  འོན་ཏེ།  གཞོན་ནུ་མ་དེ་དག་གི་རྣམ་འགྱུར་ལ་བལྟས་ན།  ཁོ་རང་འདི་གར་འདྲིས་ཆ་ཆེ་བར་མ་ཟད་མགྲོན་པོ་རྙིང་པ་ལྟ་བུ་ཞིག་ཏུ་གྱུར་འདུག་པའང་གསལ་བོར་ཚོར་ཐུབ།  དེ་མ་ཐག  ནང་མ་ཁང་འདིའི་ལས་ཀྱི་སྣེ་མོ་གང་ཞིག་ལོས་ཡིན་སྙམ་པའི་སྐྱེས་པ་དར་མ་ཞིག་བརྒྱུགས་འོངས་ཏེ་ཐོག་མར་བཀྲ་ཤིས་ཀྱི་ལག་མགོར་འཇུས་ཤིང་།  དེ་ནས་ལག་ཡས་ཀྱིས་ཁོའི་ཕྲག་པར་རྡེབ་བཞིན་ནང་དུ་བསུས་བྱུང་བས།  བཀྲ་ཤིས་ནི་ནང་མ་ཁང་འདིར་རྒྱུས་ཡོད་པར་མ་ཟད།  འདི་གའི་མགྲོན་པོ་གལ་ཆེན་ཞིག་ཡིན་པའང་ཤེས་ཐུབ།  

ང་ཚོ་ནང་མ་ཁང་དེའི་སྒོ་ཐེམ་བགོམས་ཙ་ན།  ནང་རོལ་ཏུ་འ་འུར་ཟང་ཟིང་གི་འཁྲུག་ལོང་ཅི་བས་ཆེ་གཤིས།  ངས་ནི་གྲོང་ཁྱེར་འདིའི་ཉིན་མོའི་འུར་ཟིང་དང་མི་ཚོགས་ཡོད་ཚད་ད་ནི་སྟབས་གཅིག་ཏུ་ནང་མ་ཁང་འདིར་འདུས་པ་མིན་ནམ་སྙམ།  སྐྱེས་པ་དར་མ་དེས་ང་ཚོའི་ལམ་སྣ་དྲངས་ཏེ་མི་ཚོགས་ཀྱི་འཇིངས་སུ་ནུབ་པའི་སྒྲོག་ཙེ་ཞིག་གི་མཐའ་རུ་འཁོད་ཅིང་།  དེའི་མུར་བཀྲ་ཤིས་ཀྱིས་ཁོའི་རྣ་རྩ་རུ་ཅི་ཞིག་ལབ་པ་ན།  རིང་པོ་མ་ཐོགས་པར་ངེད་གཉིས་ཀའི་མདུན་དུ་ལྦུ་ཆང་གི་ཤེལ་དམ་བགྲང་ལས་འདས་པ་ཞིག་བསྟར་ཞིང་།  སིལ་ཏོག་སོགས་བཟའ་བཅའི་བྱེ་བྲག་ཇི་སྙེད་ཅིག་ཀྱང་སྲི་བ་མེད་པར་སྤུངས་བྱུང་བས།  གློ་བུར་དུ་ཅི་ཞིག་གིས་བད་འགྲོ་བའམ།  རྦད་དེ་འགྲངས་ཐག་ཆོད་པའི་ཚོར་བ་དེ་ཡང་བསྐྱར་ཁོ་བོའི་དང་ག་རུ་བརྟས་འོངས།  འོན་ཏེ།  བཀྲ་ཤིས་ཀྱིས་འདི་ནི་ངའི་ཡི་ག་དབྱེ་བའི་ཐབས་གལ་ཆེན་ཞིག་ཏུ་ཨུ་ཚུགས་བྱེད་པས།  ངས་ཀྱང་ཆང་ཕོར་མཐོ་རུ་བཏེགས་ཏེ་ལྦུ་ཆང་ཁམ་གང་འཐུང་བའི་ལས་ལ་འབད་པ་ཡིན།  སྐྱུར་དྲི་ཁ་བའི་གཤེར་ཁུ་སོབ་སོབ་དེ་ཁ་རུ་འདྲེན་པའི་དུས་ཀྱི་མཚམས་ཚིགས་འདི་རང་དུ།  ཁོ་བོས་ནང་མ་ཁང་འདིའི་མི་ཡོད་ཚད་ཀྱང་དབུ་བ་སོབ་སོབ་ཀྱི་གཤེར་ཁུ་འདིའི་འཇིངས་སུ་བྱིང་འདུག་པ་མཐོང་བྱུང་།  ཁ་ཅིག་གིས་སྐྱུར་དྲི་ཁ་བའི་གཤེར་ཁུ་འདི་འཐུང་གིན་འཐུང་གིན་དུ་སྡུག་ཡུས་བགྲང་ཞིང་ངུད་མོ་བྱེད་ཀྱིན་གདའ་ལ།  ཡང་ཁ་ཅིག་གིས་དབུ་བ་སོབ་སོབ་ཀྱི་བཟི་ཁ་འདིར་ཡང་ཡང་རོལ་བཞིན་ཀི་བསྭོ་ཧོ་གསུམ་སྒྲོག་ཅིང་།  ལུས་ཀྱི་ཆས་གོས་ཕུད་ནས་རལ་གྲི་གང་ཞིག་དང་འདྲ་བར་ཀླད་ལ་གདེངས་ཏེ་མགལ་མེ་ལྟར་སྐོར་བར་བྱེད་པས།  ཁོ་ལ་ཕས་ཀྱི་རྒོལ་བ་ཇི་སྙེད་ཅིག་ཕྱིར་བཟློག་ཏུ་ཡོད་ཨང་སྙམ་པ་བྱེད།  ད་དུང་རེ་ཟུང་ནི་ནང་མ་ཁང་འདིའི་སྦུག་གང་ཞིག་ཏུ་བསྐུངས་ཏེ་སྨྲ་བ་དང་བྱེད་པ་གང་ཡང་མེད་པར་ཁ་ཁུ་སིམ་མེར་ལྦུ་རག་གི་དམ་བེ་རེ་རེར་འཇུས་འདུག་པས།  ཁོ་ཚོར་སྨྲེང་སྐྱོ་འདྲེས་མའི་གཏམ་རྒྱུད་བརྗོད་ཀྱིས་མི་ལང་བ་གང་མང་ཞིག་མེད་གྲང་ཡང་སྙམ་འོངས།  གཞན་ཡང་།  སྐྱེས་པ་འགའ་ཞིག་གི་ལག་པ་ལྦུ་ཆང་གི་ཤེལ་དམ་ལ་འཆང་གིན་འཆང་གིན་དུ་བུད་མེད་ཚོའི་མྱོས་བུམ་ལ་ནོམ་ཉུག་བྱེད་ཀྱིན་འདུག་ཅིང་།  བུད་མེད་ཚོའི་མགོ་བོའང་ལྦུ་ཆང་གི་བཟི་ཁས་དུད་དེ་སྐྱེས་པ་ཚོའི་ཕྲག་མགོར་ལྟུང་གིན་གདའ།  འདི་ནི་ཁོ་ཚོ་སྟེ།  ཁོ་ཚོ་ནི་ཅིས་ཀྱང་འདི་འདྲ་ཞིག་ཡིན་འོས་ཨང་།  གྲོང་ཁྱེར་འདིའི་ཉིན་མོར་མཐོང་དཀའ་བའི་ཁོ་ཚོ།  ད་ནི་ཁོ་བོས་ནང་མ་ཁང་འདིའི་མུན་སྨག་དང་འཁྲུག་ལོང་གི་འཇིངས་ནས་གསལ་བོར་མཐོང་བྱུང་།  མུན་སྨག་གི་ཀློང་འདི་རུ།  ངས་གྲོང་ཁྱེར་འདིའི་སྐྱེས་པ་མཐོང་བྱུང་ལ།  གྲོང་ཁྱེར་འདིའི་བུད་མེད་ཀྱང་མཐོང་བྱུང་།  ད་དུང་གྲོང་ཁྱེར་འདིའི་བཀྲ་ཤིས་ཀྱང་བྱུང་སྟེ།  སྐབས་ཐོག་འདིར།  བཀྲ་ཤིས་ཀྱིས་ལྦུ་ཆང་ཕོར་བ་རེ་རེ་བཞིན་ཞབས་དག་རྒྱག་བཞིན་ཡུས་གང་མང་ཞིག་བགྲངས་འོངས།  དེང་གི་བར་ངས་ཁོ་ལ་འདི་འདྲའི་སྡུག་བསྔལ་མང་པོ་ཞིག་ཡོད་པ་ཡེ་ནས་ཚོར་མ་བྱུང་།  མཚམས་ཤིག་ལ།  བཀྲ་ཤིས་ཀྱིས་ཁོ་བོས་ལྦུ་ཆང་ཁམ་གང་ཡང་འཐུང་གིན་མེད་པ་ཚོར་བས།  “འདི་ཙམ་གྱིས་ཁྱོད་ཀྱི་ཡི་ག་དབྱེ་བར་རྔོ་མི་ཐོགས་ན།  ད་ནི་ཅིས་ཀྱང་ནད་བརྒྱ་སྨན་གཅིག་དེ་འདྲེན་པ་ལས་འོས་མེད”ཅེས་པྲ་ཆལ་གྱིས་བཤད་མུར།  སེ་གོལ་གཏོགས་ཀྱི་ཕྱག་རྒྱ་ཞིག་བཏོད་དེ་སྔོན་ཏག་ཏག་གི་སྐྱེས་པ་དར་མ་དེར་སྐད་བཏང་ཞིང་།  ཁོའི་རྣ་རྩ་རུ་ཅི་ཞིག་གསང་སྟབས་ཀྱིས་ལབ་པར་བྱེད་ལ།  ཕ་རོལ་པོས་ཀྱང་ཅི་ཞིག་གི་ཧ་གོ་སོང་བའི་ཉམས་ཀྱིས་ལན་གཅིག་མིན་དུ་མགོ་ལྕོག་ལྡེམ་འོངས།  

རིང་པོ་མ་ཐོགས་པར།  སྐྱེས་པ་དར་མ་དེས་ལུགས་པར་གཅིག་ལས་ཐོན་པ་ལྟ་བུའི་གཞོན་ནུ་མ་ལྔ་དྲུག་ཙམ་ཁྲིད་འོངས་ཏེ།  ང་ཚོའི་མདུན་ཐད་རང་དུ་བསྟར་བྱུང་བས།  འདི་ནི་ད་གཟོད་བཀྲ་ཤིས་ཀྱི་སྒྲོས་སུ་བྱུང་བའི་ཁོ་བོའི་ཡི་ག་འབྱེད་བྱེད་ཀྱི་ནད་བརྒྱ་སྨན་གཅིག་དེ་ཡིན་འདུག  འོན་ཏེ།  བུ་མོ་དེ་དག་མཐོང་བའི་མོད།  ངའི་ཡི་ག་དབྱེ་བ་ཕར་ཞོག  དེ་ལས་ལྡོག་སྟེ་ཕོ་བ་གཏིང་ནས་མི་བདེ་བ་ཞིག་བྱུང་སྟེ་སྒྲེགས་པ་ཡང་ཡང་འདོན་དགོས་པར་གྱུར།  ཡིན་ཡང་།  བཀྲ་ཤིས་ནི་དེ་ལས་ལྡོག་པ་སྟེ།  ཁོས་བུ་མོ་དེ་དག་མཐོང་བ་དང་ངོ་གདོང་གཏིང་ནས་འཛུམ་འོངས།  སྔོན་མར་ངས་ནི་ཁོའི་ངོ་གདོང་ནས་འཛུམ་པ་འདི་འདྲ་ཞིག་ཡེ་ནས་མཐོང་མྱོང་མེད།  དེའི་མུར།  ཁོས་མིག་རིག་རིག་ཏུ་ཅེར་ནས་བུ་མོ་དེ་དག་གི་མགོ་མཇུག་བར་གསུམ་དུ་ཞིབ་ཏུ་བལྟས་འོངས་པས།  དེ་ནི་ཚོང་འདུས་གང་ཞིག་ཏུ་རང་ལ་མཁོ་བའི་ཉེར་སྤྱད་ཅིག་མཐོང་བའམ།  ཡང་ན་བཀྲེས་ལྟོགས་ཀྱིས་མནར་བའི་སྐྱེས་བུ་ཞིག་གི་མདུན་དུ་ཞལ་ཟས་རོ་བརྒྱ་ལྡན་པས་གཏམས་པ་དང་གཉིས་སུ་མི་འདུག  དེ་ལྟ་ནའང་།  ཁོ་བོ་འགུལ་ཙམ་ཡང་མི་བྱེད་པར་དེ་གར་བསྡད་འདུག་པ་མཐོང་བ་དང་།  བཀྲ་ཤིས་ཀྱིས་སྐྱེས་པ་དར་མ་དེར་བུ་མོ་གཞན་སྐོར་ཞིག་ལ་བརྗེ་དགོས་པའི་རེ་བ་བཏོན་བྱུང་།  སྐྱེས་པ་དེས་ཀྱང་ངང་རྒྱུད་རིང་པོས་བཀྲ་ཤིས་ཀྱི་ཕྱོགས་སུ་མགོ་སྒུར་སྒུར་དང་ཉྭ་ཞུམ་ཞུམ་ཙམ་བྱས་རྗེས།  ལམ་སང་ད་ཅིའི་བུ་མོ་དེ་དག་དང་འདྲ་བའི་གཞོན་ནུ་མ་བསྟར་པ་གཅིག་ཁྲིད་འོངས།  བུ་མོ་དེ་དག་གིས་ཀྱང་ཁོ་བོར་སྤྲོ་བ་འདེགས་པའམ་ཡི་ག་ཕྱེ་འོངས་པའི་ཉམས་སྣང་གང་ཡང་བསྟབས་མ་བྱུང་བས།  ང་རང་སྔར་བཞིན་སེམས་བྱིང་ཞིང་ལུས་ཉོབ་པའི་ངང་ལ་ལུས་ཙ་ན།  བཀྲ་ཤིས་ཀྱིས་ཡང་བསྐྱར་ད་ཅིའི་སྐྱེས་པ་དར་མ་དེར་སྐད་བཏང་ནས་བུ་མོ་འདི་དག་བརྗེ་རྩིས་བྱས་བྱུང་།  བུ་མོ་འདི་དག་གིས་ཁོ་བོའི་སྤྲོ་བ་འདེགས་པ་ལ་རྔོ་ཅི་ཡང་མ་ཐོགས་མོད།  འོན་ཏེ།  བཀྲ་ཤིས་བུ་མོ་འདི་དག་ཚོང་ཟོང་བཞིན་བརྗེ་བ་ལ་བག་ཚ་བ་གང་ཡང་མེད་པ་འདིས་དེ་བས་ཀྱང་ངའི་ཡི་ག་གཏིང་ནས་འཆུས་སུ་བཅུག  དེར་བརྟེན།  ང་རང་ལམ་སང་བཀྲ་ཤིས་ཀྱི་དཔུང་བར་འཇུས་ཏེ་བུ་མོ་འདི་དག་གིས་འཐུས་པའི་བརྡ་བསྟན་པ་ཡིན།  དེ་མ་ཐག  བཀྲ་ཤིས་ཀྱིས་བུ་མོ་འདི་དག་ངའི་ཡིད་ལ་འགྲོ་བཞིན་པར་འདུ་ཤེས་ཀྱིས་ཁོ་ཚོ་མར་སྡོད་དུ་བཅུག་ཅིང་།  སྔོན་ཏག་ཏག་གི་འཛུམ་མདངས་དེའང་ཡང་བསྐྱར་ཁོའི་གདོང་ནས་མངོན་བྱུང་།  དེའི་མུར།  བཀྲ་ཤིས་ཀྱིས་བུ་མོ་གཞོན་ནུ་མ་གཉིས་གཡས་གཡོན་དུ་འཁོད་ཅིང་།  ལྦུ་ཆང་གི་ཕོར་བ་ལན་གཅིག་མིན་དུ་ཡར་འགྱོགས་བཞིན་གཤེར་ཁུ་སྐྱུར་བོ་དེའི་བཟི་ཁ་ལ་རོལ་བར་བྱེད།  ལྦུ་ཆང་ལ་རོལ་བའི་གོ་རིམ་དུ།  ཁོས་ཧ་ལམ་ནང་མ་ཁང་འདིའི་འུར་ཟིང་ལ་ཕོད་འཛུགས་པའི་ཟོལ་གྱིས་ཁོ་བོར་སྐད་ཆ་གང་མང་ཞིག་ཀྱང་ལབ་འོངས།  

“བུ་མོ་འདི་ཚོ་ཅི་འདྲ་རེད།”

“གཞོན་དྲགས་འདུག”

“ཧ་ཧ་ཧ……ད་ནི་གཞོན་དགོས་པ་མ་ཡིན་ནམ།”

“ནང་མ་ཁང་འདིའི་སྒྲ་ཆེ་དྲགས་འདུག  ང་ལ་མགོ་ཡུ་ལྟ་བུ་ཞིག་འཁོར་ཡོང་།”

“དོ་ནུབ།  བུ་མོ་འདི་དག་གིས་ཅིས་ཀྱང་ཁྱོད་ཀྱི་ཡི་ག་དབྱེ་ཐུབ་ངེས།”

“ཡི་ག་དབྱེ་བ་ཕར་ཞོག  ང་ལ་མགོ་ཡུ་ལྟ་བུ་ཞིག་འཁོར་ཡོང་གིན་འདུག”

“ཁྱོད་ལྟ་ཅི།  བུ་མོ་འདི་དག་གིས་ཐ་ན་ཁོ་བོར་ཡང་སྔ་ན་མེད་པའི་ཡི་ག་ཞིག་ཕྱེ་འོངས།”

“དེས་ན།  ཁྱོད་ལའང་ནམ་རྒྱུན་ཡི་ག་འཆུ་བཞིན་ཡོད་དམ།”

“……”

བཀྲ་ཤིས་ཀྱི་སྐད་ཆ་དེ་ཐོས་པའི་མོད།  ངའི་ངག་ནས་རང་དབང་མེད་པར་དྲི་བ་འདི་འདྲ་ཞིག་ཐལ།  འོན་ཏེ།  སྐབས་འདིར་བཀྲ་ཤིས་ནི་གཞོན་ནུ་མ་དེ་གཉིས་ལ་ཡོངས་སུ་འཐིམ་འདུག་པས།  ཁོ་བོར་ཨ་ལན་ལྡོན་པའི་ལོང་ཕྲ་མོ་ཙམ་ཡང་མེད་ཚོད་རེད།  དེ་བས།  ངས་རང་ཉིད་ཀྱི་དྲི་བ་འདིར་རང་ཉིད་ཀྱི་བློ་བདེ་བའི་ཕྱིར་ལན་ཞིག་བཙལ་ཏེ།  བཀྲ་ཤིས་ཀྱིས་ནང་མ་ཁང་གི་གཞོན་ནུ་མ་འདི་དག་ལ་བརྟེན་ནས་རང་ཉིད་ཀྱི་ཡི་ག་དབྱེ་དགོས་ཚེ།  དེ་ནི་ཁོ་ལའང་རྣམ་ཀུན་ཡི་ག་འཆུ་བའི་སྐབས་ཤིག་ཡོད་པའི་རྟགས་མ་ཡིན་ནམ།  དེས་ན།  གྲོང་ཁྱེར་འདིར་ཡི་ག་འཆུ་བཞིན་པ་ལ་ང་ཙམ་དུ་མ་ཟད་བཀྲ་ཤིས་ཀྱང་བགྲང་ཆོག་པ་འདྲ་ལ།  རྣམ་པ་གཅིག་ཏུ་ན།  ནང་མ་ཁང་འདིའི་ལྦུ་ཆང་གི་བཟི་ཁ་དང་གློག་འོད་ཀྱི་འབྱེད་འཛུམ་དུ་བྱིང་བའི་སྐྱེ་བོ་དེ་དག་གི་ཡི་གའང་འཆུས་ཡོད་ཀྱང་སྲིད།  གང་ལྟར།  ད་ནི་བཀྲ་ཤིས་ཀྱི་ཡི་ག་རྨང་ནས་ཕྱེ་ཡོད་པར་གདོན་མི་ཟ་སྟེ།  ཁོའི་མགོ་བོ་དང་ལག་པ་མ་ལུས་གཞོན་ནུ་མ་དེ་གཉིས་ཀའི་ལྭ་བའི་ལྟེབ་ཆགས་གང་ཞིག་ཏུ་འཛུལ་ཚར་འདུག་ལ།  ཅང་མ་འགོར་བར།  གཞོན་ནུ་མ་དེ་གཉིས་ཀས་ཁོ་ཁྲིད་པའམ་ཁོས་གཞོན་ནུ་མ་དེ་གཉིས་ཁྲིད་པ་གང་ཡིན་མི་ཤེས་པའི་སྟངས་ཀ་ཞིག་གིས་ནང་མ་ཁང་འདིའི་ཆེས་ལྐག་ལྐོག་གི་སྦུག་ཁང་ཞིག་ཏུ་འཛུལ་སོང་།  ཡིན་ཡང་།  ཁོ་བོར་བཀྲ་ཤིས་ཀྱི་ཡི་ག་དེ་ལྟ་བུ་ཞིག་ཡེ་ནས་ཕྱེ་མ་སོང་།  འཁྲིས་ཀྱི་གཞོན་ནུ་མ་དེ་གཉིས་ནི་མདུན་དུ་བཤམས་པའི་བཟའ་བཅའི་བྱེ་བྲག་སྣ་ཚོགས་དང་འདྲ་བར་ཁོ་བོར་ཅི་ཞིག་གིས་བད་སོང་བའི་ཚོར་བ་དེ་འགོག་མེད་དུ་བསྟབས་ཡོང་།  དེ་བས་ཀྱང་།  ལྦུ་ཆང་གི་སྐྱུར་དྲི་དང་གློག་འོད་སྣ་ཚོགས་ཀྱི་འབྱེད་འཛུམ་གྱིས་ངའི་ཕོ་བ་རྨང་ནས་གཡོས་འོངས་པས།  སྐྱུག་མེར་དྲག་པོ་ཞིག་དང་ག་རུ་བརྟས་ཡོང་བ་དང་ང་ནི་རང་དབང་མེད་པར་སྒྲོག་ཙེའི་ལོགས་གང་ཞིག་ཏུ་བསྐྱུག་དགོས་པར་གྱུར།  ནང་མ་ཁང་གི་རེས་གསལ་རེས་ཡལ་གྱི་གློག་ངོགས་ལས།  རང་ཉིད་ཀྱི་སྐྱུགས་པ་སྣང་ཙམ་སྣང་ཙམ་བྱས་པའི་མོད།  ཁོ་བོ་རང་ཉིད་ལ་སྐྱུག་བྲོ་བ་ཞིག་བྱུང་ལ།  རང་ཉིད་ལ་ཡི་ག་འཆུས་པར་ཡང་གྱུར།  ད་དུང་།  ངས་རང་ཉིད་ཀྱི་ཡི་ག་འཆུ་བ་འདི་བཀྲ་ཤིས་ཀྱི་ཡི་ག་འཆུ་བ་དང་ཡེ་ནས་མི་འདྲ་བའང་རྟོགས་བྱུང་།  ཡིན་ཡང་།  གཞོན་ནུ་མ་དེ་གཉིས་ཀས་འདི་དག་ཡོད་ཚད་ལ་ཡིད་འཇོག་གང་ཡང་མ་བྱུང་བས།  ད་དུང་ཁོ་བོར་ཕྱོགས་ཡར་མར་གྱི་གཏམ་གང་མང་ཞིག་ལབ་ཀྱིན་འདུག་མོད།  ནང་མང་ཁང་འདིའི་འུར་ཟིང་གི་ཀློང་ནས་ངས་ཁོ་གཉིས་ཀའི་སྐད་ཆ་འབྲུ་གཅིག་ཀྱང་ཟིན་མ་སོང་།  

དེ་ནི་ཕལ་ཆེར་བར་སྐབས་འདིར་ཆུང་མས་ཡུས་བགྲང་བ་དང་གཉིས་སུ་མི་འདུག་སྟེ།  སྐབས་ཐོག་འདིར།  ཆུང་མ་དང་ངེད་གཉིས་ཀ་མལ་དུ་ཞུགས་ཤིང་གློག་སྒྲོན་ཡང་གཟིམས་ཚར་མོད།  འོན་ཏེ།  མོ་རང་གན་རྐྱལ་དུ་ཉལ་ནས་སྐད་ཆ་གང་མང་ཞིག་ལྡབ་ལྡིབ་ཏུ་ལབ་ཀྱིན་གདའ།  ཁོ་བོས་མོའི་སྐད་ཆ་དེ་དག་གི་འབྲུ་ཉི་ཚེ་བ་ཙམ་ཡང་མ་ཟིན་པས།  ང་ལ་མོས་སྡུག་ཡུས་དེ་དག་ཁང་ཤག་འདིའི་གནམ་གཅལ་ལ་བགྲང་བཞིན་པའི་ཉམས་སྣང་ཞིག་སྐྱེས་འོངས།  དེ་ལྟ་ནའང་།  སྐབས་ཤིག་ལ།  མོས“ད་ནི་མུ་མཐུད་དུ་འདི་ལྟར་སོང་ཚེ།  ཁྱོད་རང་ལྟོགས་གྲིར་འཆི་ཉེན་གདའ།  ཡང་སྙིང་ཁྱོད་རང་ཅི་ཞིག་ལ་ཡི་ག་འཆུ་བཞིན་འདུག་གམ”ཞེས་དྲིས་བྱུང་བ་ངས་གསལ་བོར་ཐོས་བྱུང་།  བཀྲ་ཤིས་དང་ངེད་གཉིས་ནང་མ་ཁང་དུ་སོང་བའི་བྱུང་བ་དེས་ངས་ཕལ་ཆེར་རང་ཉིད་ཅི་ཞིག་ལ་ཡི་ག་འཆུ་བཞིན་པར་ངེས་འདྲོངས་རབ་རིབ་ཅིག་རྙེད་ཐུབ་པ་འདྲ་མོད།  འོན་ཏེ།  འདིའི་མཇུག་ཐོགས་སུ།  ང་ནི་སེམས་བྱིང་བའམ།  ལུས་རྨྱ་བ།  ཁམས་ཉོག་པའི་སྣང་བ་ཞིག་གིས་ཡོངས་སུ་བཟུང་སྟེ།  གྲོང་ཁྱེར་འདི་དང་མལ་ཁང་འདིའི་མུན་སྨག་ལྟ་བུའི་གཉིད་རྨུགས་ཤིག་གི་གཏིང་རིམ་དུ་བྱིང་བས།  མོར་ཨ་ལན་ཅི་ཡང་མ་ལྕོགས།  

ཆུང་མས་ང་རང་མི་འགྱང་བར་ལྟོགས་གྲིར་འཆི་ཉེན་འདུག་ཅེས་པ་དངོས་གནས་བདེན་པ་འདྲ།  ཐེངས་འདིའི་ལྷན་འཛོམས་ཀྱི་རྗེས་ནས་ངའི་ཡི་ག་རྦད་དེ་འཆུས་པས།  ཆུ་ཁམ་གང་ཡང་མིད་ལ་འགྲོ་ཐབས་མི་འདུག  དེ་ལྟར་བདུན་ཕྲག་གཅིག་ལྷག་སོང་བ་དང་།  ངའི་དབུགས་ཀྱི་རྒྱུ་བ་ལྕི་ཞིང་ལུས་ཀྱི་ཟུངས་རྨང་ནས་ཟད།  མཐོང་ལམ་ཡང་རབ་རིབ་བན་བུན་ཞིག་ཏུ་གྱུར་ཏེ་མལ་སར་ལྷུང་སོང་།  མི་ཞེས་པ་འདི་མལ་སར་ལྷུང་བ་ནི་ཤིང་འབྲས་རུལ་བ་ཡལ་ག་ནས་ཟགས་པ་དང་ཇི་འདྲའི་མཚུངས་ཨང་།  ང་ལ་རང་ཉིད་ཀྱི་ཡོད་ཚད་སྐམ་ཞིང་རིད་ལ།  འཁུམས་ནས་འགྲོ་བཞིན་པའི་ཉམས་སྣང་ཞིག་དུས་ཐོག་ཐག་ཏུ་སྐྱེས་འོངས།  ཡང་སྐབས་སྐབས་སུ་མེ་རི་འཕྱུར་བ་ལྟ་བུའི་ཚ་བ་དང་།  ལྷགས་རླུང་གཡུགས་པ་ལྟ་བུའི་གྲང་བའི་སྣང་བ་ཡང་འབྱུང་ལ།  མཚམས་མཚམས་སུ་རི་ཉིལ་བ་དང་ས་གཡོ་བ་ལྟ་བུའི་འཇིགས་སྣང་ཡང་སྐྱེས་ཡོང་།  ཡང་ནམ་ཞིག་གི་ཚེ།  ང་ལ་རིག་པ་དྭངས་ཤིང་གསལ་བའི་གནས་སྐབས་ཉི་ཚེ་བ་ཞིག་བྱུང་།  དེ་ནི་མཐའ་ཀླས་པའི་མུན་སྨག་སྟུག་པོའི་ཀློང་དུ་སྟོན་གྱི་དུང་ཟླ་བག་ཙམ་ཤར་བ་དང་ཡོངས་སུ་མཚུངས།  ཏག་ཏག་སྐབས་དེར།  ངས་ཕ་རྒན་དང་།  ཆུང་མ།  བུ་ཕྲུག  མཛའ་བཤེས་སྨོས་འདྲིན་ཁ་ཅིག་གིས་རང་ཉིད་ཀྱི་མཐའ་ནས་བསྐོར་འདུག་པ་མཐོང་བྱུང་བས།  ངས་རང་ཉིད་སླར་དྲག་སྐྱེད་བྱུང་བ་མིན་གྲང་ཡང་སྙམ་པ་བྱུང་།  ཧ་ལམ་དུས་ཀྱི་མཚམས་ཚིགས་དེ་ཉིད་ཅིག་ཏུ།  ཆུང་མས་མིག་ཀོང་མཆི་མས་ཁེངས་བཞིན“ཁྱོད་རང་ཡང་སྙིང་ཅི་ཞིག་ལ་ཡི་ག་འཆུ་བཞིན་ཡོད་དམ”ཞེས་བསྐྱར་དུ་དྲིས་བྱུང་བས།  ཁོ་བོས་ད་རེ་ཅིས་ཀྱང་དྲི་བ་འདིར་ཨ་ལན་ཞིག་སྟེར་དགོས་སྙམ་སྟེ་མགོ་བོ་ཡར་དགྱེ་ཙམ་བྱས་མུར།  སྔོན་ཏག་ཏག་གི་དུང་ཟླ་ལྟ་བུའི་འོད་གསལ་གྱི་ཆ་དེ་གློ་བུར་དུ་ནུབ་ཅིང་།  ངའི་ཡོད་ཚད་ལ་མུན་རུབ་པ་ལྟ་བུ་ཞིག་བྱུང་བས།  གཤམ་གྱི་ཨ་ལན་དེ་ངས་མོར་དུས་གཏན་དུ་སྟེར་ཐུབ་མ་སོང་།  

“ང་ནི་རང་ཉིད་ལ་ཡི་ག་འཆུས་འགྲོ་ཡི་འདུག”

ཚེ་དབང་རྣམ་རྒྱལ། བོད་ཀྱི་དེང་རབས་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ། 1988ལོའི་ཧོར་ཟླ12པར་མདོ་སྨད་ཁྲི་ཀར་སྐྱེས། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན། ལྷ་ས་གྲོང་ཁྱེར་བརྙན་འཕྲིན་ལས་ཁུངས། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་བཅས་སུ་སློབ་གཉེར་དང་གཞུང་གི་ལས་ཀར་ཞུགས། རྩོམ་རིག་བརྩམས་ཆོས་དང་རིག་གཞུང་དཔྱད་རྩོམ་ཁག་ཅིགསྦྲང་ཆརདངཀྲུང་གོའི་བོད་རིག་པསོགས་སུ་འཁོད་ཡོད་ལ། སྔ་ཕྱིར་སྒྲུང་ཐུང་ཕྱོགས་བསྒྲིགསཨ་ཕ་ཆངདང་སྒྱུར་རྩོམརིག་རྩལ་བསྐྱར་དར་སྐབས་ཀྱི་ཡོ་རོབ་ནུབ་མའི་རྩོམ་རིགདངཐེག་པར་དཀའ་བའི་ཚེ་སྲོག་གི་ཡང་བ》《ལྗན·ཨེརབཅས་པར་དུ་བཏབ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།