
རང་རེའི་དྲ་བའི་འཕྲིན། ཉེ་ཆར། ལྷ་དཔལ་རྒྱལ་གྱིས་འཁྲབ་གཞུང་བྲིས་ཤིང་འཁྲབ་ཁྲིད་བྱས་པ། བསྟན་འཛིན་བརྩོན་འགྲུས་དང་འབྲུག་ཡུལ་ལྷ་མོ། བསོད་ནམས་དབང་མོ་བཅས་ཀྱིས་གཙོ་འཁྲབ་བྱས་པའི་གློག་བརྙན《སུམ་པའི་རྒྱལ་ཕྲན་འཚོལ་བ》ཞེས་པ་བདེ་བླག་ངང་ཕབ་སྐྲུན་ལེགས་གྲུབ་བྱུང་བའི་མཛད་སྒོ་འཚོགས་པ་རེད།

གློག་བརྙན་འདིའི་ནང་འཁྲབ་ཁྲིད་པའི་དེ་སྔོན་གྱི་ཕབ་སྐྲུན་ཚོ་ཆུང་སྟེ། བརྙན་སྐྲུན་པ་འབྲོང་སྐྱེས་བསོད་ནམས་རྒྱལ་དང་། བརྙན་ལེན་མཛུབ་སྟོན་པ་ཀོ་ཏ་མིང་། མཛེས་རྩལ་མཛུབ་སྟོན་པ་དབྱང་ཀྲི་ཝུན། སྒྲ་ཕབ་མཛུབ་སྟོན་པ་ཝང་ཧྲོའོ། སྒྲོན་འོད་མཛུབ་སྟོན་པ་ཀུའུ་ཁྲུན། སྒྲིག་བཟོ་མཛུབ་སྟོན་པ་ཕྱག་རྡོར་སྐྱབས་བཅས་གློག་བརྙན་ཕབ་སྐྲུན་གྱི་ལས་ཀའི་ནང་ཞུགས་ཡོད། གློག་བརྙན་འཁྲབ་ཁྲིད་ཚོ་ཆུང་གིས་ཟླ་བ་ཁ་ཤས་རིང་ཕབ་ལེན་བྱས་པ་བརྒྱུད། ལྷ་རི་རྫོང་དང་འབྲི་རུ་རྫོང་། ནག་ཆུ་གྲོང་ཁྱེར། དཔལ་མགོན་རྫོང་། ཉི་མ་རྫོང་སོགས་སུ་བསྐྱོད་ནས་གངས་རི་དང་འབྲོག་ཁུལ། མཚེའུ་བཅས་རང་བྱུང་ཁམས་དང་སེམས་ཁམས་ལས་བརྒལ་བའི་གཟུགས་བརྙན་གསར་རྩོམ་གྱི་འགྲུལ་བཞུད་ཐེངས་ཤིག་ལེགས་པར་གྲུབ་ཡོད།

གློག་བརྙན་འདི་ནི་ཀྲུང་དབྱང་དྲིལ་སྒྲོག་པུའུ་རྒྱལ་ཁབ་གློག་བརྙན་འཁྲབ་གཞུང་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་མཛུབ་ཁྲིད་བྱས་ཤིང་། ནག་ཆུ་གྲོང་ཁྱེར་དྲིལ་སྒྲོག་པུའུ་དང་ཀྲེ་ཅང་ཞིང་ཆེན་བོད་སྐྱོར་བཀོད་འདོམས་པུའུ་ཡིས་བརྙན་ལེན་སྒྲིག་བཟོ་དང་། མཚོ་སྔོན་ཁ་བ་ཅན་གློག་བརྙན་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་པར་གཞི་འདོན་པ། དཔའ་རྒྱལ་གཅེན་གཅུང་ཀྲེ་ཅང་གློག་བརྙན་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་དང་། ནག་ཆུ་གྲོང་ཁྱེར་རིག་གནས་སྨྱན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་གིས་མཉམ་འབྲེལ་ཐོག་བཏོན་པ་རེད།

གློག་བརྙན་དེའི་ནང་དོན་གཙོ་བོ་ནི་བུ་མོ་དབྱངས་ཅན་ལྷ་མོ་དང་སྣེ་ཤན་པ་པད་མ་གཉིས་སྟེས་དབང་གིས་ཐུག་འཕྲད་བྱུང་རྗེས། ལས་འཕྲོའི་མདུད་པ་ཐེབས་ནས་མཉམ་དུ་འབྲོག་ཁུལ་དང་རྩྭ་ཐང་དུ་ཕུགས་འདུན་དོན་དུ་གཉེར་བའི་སྐོར་བརྗོད་ཡོད་ལ། ཡིད་དུ་འོང་བའི་ནག་ཆུའི་རང་བྱུང་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱང་ཇི་མ་ཇི་བཞིན་དུ་མཚོན་པར་བྱས་ཡོད།

འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱིས་འདི་ནི་སེམས་ཁམས་ཀྱི་འགྲུལ་བཞུད་ཐེངས་ཤིག་རེད། ང་ཚོས་གློག་བརྙན་བརྒྱུད། གཟིགས་མོ་པ་རྣམས་ནག་ཆུ་རུ་སོང་ནས། སུམ་པའི་རྒྱལ་ཕྲན་ལ་རྒྱུས་ལོན་བྱེད་པའི་རེ་བ་ཡོད་ལ། མི་ཚང་མས་འགྲུལ་བཞུད་འདིའི་ཁྲོད་དུ་རང་ཉིད་ཀྱིས་མ་རྟོགས་པའི་ཚེ་སྲོག་གི་སྙིང་པོ་རྙེད་པའི་རེ་བའང་ཡོད་ཅེས་བཤད།
