སྲིད་པའི་གན་མཛོད། རྡོ་རིང་པདྨ་དབང་ཆེན།

ཡོང་ཁུངས། བོད་ཀྱི་རྩོམ་རིག་སྒྱུ་རྩལ། 2025ལོའི་དེབ་དང་པོ།

སྲིད་པའི་གན་མཛོད།

---སྲིན་པོ་རྫ་རྒན་འགྲིམས་པའི་བརྗེད་ཐོ།

རྡོ་རིང་པདྨ་དབང་ཆེན།

བོད་ཀྱི་ཡུལ་ལུང་གང་ཞིག་གི་སྣོད་བཅུད་གཉིས་ཀྱི་ལོ་རྒྱུས་དང་། ཕྱི་ནང་གཉིས་ཀྱི་ཤེས་རིག་དེ་རྟོགས་དགོས་ན། ཡུལ་ལུང་གང་དེའི་རི་རྒྱུད་རི་ལག་གི་གྱེས་ཚུལ་དང་། ཆུ་ཆེན་ཆུ་ཆུང་གི་བཞུར་ཕྱོགས།  རིགས་རུས་ཆོ་འབྲང་གི་ཆད་ཚུལ་དང་ཆོས་ལུགས་དད་མོས་ཀྱི་འཁྱེར་སོ། ཡུལ་ལྷ་གཞི་བདག་གི་བསྟེན་ཚུལ་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་ཆོས་སོགས་རྟོགས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན། ང་ཚོའི་ཕ་ཡུལ་ལ་མཚོན་ན་རི་རྒྱུད་ཀུན་གྱི་རྩ་བ་དེ་ཨ་མྱེས་སྲིན་པོ་ལ་ཐུག་ཡོད་ཅིང་། ཆུ་མོ་ཀུན་གྱི་མགོ་ཁུངས་དེ་ཡང་སྲིན་པོ་རི་རྒྱུད་ལ་ཐུག་ཡོད་པས།  གཅན་ཚའི་ཡུལ་རྒྱུས་དང་ཆུ་རྒྱུས་ལོན་དགོས་ན་སྲིན་པོའི་རི་རྒྱུད་དང་ཆུ་རྒྱུད་ཀྱི་གྱེས་ཚུལ་དེ་ངེས་པར་དུ་ཤེས་དགོས།

གཅན་ཚ་ནི་ཨ་མྱེས་སྲིན་པོའི་རི་རྒྱུད་ཀྱི་པང་དུ་ཆགས་ཡོད་པ་དང་། ཨ་མྱེས་སྲིན་པོའི་རི་རྒྱུད་ནི་གཞོམ་གཞིག་བྲལ་བའི་ལྕགས་རི་ཞིག་གི་ཚུལ་གྱིས་གཅན་ཚའི་ནུབ་ཕྱོགས་ནས་ལྷོ་བྱང་ཕྱོགས་གཉིས་སུ་གཞུ་དབྱིབས་ཀྱིས་བརྐྱངས་ཏེ། ཤར་ལྷོ་རུ་དགུ་ཆུ་སྔོན་མོའི་འགྲམ་རྒྱུད་དང་བྱང་ཤར་དུ་རྨ་ཀླུང་རིང་མོའི་བར་དུ་བསྲིངས་ཡོད་པ་དང་།   ཨ་མྱེས་སྲིན་པོ་ནི་རྨ་ཀླུང་སྔོན་མོའི་ནང་ཤེད་ཀྱི་གཞི་བདག་མཐུ་བོ་ཆེ་ཞིག་ཡིན་པས། ང་ཚོའི་ཡུལ་ལུང་འདིའི་བན་བོན་གཉིས་ཀྱི་རེ་སའི་ཡུལ་དང་རྟེན་སའི་གཞི་ཡིན་ལ། སྲིན་པོ་རྫ་རྒན་ནི་བསྐལ་བ་ས་ཆགས་དུས་ཀྱི་སྲིད་པའི་གན་མཛོད་ཅིག་ཡིན་པས། ང་ཚོའི་ཡུལ་མི་ཀུན་གྱི་འཚོ་བའི་རྟེན་དང་རེ་བའི་ཕུགས་ཀྱང་ཡིན། དེ་བས། ཨ་མྱེས་སྲིན་པོ་ལ་ཉེ་བར་བཅར་བ་ནི་ཕ་ཡུལ་གྱི་ལོ་རྒྱུས་ལ་ཉེ་བར་བཅར་བ་ཞིག་ཡིན་ལ། ཨ་མྱེས་སྲིན་པོ་ལ་ཉེ་བར་བཅར་བ་ནི་ཕ་ཡུལ་གྱི་ཤེས་རིག་ལ་ཉེར་བར་བཅར་བ་ཞིག་ཀྱང་ཡིན། ང་ཚོའི་ཕ་ཡུལ་ལ་མཚོན་ན། ཨ་མྱེས་སྲིན་པོ་ནི་ད་ལྟའི་བར་དུ་ཞལ་ཁ་མ་ཕྱེ་བའི་ལོ་རྒྱུས་ཀྱི་གཏེར་རྒྱ་ཞིག་དང་། ཨ་མྱེས་སྲིན་པོ་ནི་ད་ལྟའི་བར་དུ་ཞལ་གསུང་མ་གནང་བའི་སྲིད་པའི་མེས་པོ་ཞིག་ཡིན་པས། ངས་ལོ་རྒྱུས་ཀྱི་གཏེར་ཡིག་ཟབ་མོ་དེ་བཀླག་ཆེད། ངས་མེས་པོ་ཡི་ཞལ་གསུང་དྲོན་མོ་དེར་མཉན་ཆེད། ང་རང་སྲིན་པོ་རྫ་རྒན་དང་ཨ་མྱེས་སྲིན་པོ་ལ་རྟོག་ཞིབ་ཏུ་སོང་།

སྤྱི་ཟླ་བདུན་པའི་ཚེས་བརྒྱད་དེ་རེས་གཟའ་སྤེན་པའི་ཉིན་ང་དང་རྡོ་རིང་པདྨ་བསམ་གྲུབ། ལྷ་ཆུང་པདྨ་དབང་རྒྱལ་གསུམ་སྲིན་པོའི་དབུ་རྩེར་འགོས། ཉིན་དེའི་ཞོགས་པར་ང་ཚོས་ངས་རླངས་འཁོར་དོ་རྒྱ་ནས་བཞག་རྗེས། རྐང་ཐང་གིས་སྲིན་པོ་རི་བོའི་ཕྱོགས་སུ་ཆས། དོ་རྒྱ་ནས་སྲིན་པོའི་རི་འདབས་བར་དུའང་རྐང་ཐང་གིས་ཆུ་ཚོད་གསུམ་ལྷག་ལ་འགྲོ་དགོས་ཤིང་། དེ་ནས་དབུ་རྩེ་བར་དུ་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་ལ་འགྲོ་དགོས། སྲིན་པོའི་དབུ་རྩེར་འགོ་རྒྱུ་ནི་ང་ལ་མཚོན་ན་ངའི་བཟོད་པའི་མཐའ་ལ་འགྲན་འཛུགས་པའི་ཉེན་དཔྱོད་ཐེངས་ཤིག་ཡིན་པས། ངས་ཀྱང་དཀའ་སྡུག་ཡོད་ཚད་ལ་གདོང་བསུ་བའི་སེམས་ཀྱི་གྲ་སྒྲིག་སྔ་མོ་ནས་བྱས་ཡོད་མོད། རྫ་མཐོན་པོའི་རྫ་དུག་དེ་སུས་ཀྱང་བཟློག་དཀའ་བས། ང་རང་ལ་རྫ་དུག་བརྒྱབ་མི་འོང་ངམ་སྙམ་པའི་སེམས་ཁྲལ་དང་བཅས་ཨ་མྱེས་སྲིན་པོའི་ཕྱོགས་སུ་བསྐྱོད། ཉིན་དེར་ང་ལ་རྫ་དུག་མ་བརྒྱབ་པས་དེ་ནི་ང་ལ་མཚོན་ན་དགའ་བ་སྐྱེས་དགོས་པའི་དོན་ཞིག་ཡིན།

ང་ཚོས་སྲིན་པོ་རིའི་འདབས་ཀྱི་ལ་བཙས་བསྟད་དེ་ལྷ་བསང་ཕུད་རྗེས། ལ་བཙས་སྟོད་ཕྱོགས་ཀྱི་གདོང་རྒྱུད་དེད་ནས་སྲིན་པོའི་དབུ་རྩེར་འགོས། ལ་བཙས་དེ་ནི་དོ་རྒྱ་ཚོ་སྒོ་དྲུག་གི་ལ་བཙས་ཡིན་ལ། དེ་ནི་སྲིན་པོའི་དབུ་རྩེ་འདབས་ཀྱི་སྤང་ལེབ་མོ་ལྕེ་འདྲ་བ་ཞིག་གི་སྟེང་དུ་ཡོད། བཤད་རྒྱུན་ལ་ལ་བཙས་དེ་སྟོད་དུས་ས་མཁན་གྱིས་ས་མིག་བཙལ་ཏེ་སྲིན་པོའི་ལྟེ་བའི་ནང་དུ་བསྟད་ཡོད་ཟེར། ལ་བཙས་འདི་ནི་ང་ཚོའི་ཕ་ཡུལ་དུ་རིག་གསར་སྐབས་སུའང་མ་འཇིག་པའི་ལ་བཙས་གཅིག་པུ་དེ་ཡིན་པ་དང་། ལ་བཙས་འདི་དུས་ནམ་ཞིག་ལ་བསྟད་པ་དོ་རྒྱ་པ་ཚོར་ཡང་གསལ་པོ་ཞིག་བཤད་རྒྱུ་མི་འདུག དོ་རྒྱ་དཔོན་པོས་བཤད་པ་ལྟར་ན་ལ་བཙས་འདི་དཔོན་རབས་དགུ་ཡི་གོང་ཞིག་ནས་བཟུང་བསྟད་ཡོད་པའི་བཤད་རྒྱུན་ཡོད་ཟེར། སྲིན་པོའི་ལ་བཙས་ཀྱི་གོང་སྟོད་ནས་བཟུང་སྟེ་སྤང་ཟད་དེ་རྡོ་གཡའ་མ་ཡིན། སྲིན་པོ་དབུ་རྩེ་ལ་ཡར་འགོ་བར་རྡོ་གཡའ་མའི་གསེབ་ནས་འགྲོ་དགོས་པ་དང་། གཡའ་གསེང་ནས་ཡར་འགོ་བའི་དཀའ་སྡུག་དེས་ངའི་ཡིད་སེམས་སྤ་བཀོང་དུ་བཅུག་ནའང་། ངས་ལུས་སེམས་གཉིས་ཀྱི་མཐའ་ལ་འགྲན་བཙུགས་ཏེ་སྲིན་པོའི་དབུ་རྩེར་འགོས། སྲིན་པོའི་དབུ་རྩེར་འགོ་དུས་ང་ལ་ད་དུང་སེམས་ཁྲལ་གཞན་ཞིག་ཡོད་པ་ནི་སྲིན་པོ་དབུ་རྩེ་རུ་དྲག་ཆར་བབས་ཏེ་ཕྱི་རློན་ནང་རློན་དུ་བསྒྱུར་ཅིང་། སྐྱི་ཐང་དང་འཕྲད་ནས་ཅི་བྱ་གཏོལ་བྲལ་དུ་འགྱུར་བར་སྐྲག ངས་ལྷ་ཆུང་པདྨ་དབང་རྒྱལ་ལ་སྲིན་པོའི་དབུ་རྩེར་སླེབས་རྗེས་དྲག་ཆར་བབས་ཏེ་སྐྱི་ཐང་དང་འཕྲད་ན་ཇི་ལྟར་བྱ་ཞེས་སེམས་ཁྲལ་དང་བཅས་དྲིས་པ་ན་ཁོས་དེ་ལ་སྐྲག་མི་དགོས། གནས་ཚུལ་ལ་བལྟས་ཏེ་ཐབས་བཀོད་འཐེན་ཆོག་ཟེར། ཁོ་རང་རྫ་མཐོན་པོ་དང་རྫ་མཐོན་པོའི་གནམ་གཤིས་ལ་ཆ་རྒྱུས་ཡོད་པས་སྐབས་དེ་འདྲ་ལ་འཕྲད་ན་ཐབས་བཀོད་ཡོད་ཀྱང་སྲིད་མོད། ང་ནི་དེ་ལ་སེམས་ཁྲལ་ཤིན་ཏུ་ལྕི། ང་ཚོ་སྲིན་པོའི་དབུ་རྩེར་འགོས་ནས་ལམ་རྐེད་ཙམ་ལ་སླེབས་དུས་རི་གཤམ་ནས་སྨུག་སྤྲིན་གྱེན་ལ་འཕྱུར་བ་དང་། སྤྲིན་པ་ང་ཚོའི་གཤམ་འོག་ནས་ལྡང་ཞིང་། རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་རི་རྩེར་འདུས་ཏེ་སྤྲིན་ནག་གི་རྔམ་ཁ་ཇེ་སྟུག་ནས་ཇེ་སྟུག་ཏུ་གྱུར་བས། ཆར་ཤྭ་འབབ་རྒྱུ་ཡིན་པ་ནི་གཟུར་མེད་རེད། ང་ཚོ་སྲིན་པོའི་རི་འདབས་ནས་ཐོག་མར་རི་རྩེ་ལ་འགོ་དུས་གནམ་ངོ་རུབ་ཡོད་ནའང་། རི་ལུང་ཀུན་ལ་སྨུག་སྤྲིན་འཐིབས་མེད་པས། རྫ་མགོའི་རི་ལུང་ཧྲིལ་བོ་མིག་གིས་གསལ་པོར་མཐོང་ཐུབ། ང་རང་སྲིན་པོར་ཡོང་བའི་དམིགས་ཡུལ་ནི་གཅིག་ནས་ཨ་མྱེས་སྲིན་རྒན་ལ་ལྷ་བསང་ཞིག་གཏོང་བའི་ཆེད་ཡིན་ལ། གཉིས་ནས་སྲིན་པོ་རྫ་རྒན་ལ་ཡུལ་དངོས་རྟོག་ཞིབ་དང་། གསུམ་ནས་སྲིན་པོའི་དབུ་རྩེ་ནས་གཅན་ཚའི་ཡུལ་དང་ཁྲི་ཀའི་ཁོག་ལ་ཞིབ་ལྟ་ཐེངས་ཤིག་བྱས་ཏེ་ས་རྒྱུས་ཡུལ་རྒྱུས་ཤིག་ལེན་འདོད་པ་དེ་ཡིན། གནམ་ངོའི་སྤྲིན་པ་ཇེ་སྟུག་ནས་ཇེ་སྟུག་ཏུ་གྱུར་ཅིང་། རི་བོའི་མཐའ་སྐོར་གྱི་སྨུག་པའི་འདུ་ལོང་ཡང་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ། ང་ཚོ་སྨུག་པའི་དབུས་སུ་བཏུམས་པས། སྨུག་པ་མ་དྭངས་ཚེ་སྲིན་པོའི་སྒང་ནས་ཤར་ལྷོ་ནུབ་བྱང་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ལྟད་མོར་ལྟ་འདོད་པ་ནི་སྟོང་བསམ་ཞིག་རེད།

གཅན་ཚ་རྫོང་མཁར་ནས་བལྟས་ན་སྲིན་པོ་རྫ་རྒན་ནི་མདའ་མོའི་ལྟོང་དང་འདྲ་བར་རི་ལ་དབུ་རྩེ་གཉིས་ཡོད་ཅིང་། སྲིན་པོའི་དབུ་རྩེར་འགོས་པ་ན་དབུ་རྩེ་གཡས་པ་དེར་གཅན་ཚ་བ་ཚོས་དར་ལྕོག་བསླངས་ཡོད་པ་དང་། དབུ་རྩེ་གཡོན་མ་དེར་ཁྲི་ཀ་བ་དག་གིས་དར་ལྕོག་བསླངས་འདུག དོ་རྒྱའི་དཔོན་པོས་བཤད་པ་ལྟར་ན་སྔོན་ཆད་སྲིན་པོའི་སྒང་ན་དར་ལྕོག་དང་མདའ་མདུང་སོགས་གཅིག་ཀྱང་མེད་ལ། དབུ་རྩེ་ལ་དར་ལྕོག་བརྒྱབ་ཡོད་པ་དང་མདའ་མདུང་བསྟད་ཡོད་པ་འདི་ནི་དེང་སང་གསར་དུ་བྱུང་བ་རེད་ཟེར། ང་ཚོ་སྲིན་པོའི་དབུ་རྩེ་གཡས་པར་འབྱོར་དུས་རླུང་གི་རྒྱུ་ཕྱོགས་ཀྱིས་སྨུག་སྤྲིན་ནི་མཚམས་ལན་རེར་དྲ་ཡོལ་ཕྱེ་བ་ལྟར་ཁ་འབྱེད་ཅིང་། དེའི་བར་གསེང་ནས་ཉི་འོད་སེར་ལམ་མེར་ཤར་འདུག་པའི་གཅན་ཚའི་རྫོང་མཁར་སོགས་ཀྱང་མིག་ལམ་དུ་ལྷམ་མེར་མངོན་ཡོང་། དེ་ལས་སྲིན་པོའི་དབུ་རྩེ་དང་དེའི་ཉེ་འཁོར་དུ་སྨུག་སྤྲིན་འཐིབས་ཏེ་ཆར་བ་འབབ་བཞིན་ཡོད་ནའང་། དེའི་ཕྱི་ལོགས་ཀྱི་ཡུལ་ཁམས་ཧྲིལ་པོར་གནམ་ཐང་ནས་ཉི་འོད་སེར་ལམ་མེར་ཤར་ཡོད་པ་ཤེས་ཐུབ།

ལྷ་ཆུང་པདྨ་དབང་རྒྱལ་གྱིས་ད་ལྟ་ཆར་པ་འབབ་བཞིན་ཡོད་ནའང་། ཆར་པའི་འབབ་ཚུལ་དང་རླུང་གི་རྒྱུ་ཕྱོགས་ལ་བལྟས་ན་གནམ་ཐང་རྒྱུ་ཡིན་པ་འདྲ། ང་ཚོ་དབུས་རྩེ་གཡོན་མའི་སྟེང་འགོ་རུ་འགྲོ་དང་། ཅུང་ཙམ་འགོར་ན་གནམ་ཐང་ངེས་རེད་ཟེར། ཆར་པ་ཟམ་ཟིམ་ཞིག་འབབ་བཞིན་ཡོད་ནའང་ཆར་པ་དེ་འདྲ་མི་ཆེ་བས། ང་ཚོ་ཆར་རླུང་གི་ཁྲོད་ནས་ཁྲི་ཀ་བས་དར་ལྕོག་བསླངས་ཡོད་པའི་རི་རྩེ་དེའི་ཕྱོགས་སུ་ཆས། སྲིན་པོའི་དབུ་རྩེ་ཡི་གཡའ་གསེང་ནས་ཕར་འགྲོ་ཚུར་འོང་བྱེད་རྒྱུ་ནི་དཀའ་ཁག་ཆེ་ལ་ལྷག་པར་དུ་ཆར་པ་བབས་པ་ན་གཡའ་སྟེང་ནས་འགྲེད་སླ་བས་ཕར་འགྲོ་ཚུར་འོང་བྱེད་རྒྱུ་ནི་དེ་ལས་ཀྱང་དཀའ་ཁག་ཆེ། ང་ཚོ་སྲིན་པོའི་རྟ་རའི་དྲང་ཐད་དུ་འབྱོར་དུས་ཆར་པ་འབབ་ཚད་ཇེ་ཆེར་གྱུར་པས། དེའི་བྲག་སྐྱིབས་ཤིག་ཏུ་ཆར་གཞའ་མི་བྱེད་ཀ་མེད་བྱུང་། མཚམས་ཤིག་ལ་འབྲུག་སྐག་སྐག་གྲག་བྱུང་། རྣ་ལ་གཟན་པའི་འབྲུག་སྐད་དེ་ནི་རྣ་འགྲམ་ནས་གྲག་པ་དང་འདྲ་བས། འབྲུག་སྒྲ་དེས་སེམས་པ་འཇིགས་ཡེར་བར་བྱེད། འབྲུག་སྒྲ་དྲག་པོ་དང་བསྡོངས་ནས་སེར་བ་བབས་ཏེ་བྲག་རྒྱུད་ཧྲིལ་བོར་སེར་རྐང་གིས་དཀར་བོང་ངེར་ཆགས། ང་ཚོས་བྲག་སྐྱིབས་དེ་ནས་ཧ་ལམ་ཆུ་ཚོད་གཅིག་ཙམ་ལ་ཆར་གཞའ་བྱས། དང་ཐོག་ཆར་བའི་ཤག་སྒྲ་ལས་སྒྲ་གཞན་ཅི་ཡང་མི་ཐོས་མོད། དྲག་ཆར་རིམ་བཞིན་འབབ་མཚམས་བཞག་པ་དང་བསྟུན་ནས་ཆུ་བོའི་བཞུར་སྒྲ་གསལ་ལ་དྲག་པ་ཞིག་རྣ་ལམ་དུ་ལྷུང་བྱུང་། ངས་མིག་གིས་ཡར་མར་ལ་བལྟས་ཀྱང་བཞུར་ཆུ་ཞིག་མཐོང་མ་བྱུང་བས། ལྷ་ཆུང་པདྨ་དབང་རྒྱལ་ལ་ཁྱོད་ཀྱིས་ཆུ་སྒྲ་ཐོས་བྱུང་ངམ་ཞེས་དྲིས་པ་ན་ཁོས་ཀྱང་ཐོས་བྱུང་ཟེར། ལྷ་ཆུང་པདྨ་དབང་རྒྱལ་གྱིས་རྒྱང་མཐོང་ལ་བརྟེན་ནས་སྲིན་པོ་རྟ་རའི་ནང་ལ་ཞིབ་ཏུ་བལྟས། ངས་དེ་ནི་དྲག་ཆར་བབས་པའི་ཆུ་ལོག་ཡིན་ངེས་ཞེས་བཤད་པ་ན། ཁོས་དེ་ནི་ཆུ་ལོག་ཡིན་མི་སྲིད། ཆུ་ལོག་ཡིན་ཚེ་རྒྱང་མཐོང་གིས་མཐོང་ཐུབ་ངེས་ཟེར། མཇུག་མཐར་ང་ཚོས་དེ་ནི་རྫ་གསེབ་ཀྱི་བཞུར་ཆུ་ཡིན་པར་ཐག་བཅད།  སྐབས་དེར་ངའི་ཡིད་ལ“ང་ཡི་ཆུང་འདྲིས་བྱམས་པ། །རྫ་རིའི་འོག་གི་ཆུ་རེད། །ཆུ་སྒྲ་སིལ་སིལ་མ་གཏོགས། །ཆུ་རྒྱུན་མཐོང་རྒྱུ་མི་འདུག”ཟེར་བའི་གཞས་དེ་ཡང་དྲན་བྱུང་། ཕྱིར་ཡུལ་ལ་ཡོང་ནས་སྲིན་པོ་རྟ་རའི་ནང་གི་རྫ་གསེབ་ཏུ་ཆུ་བོ་བཞུར་བའི་སྒྲ་ཞིག་གྲག་གིན་འདུག་ཅེས་བཤད་པ་ན། ཨ་ཞང་གིས་སྲིན་པོ་རྟ་རའི་ནང་གི་རྫ་གསེབ་ན་ཆུ་བཞུར་བའི་ཤག་སྒྲ་ཆེན་པོ་ཞིག་ཡོད་པར་མ་ཟད། སྲིན་པོའི་དབུ་རྩེ་ནས་རྣ་བ་རྡོ་སྲུབས་ལ་གཏད་ནས་ཉན་ནའང་ཆུ་བཞུར་བའི་སྒྲ་ཐོས་ཐུབ་ཟེར།

བྲག་སྐྱིབས་དེ་ནས་ཆར་གཞའ་བྱས་ཏེ་ཆར་པ་འབབ་མཚམས་བཞག་རྗེས་ང་ཚོ་ཁྲི་ཀ་བས་དར་ལྕོག་བསླངས་ཡོད་པའི་སྲིན་པོའི་དབུ་རྩེ་དེར་འགོས། དབུ་རྩེ་དེར་འབྱོར་དུས་གནམ་ངོ་གློ་བུར་དུ་ཐང་བྱུང་། རྫ་མཐོན་པོའི་གནམ་ངོ་དེ་ཐང་འདོད་ན་སྨུག་སྤྲིན་དེ་དག་རླུང་གིས་བདས་ནས་སྐད་ཅིག་དེ་ཉིད་ལ་ཐང་བར་འགྱུར་ཞིང་། རུབ་འདོད་ན་སྨུག་སྤྲིན་སྐད་ཅིག་ཉིད་ལ་འདུས་ཏེ་འཐིབས་པར་འགྱུར་བས། རྫ་མཐོན་པོའི་གནམ་ངོ་དེ་རུབ་འདོད་ན་སྐད་ཅིག་མ་གཅིག་གི་ཡུན་རེད་ལ། ཐང་འདོད་ནའང་སྐད་ཅིག་མ་གཅིག་གི་ཡུན་རེད།

སྲིན་པོའི་དབུ་རྩེ་ནས་བལྟས་ན་གཅན་ཚའི་ཡུལ་དང་ཁྲི་ཀའི་ཁོག་དེ་གསལ་པོར་མཐོང་ཐུབ། ཁྲི་ཀ་བས་དར་ལྕོག་བསླངས་ཡོད་པའི་ཕྱོགས་ཀྱི་སྲིན་པོའི་དབུ་རྩེ་དེ་ནས་གཅན་ཚའི་ཕྱོགས་སུ་བལྟས་ན་གཅན་ཚའི་ཡུལ་ལུང་དག་ཅུང་གཡས་ཕྱོགས་སུ་ཤོར་ཏེ་ནུབ་བྱང་མཚམས་ནས་ཤར་ལྷོའི་ཕྱོགས་སུ་ལྟ་བ་ལྟ་བུའི་ཚོར་བ་ཞིག་ཡོད། ཁྲི་ཀའི་ཕྱོགས་ཀྱི་སྲིན་པོའི་རྫ་འདབས་སུ་ལུང་ཆུང་རེ་དང་ཐང་ཆུང་རེ་བསྟར་ནས་བསྒྲིགས་འདུག་ལ། རྫ་ཡི་ཁོད་ཆེ་ཆུང་དང་རྫ་ཐག་གི་རིང་ཐུང་སོགས་གཅན་ཚའི་ཕྱོགས་དང་བསྡུར་ན་ཧ་ཅང་ཆུང་ལ་ཤིན་ཏུ་ཐུང་། གཅན་ཚ་བ་ཚོས་དར་ལྕོག་བསླངས་ཡོད་པའི་སྲིན་པོའི་དབུ་རྩེ་གཡས་པ་ནས་བལྟས་ན། གཅན་ཚའི་ཡུལ་ལུང་ཧྲིལ་པོར་དྲང་ཐད་ནས་བལྟས་པ་དང་འདྲ། དེ་ནས་བལྟས་ན་སྲིན་པོའི་རི་རྒྱུད་ཀྱི་རི་ཚོགས་མང་པོ་སྲིན་པོའི་མདུན་ཕྱོགས་སུ་སྐུ་ཞབས་ཚོགས་གྲལ་དུ་བཞུགས་པ་དང་འདྲ་བར་མིག་ལམ་དུ་ཟང་ཟིང་ལང་ལོང་གི་རྣམ་པ་ཞིག་གིས་མངོན་ཡོང་མོད། ཡིན་ནའང་དེའི་ཁྲོད་དུ་བདེ་བྱམས་མེར་ཆགས་ཡོད་པ་ནི་གཅན་ཚ་ཐང་ཡིན། གཅན་ཚ་ཐང་ནི་མཐའ་བཞི་རི་རྒྱུད་ཀྱིས་བསྐོར་བའི་དཀྱིལ་དབུས་སུ་ཆགས་ཡོད་པ་དང་། དེ་ནི་ལྷོད་ཤ་ལེར་ཆགས་པའི་གཡུ་ཡི་གཞོང་བ་ཞིག་དང་ཡང་མཚུངས། སྲིན་པོ་དབུ་རྩེ་ཡི་གཡའ་གསེབ་ནས་མེ་ཏོག་དང་རྩྭ་སྨན་རེ་འགའ་ཡང་མཐོང་ཐུབ་ལ། དེའི་ཁྲོད་དུ་ངས་ངོས་ཟིན་པ་ནི་མེ་ཏོག་གངས་ལྷ་རེད། སྲིན་པོའི་དབུ་རྩེ་དེ་ནི་རྡོ་གཡའ་མའི་ཚོགས་འཕྱུར་ཡོང་ནས་གྲུབ་པ་ལྟར་འདུག་ལ། ཚན་རིག་པས་མདོ་དབུས་མཐོ་སྒང་ནི་སའི་གོ་ལའི་དུམ་ལེབ་གདོང་ཐུག་བརྒྱབ་སྟེ་ཡར་འཕྱུར་ཡོང་བ་རེད་ཅེས་པ་བདེན་པར་འདུག་སྙམ་པའི་འདུན་པ་ཡང་དབང་མེད་དུ་སྟེར།

ངའི་སེམས་ལ་དེ་རིང་ཨ་མྱེས་སྲིན་པོས་ང་ཚོར་ཐུགས་རྗེའི་སྤྱན་གྱིས་གཟིགས་ཏེ། དབུ་རྩེར་འགོ་དུས་སྤྲིན་བསིལ་གྱིས་ཚ་གདུང་སེལ། དབུ་རྩེར་སླེབས་དུས་འབྲུག་སྒྲ་ཡི་བསུ་མ་བྱས། སྦྲང་ཆར་གྱི་དངོས་གྲུབ་གནང་། མཐར་སྨུག་སྤྲིན་གྱི་ཡོལ་བ་ཕྱེ་སྟེ་ང་ཚོ་ལ་སྲིན་པོའི་ཁོ་ར་ཁོར་ཡུག་གི་ལྟད་མོ་བསྟན་པས། ང་ལ་ཨ་མྱེས་སྲིན་པོར་སྔོན་ལས་ཀྱང་དད་པ་དང་དུང་བ་ལྷུག་ལྷུག་ཏུ་སྐྱེས་བྱུང་།

གཅན་ཚ་རྫོང་མཁར་ནས་ནུབ་ཕྱོགས་ཀྱི་ལུང་བའི་ཕུ་ལ་བལྟས་ན་སྲིན་པོ་རྫ་རྒན་ལྷང་ངེར་མཐོང་ཐུབ་ཅིང་། སྲིན་པོ་དབུ་རྩེ་ནི་སྲིན་པོ་རི་རྒྱུད་ཀྱི་དབུས་སུ་ཟུར་གསུམ་ཟོར་ཆེན་དབྱིབས་ཀྱི་རྩེ་མོར་ཁྱུང་གི་རྭ་བཙུགས་པ་དང་འདྲ་ལ། རི་བོའི་གདོང་ཆེན་དེ་མདུན་ཕྱོགས་སུ་གཏད་ཡོད། གཅན་ཚ་རྫོང་མཁར་ནས་མཐོང་བའི་ཨ་མྱེས་སྲིན་པོའི་རྔམ་བརྗིད་ཀྱི་མཛེས་པ་དང་བརྗིད་ཆགས་ཀྱི་ཟིལ་ཤུགས་དེས་ལྟ་མཁན་གྱི་ཡིད་སེམས་དབང་མེད་དུ་འདྲེན་ཞིང་། དད་ལྡན་གྱི་དད་པ་ཐོལ་ཐོལ་དུ་འཕྱུར་བར་བྱེད། ཨ་མྱེས་སྲིན་པོ་ནི་གནའ་ནས་ད་ལྟའི་བར་དུ་གཅན་ཚ་དང་ཁྲི་ཀའི་བན་བོན་གཉིས་ཀྱིས་བསྟེན་པའི་གཞི་བདག་མཐུ་བོ་ཆེ་ཞིག་ཡིན་པ་དང་། ཨ་མྱེས་སྲིན་པོའི་རི་རྒྱུད་དེ་ནི་དེང་གི་གཅན་ཚ་དང་ཁྲི་ཀ་གཉིས་ཀྱི་ས་མཚམས་དང་། གནའ་དུས་ཀྱི་ཁྲི་ཀ་གོང་འོག་གཉིས་ཀྱི་བར་མཚམས་སུ་ཡོད་པས། བྲག་དཀར་སྔགས་རམས་པ་དང་ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་སྲིན་པོའི་བསང་ཡིག་ལས་ཁྲི་ཀའི་ཨ་མྱེས་སྲིན་པོ་ཞེས་བྲིས་ཡོད། གཅན་ཚའི་ཡུལ་མིའི་ངག་རྒྱུན་ལ་ཨ་མྱེས་སྲིན་པོ་ནི་ཁ་ཁྲི་ཀ་དང་ཁོག་རེབ་གོང་ཟེར་ལ། ཁ་ཁྲི་ཀ་ཟེར་དོན་ནི་ཨ་མྱེས་སྲིན་པོའི་ཞལ་ཁྲི་ཀའི་ཕྱོགས་སུ་འཁོར་ཡོད་པ་དང་། ཁོག་རེབ་གོང་ཟེར་བ་ནི་ཡུལ་དེར་བཞུགས་པའི་སྨན་བཙུན་གང་ཞིག་ལ་ཞེ་ཆགས་པའམ། ཡང་ན་ཡུལ་དེའི་གཞི་བདག་གཉན་པོ་གང་དེ་དགྲ་ཟླར་གྱུར་བས་དེ་ལ་སྡང་སེམས་བཅངས་པའི་དོན་ཡིན་ངེས། བོད་ཀྱི་ཡུལ་ལྷ་གཞི་བདག་དག་གི་བར་དུའང་འཇིག་རྟེན་པ་དག་དང་འདྲ་བར་ཕོ་མོའི་འདོད་བརྩེ་དང་འགལ་འབྲེལ་འཐབ་རེས་བཀྱེས་པའི་གཏམ་རྒྱུད་མང་ཞིང་། ཨ་མྱེས་སྲིན་པོ་ཡང་ཨ་མྱེས་བྲག་དཀར་དང་ཙོང་ཁའི་སྐྱེས་རི་སོགས་དང་མ་འཆམ་པར་ཕན་ཚུན་འཐབ་རེས་བཀྱེས་པའི་གཏམ་རྒྱུད་འཇིག་རྟེན་པའི་ཡིད་དབང་འཕྲོག་པ་མང་པོ་ཡོད།

ཨ་མྱེས་སྲིན་པོའི་རི་རྒྱུད་དང་འབྲེལ་བའི་རི་བོ་དག་གི་གཞི་བདག་རྣམས་ཨ་མྱེས་སྲིན་པོའི་བློན་འབངས་ཡིན་པ་དང་། དེ་དག་བར་གྱི་འབྲེལ་བ་དེ་རྟོགས་ན་ང་ཚོས་རི་ཆུ་རིག་གནས་ཀྱི་ནང་སྙིང་དེ་རྟོགས་ཐུབ་ལ། མེས་པོའི་བྱུང་རབས་ཀྱི་གོམ་འགྲོས་དེ་ཡང་ཚོར་ཐུབ་པ་དང་། གཅན་ཚ་བ་ནི་སྲིན་པོ་རི་རྒྱུད་ལ་བརྟེན་ནས་འཚོ་ཞིང་། སྲིན་པོ་རྫ་ཆུ་འཐུངས་ནས་ནར་སོན་པ་ཡིན་པས། གཅན་ཚ་བར་མཚོན་ན་སྲིན་པོ་རི་བོ་ནི་འཚོ་བའི་གཏེར་མཛོད་ཅིག་ཡིན་ལ། ཨ་མྱེས་སྲིན་པོ་ནི་དད་པའི་རྟེན་སོ་ཞིག་ཀྱང་ཡིན།

མེས་པོ་གོང་མ་ཚོས་བོད་ཀྱི་ས་གཞི་ཐམས་ཅད་རིན་ཆེན་གཏེར་གྱིས་བཀང་ཡོད་ཟེར་ལ། དེང་སྐབས་ཚན་རིག་པ་དག་གིས་ཀྱང་བོད་ཀྱི་རི་བོ་གྲགས་ཅན་དག་གི་ནང་ཁོག་ཧྲིལ་བོ་གཏེར་ཁ་ཡིན་པར་བརྗོད། དམངས་ཁྲོད་ཀྱི་བཤད་རྒྱུན་ལ། ཨ་མྱེས་སྲིན་པོའི་ཁོག་ན་གསེར་གྱི་རྟ་ཞིག་ཡོད་ཟེར། ང་རང་ཆུང་དུས་སུ་ང་ཚོའི་ཕ་ཡུལ་ལ་ཁན་ཁྲ་ཏོས(勘察队)ཞེས་པའི་མི་སྐོར་ཞིག་ཡོང་བ་དང་། ཁན་ཁྲ་ཏོས་ལོ་ངོ་དུ་མར་བསྟུད་མུར་ཡོང་སྟེ། སྲིན་པོའི་རྫ་རྒྱུད་ནས་གཏེར་ཁ་འཚོལ་ཞིབ་བྱས།  གཏེར་ཁ་འཚོལ་མཁན་དེ་དག་གིས་སྲིན་པོའི་རྫ་རྒྱུད་ནས་གཏེར་ཁ་ཅི་ཞིག་རྙེད་པ་ང་ཚོས་མི་ཤེས་ནའང་། ཁན་ཁྲ་ཏོས་ཀྱིས་ཡུལ་འདིའི་གཏེར་ཁའི་རིགས་དང་རྣམ་གྲངས། ཁྱབ་ཚུལ་སོགས་ཐོ་གསལ་པོར་བཀོད་དེ་བཞག་ཡོད་པ་གདོན་མི་ཟ། ང་ཚོའི་མེས་པོ་དག་ལ་མཚོན་ན་སྲིན་པོའི་རྫ་རྒྱུད་ནས་གཏེར་ཁ་ཞིག་བསྔོགས་པ་ནི་ཞ་ཉེ་ཡིན། མེས་པོ་ཚོས་སྤྱི་ཚོགས་རྙིང་པའི་སྐབས་སུ་བོའུ་རྡེའུ་ཡི་ཞ་ཉེ་དེ་སྲིན་པོ་རྫ་ནས་ལེན་བཞིན་ཡོད་པ་དང་། ཞ་ཉེ་ལེན་སའི་ས་ཁུང་གི་མིང་ལ་ཞན་ཁུང་ཞེས་འབོད།

སྲིན་པོ་དབུ་རྩེ་དེ་སྲིན་པོའི་རི་རྒྱུད་ཀྱི་དབུས་སུ་གཟེངས་སུ་ཐོན་ནས་བརྗིད་ཆགས་པར་འགྱིང་ཡོད་ལ། སྲིན་པོའི་རི་རྒྱུད་དང་དེའི་རི་ལག་མང་པོ་ཞིག་གཅན་ཚའི་ཡུལ་གྲུ་ཧྲིལ་བོར་རྩ་རྒྱུས་བཞིན་དུ་ཁྱབ་ཡོད། གཅན་ཚའི་ཡུལ་གྱི་སྣང་རའི་གྲོང་བརྒྱད་དང་ཧོར་མོ་ཁག་གསུམ། དོ་རྒྱ་ཚོ་སྒོ་དྲུག་དང་རྐ་ཕུག་ཚོ་བ་གསུམ། ཁམས་ར་གླེ་ལྔ་ལ་སོགས་པའི་ཚོ་ཤོག་དག་སྲིན་པོའི་རི་རྒྱུད་ནས་ཤར་ཕྱོགས་རྨ་ཆུའི་ཁ་བར་བསྲིངས་པའི་རི་རྒྱུད་ཀྱི་ཉིན་སྲིབ་དང་སྟོད་སྨད། ཐང་གཞོངས་དང་ཀླུང་འགྲམ་དུ་ཆགས་ཡོད།

ཨ་མྱེས་སྲིན་པོ་ནི་གཅན་ཚའི་ཡུལ་གྱི་ཆེས་མཐོ་བའི་རི་བོ་དེ་ཡིན་ལ། གཅན་ཚའི་ས་བབ་ནི་ནུབ་ཕྱོགས་མཐོ་ཞིང་ཤར་ཕྱོགས་དམའ་བས། སྲིན་པོ་རྫ་འདབས་ནས་བཞུར་བའི་ཆུ་བོ་ཡོད་ཚད་ཤར་ཕྱོགས་རྨ་ཆུའི་ནང་དུ་འབབ་བཞིན་ཡོད། ཆུ་བོ་ཁོ་ནའི་ངོས་ནས་བཤད་ནའང་རྡེའུ་རུང་གྲམ་པ་དང་ལྷ་རིའི་གྲམ་པ། ལྷ་ཆུང་གྲམ་པ། གསང་སྒྲོག་གྲམ་པ། ངང་རུང་གྲམ་པ། སིལ་ཞིང་གྲམ་པ། སྣང་རའི་གྲམ་པ་སོགས་ཀྱི་གྲམ་ཆུ་ཚང་མ་སྲིན་པོ་རྫ་འདབས་ནས་བརྡོལ་ཏེ་མཐར་རྨ་ཀླུང་སྔོན་མོར་འདྲེས་བཞིན་ཡོད། གནའ་དུས་སུ་གཅན་ཚ་བར་མཚོན་ན་འཚོ་བའི་དངོས་གྲུབ་དང་འཁོར་བའི་འདུན་མ་སྩོལ་མཁན་ནི་སྲིན་པོ་རྫ་འདབས་ནས་བཞུར་བའི་གྲམ་ཆུ་དེ་དག་ཡིན་ཞིང་། བསམ་བློར་གཤོག་པ་དང་ཤེས་རིག་གི་མེ་སྟག་སྦར་མཁན་ཡང་སྲིན་པོ་རྫ་འདབས་ནས་བཞུར་བའི་གྲམ་ཆུ་དེ་དག་ཡིན། སྲིན་པོ་རྫ་འདབས་ནས་བཞུར་བའི་ཆུ་བོ་དེ་དག་ལས་ལྷ་རི་གྲམ་པའི་ཆུ་དང་ལྷ་ཆུང་གྲམ་པའི་ཆུ་གཉིས་ནི་སྲིན་པོའི་རྨོག་གི་ཕར་ངོགས་ཚུར་ངོགས་སུ་འབབ་ཀྱིན་ཡོད་ཅིང་། ཡུལ་མི་ཚོས་ཆུ་བོ་དེ་གཉིས་ནི་ཨ་མྱེས་སྲིན་པོའི་ཆིབས་པའི་སྣ་ཁུང་གཉིས་ནས་འབབ་པ་ཡིན་ཟེར།  ཨ་མྱེས་སྲིན་པོ་རི་བོའི་འདབས་སུ་སྲིན་པོ་རྟ་ར་སྟེ་སྲིན་པོའི་རྟ་འཚོ་ས་དང་། རྫ་དཀར་པོ་ལུག་ཁྱུ་སྟེ་སྲིན་པའི་ལུག་འཚོ་ས་སོགས་ཡོད། རྫ་དཀར་པོ་ལུག་ཁྱུ་ནི་རྒྱང་ནས་བལྟས་ན་གཟས་ལ་བཀྲམ་པའི་གཡང་དཀར་གྱི་ལུག་ཁྱུ་ཞིག་དང་མཚུངས་ལ། རྟ་ར་ཁུག་གི་ས་འོག་ནས་ད་ལྟ་ཡང་རྟ་ལུད་ལེན་རྒྱུ་ཡོད་ཅིང་། བཅིངས་འགྲོལ་བྱས་རྗེས་ཞིང་ལུད་ཀྱི་ཆེད་དུ་དེར་རྟ་ལུད་ལེན་དུ་སོང་མྱོང་མཁན་ཡང་མང་པོ་ཡོད།

གཅན་ཚའི་ཡུལ་གྱི་རི་བོ་ཐམས་ཅད་སྲིན་པོ་རི་རྒྱུད་དང་ཡང་ན་དེའི་རི་ལག་དང་མ་འབྲེལ་བ་ཞིག་མེད་ཅིང་། སྲིན་པོ་རི་རྒྱུད་དང་རི་ལག་ཁྲོད་ཀྱི་རི་རྩེ་གྲགས་ཅན་ལ་སྲིན་པོ་རྨོག་དང་ཨ་མྱེས་བྲག་དཀར། རྒོད་ཆེན་སྙིང་རི། གཟིག་ཆེན་སྒང་། བསེ་ཆེན་སྒང་། གསའ་ལུང་སྒང་། བྲེ་ཅན་སྒང་། ཀྱེ་རི་སྒང་། བེའུ་དོར་སྒང་། དུར་ཅོག་སྒང་། བྱེ་རི་སྒང་། སྨན་བཙུན་སྒང་། ཀ་ར་སྒང་། བྱ་ལྡིང་སྒང་། ཁེན་གྱའི་རྩེ་རི་སོགས་ཡོད་ལ། རི་བོ་དེ་དག་གི་གཞི་བདག་ནི་ཨ་མྱེས་སྲིན་པོའི་འཁོར་ཏེ་བཀའ་ཡི་བློན་པོའི་གྲས་སུ་གཏོགས་ཏེ། བསང་ཡིག་ལས“ཁྱོད་ཀྱི་ཉེ་འཁོར་བསེ་ཆེན་གཟིག་ཆེན་དང་། །བྲག་དཀར་སྡོང་དུམ་རྨ་ཆུ་གནས་པའི་ལྷ། །བཀའ་བློན་ཡུམ་བཅས་གསེར་ཁྲབ་ཅན་སྟོང་སོགས”ཞེས་པ་ལས་ཀྱང་ཤེས་ཐུབ་པ་དང་། ཨ་མྱེས་སྲིན་པོ་ཁོང་ནི་ཨ་མྱེས་རྨ་ཆེན་གྱི་བཀའ་བློན་ཡིན་ཏེ། བྲག་དཀར་སྔགས་རམས་པས“རྨ་ཆེན་བཀའ་བློན་སྲིན་པོ་གསེར་ཁྲབ་ཅན། །བདུད་འདུལ་གཏུམ་པོ་འཕྲོག་བྱེད་གཉན་གྱི་རྗེ། །དཀར་ཕྱོགས་སྐྱོང་བའི་ལྷ་རྒྱལ་དགེ་བསྙེན་ཆེ”ཞེས་པ་དང་། ཀུན་མཁྱེན་འཇིགས་མེད་དབང་པོས་ཀྱང“རྨ་གཉན་བློན་པོ་བསྟན་སྲུང་མཐུ་རྩལ་ཅན”ཞེས་སོགས་བསང་ཡིག་ལས་གསལ་པོར་གསུངས་ཡོད།

ཨ་མྱེས་སྲིན་པོའི་མཚན་གྱི་རྣམ་གྲངས་ལ་སྲིན་པོ་དཔལ་ལྡན་དོན་གྲུབ། སྲིན་པོ་པདྨ་དབང་རྒྱལ། སྲིན་པོ་དགྲ་འདུལ་དབང་ཕྱུག་སོགས་ཡོད། ཨ་མྱེས་སྲིན་པོ་ནི་སློབ་དཔོན་པདྨ་འབྱུང་གནས་དང་ས་སྐྱ་པཎ་ཆེན། རྗེ་ཙོང་ཁ་བ་སོགས་ཀྱིས་བསྟན་པ་སྲུང་བའི་ལྷ་གཉན་དུ་བཀའ་བསྒོས་པ་ཡིན་ལ། དེའི་ཚུལ་ནི་བསང་ཡིག་ལས་གྲུབ་དབང་ཆེན་པོ་པདྨ་ཐོད་ཕྲེང་རྩལ། །བློ་བཟང་རྒྱལ་བ་གཉིས་པ་ཡབ་སྲས་སོགས། ། བྱང་སེམས་རྡོ་རྗེ་འཛིན་པའི་ཚོགས་རྣམས་ཀྱིས། །བསྟན་དང་བསྟན་འཛིན་སྐྱོང་བར་བཀའ་བསྒོས་བཞིན། །ཞེས་པ་སོགས་ལས་ཤེས་ཐུབ། ཡང་བསང་ཡིག་ལས་འཁོར་དུ་གསང་ཡུམ་སྨན་མོ་དང་ཞེས་བཙུན་མོ་ཡང་ཡོད་པར་གསུངས་ཡོད། ངག་རྒྱུན་ལྟར་ན་གསང་ཡུམ་སྨན་མོ་ནི་ཨ་མ་ཟོར་དགུ་ཡིན་པར་བཤད་ལ། དམངས་ཁྲོད་དུ་ཨ་མ་ཟོར་དགུ་དང་ཨ་མྱེས་སྲིན་པོ་གཉིས་བར་གྱི་ངག་རྒྱུན་མང་བོ་ཞིག་ཡོད། ཨ་མྱེས་སྲིན་པོའི་སྲས་ལ་ཨ་མྱེས་གཟིག་ཆེན་དང་། འཁོར་མི་ནག་རྟ་ནག་དང་བྱེ་མ་གཡུང་དྲུང་དཔའ་བོ་སྲས། སྲས་དགྲ་འདུལ་དབང་ཕྱུག་སོགས་ཡོད་པར་གྲགས་ལ།  གཟིག་ཆེན་གྱི་བསང་ཡིག་ལས་ཀྱང“ཡབ་མཆོག་རཀྴ་སྲིན་པོ་གཏུམ་དྲག་རྩལ། །ཡུམ་མཆོག་སྨན་མཚོ་འཛུམ་ཞལ་མཛེས་ལྡན་མ། །སྐྱེས་མཆོག་གཟིག་ཆེན་སྐྱེས་བཙན་མཐུ་རྩལ་ཅན། །”ཞེས་གསུངས་ཡོད། ཨ་མྱེས་སྲིན་པོ་ནི་དགྲ་འདུལ་གཉེན་སྐྱོང་ལ་སྡོང་གྲོགས་བྱེད་པའི་ལྷ་གཉན་མཐུ་བོ་ཆེ་ཞིག་ཡིན་པས། དེས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འགྲོ་དོན་སྐྱོང་བཞིན་ཡོད་ཅིང་། དེས་རང་ལ་མཆོད་བཀུར་བྱེད་མཁན་དག་ལ་དགྲ་ཇག་དང་ཆོམ་རྐུན་གྱི་འཇིགས་པ་བཟློག་པ། བུ་འདོད་པ་ལ་བུ་དང་ནོར་འདོད་པ་ལ་ནོར་སྩོལ་ཞིང་། ཡུལ་ལུང་ལ་ཐན་པས་གཙེས་ན་ཆར་གྱི་དངོས་གྲུབ་ཀྱང་སྩོལ་བར་བཤད། བཤད་རྒྱུན་ལ་ཨ་མྱེས་སྲིན་པོར་བཀའ་བློན་ཆེན་པོ་བཞི་ཡོད་ཅིང་། དེ་དག་ནི་མདུན་གྱི་བཀའ་བློན་ཨ་མྱེས་བྱེ་རི། གཡས་ཀྱི་བཀའ་བློན་ཨ་མྱེས་བསེ་ཆེན། རྒྱབ་ཀྱི་བཀའ་བློན་མི་ནག་རྟ་ནག གཡོན་གྱི་བཀའ་བློན་སྟག་གདོང་གཉན་པོ་ཡིན་པར་བཤད་ལ།(བཤད་རྒྱུན་མི་འདྲ་བ་ཡང་ཡོད) ཁེན་གྱའི་རྩེ་རི་ནི་ཨ་མྱེས་སྲིན་པོའི་དཀོར་གཉེར་དང་། ཨ་མྱེས་ཟ་རི་ནི་ཨ་མྱེས་སྲིན་པོའི་མཛོད་བདག མཚོ་འཁྱིལ་ཁུག་ནི་ཨ་མྱེས་སྲིན་པོའི་སྨན་ཁུག རི་སྙིང་བོ་ནི་ཨ་མྱེས་སྲིན་པོའི་མདུན་ཅོག་ཡིན་པར་ཡང་བཤད། ཨ་མྱེས་སྲིན་པོའི་མདུན་ཐད་དང་གཡས་གཡོན་དུ་ར་སྙིང་བོ་དང་མེ་ཏོག་གླེ། ཨ་བརྟན་མ་ཎི། ལུང་རིང་ནང་། ཁྲ་ཚང་ཁུག་སོགས་རྩྭ་ས་ལེགས་པའི་འབྲོག་ཐང་ཡངས་མོ་ཞིག་ཡོད།

ཨ་མྱེས་སྲིན་པོའི་ཆ་བྱད་ཀྱི་ཐད་ནས་སྤྱིར་མི་འདྲ་བ་ཆེན་པོ་མེད་ནའང་། ཕྱག་གཡས་པའི་ཕྱག་མཚན་ལ་སྦ་ལྕག་བཟུང་བ་དང་། ཞགས་པ་བཟུང་བ། མདུང་བཟུང་བ་དང་ཕྱག་གཡོན་པར་ནོར་གཞོང་བཟུང་བ་དང་ནེའུ་ལེ་བཟུང་བ་སོགས་ཀྱི་ཐད་ནས་མི་འདྲ་ས་ཅུང་ཡོད་མོད། ཡིན་ནའང་དེ་དག་ལ་འགལ་བ་ཆེན་པོ་མེད་དེ། སྤྱིར་བོད་ཀྱི་གཞི་བདག་མང་ཤོས་ཀྱི་ཕྱག་མཚན་ནི་ཕྱག་གཡས་པར་དགྲ་འདུལ་གྱི་མཚོན་ཆ་དང་ཕྱག་གཡོན་པར་གཉེན་སྐྱོང་གི་ནོར་གཞོང་ཐོགས་ཡོད་པ་དང་། ཨ་མྱེས་སྲིན་པོ་ཡང་ཞི་རྒྱས་དབང་དྲག་དང་གདུལ་བྱའི་དབང་གིས་ཕྱག་མཚན་སོགས་ཅུང་མི་འདྲ། ཡིན་ནའང་ཨ་མྱེས་སྲིན་པོའི་ལྡེབས་རིས་མང་ཆེ་བར་ཕྱག་གཡས་པར་མདུང་མོ་དང་གཡོན་པར་ནོར་གཞོང་བཟུང་ཡོད། ཡུལ་ལྷ་གཞི་བདག་གི་ཆ་བྱད་དེ་ཡུལ་ལྷ་གཞི་བདག་གང་དེའི་བསང་ཡིག་ལས་གསལ་བོར་མཐོང་ཐུབ་ཅིང་། སྲིན་པོའི་ཆ་བྱད་ཀྱི་ཐད་ནས་ཀྱང་རྗེ་གསེར་ཁང་བས་མཛད་པའི་བསང་ཡིག་ལས“གསེར་ཁྲབ་སེར་པོ་ལུས་ལ་གྱོན། །དབུ་ལ་གསེར་གྱི་མོག་ཞྭ་མནབས། །ཕྱག་ན་རྦ་ལྕག་སེར་པོ་ཕྱར། །བཅིབས་སུ་ངང་པ་སེར་པོར་ཆིབས། །གསེར་ཁྲབ་གཡུ་མཐུར་སི་ལི་ལི། །གསེར་འོད་སྒ་སྟན་ལྷབ་སེ་ལྷབ། །གསེར་སྒ་སེར་པོ་བང་སེ་བང་། །གསེར་གྱི་ཡོབ་ཆེན་ཁྲ་ལ་ལ། མུ་ཏིག་གོང་རྨེད་ཀྱིག་སེ་ཀྱིག”ཅེས་བྲིས་ཡོད་པ་དང་། ཡང་ལྷ་རི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས“ལྷ་ཆེན་བདུད་འདུལ་གཏུམ་པོ་གསེར་ཁྲབ་ཅན། །སྐུ་མདོག་དཀར་པོ་ཕྱག་གཡས་མདུང་དར་འཕྱར། །གཡོན་པས་ནོར་གཞུང་རིན་ཆེན་གང་བ་འཛིན། །དབུ་ལ་གསེར་ཞྭ་ཞབས་ལ་སག་ལྷ་གྱོན། །སྐེད་པར་དཔའ་ཆས་སྟག་རལ་གཟིག་ཤུལ་འཛིན། །གསེར་སྒ་རིན་ཆེན་གསེར་མཐུར་གྱིས་སྤྲས་པའི། །རྟ་མཆོག་ངང་པ་རྫུ་འཕྲུལ་ཤུགས་ལྡན་ཆིབས”ཞེས་གསུངས་ཡོད།  མདོ་སྨད་ཀྱི་གཞི་བདག་ཁྲོད་ནས་གོ་ས་ཆེས་མཐོ་བ་ནི་འོ་དེ་གུང་རྒྱལ་གྱི་སྲས་ཨ་མྱེས་རྨ་ཆེན་ཡིན་པ་དང་། ཨ་མྱེས་རྨ་ཆེན་ལ་ས་བཅུ་པ་ཐོབ་ཡོད་ཟེར་ལ། ཨ་མྱེས་རྨ་ཆེན་གྱི་འཕྲོར་ས་བརྒྱད་པ་ཐོབ་པའི་ཨ་མྱེས་སྲིན་པོ་ཡང་གོ་ས་མཐོ་བ་དང་། ཨ་མྱེས་སྲིན་པོ་ནི་རྨ་ཆེན་གྱི་སྲས་དགུ་པ་ཡིན་པ་དང་ཡང་ཨ་མྱེས་རྨ་ཆེན་གྱི་ཚ་བོ་ཞིག་ཡིན་པའི་བཤད་རྒྱུན་ཞིག་ཀྱང་ཡོད།

ཀོའུ་བ་ཆོས་རྒྱ་མཚོ་དང་རྗེ་གསེར་ཁང་བ། ངང་རུང་མཁན་ཆེན་ཚང་། ལྷ་རི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་ལ་ཨ་མྱེས་སྲིན་པོས་དངོས་སུ་ཞལ་བསྟན་པ་དེ་དག་གི་རྣམ་ཐར་དང་ངག་རྒྱུན་དུ་ཡོད་ལ། གསེར་ཁང་བར་ཨ་མྱེས་སྲིན་པོས་སྦ་དབྱུག་ཅིག་དང་ཞོ་འབྲོང་རྭ་གང་ཕུལ་མྱོང་ཞིང་། འབྲོང་རྭ་དེ་དུས་འགྱུར་ཀྱི་སྐབས་སུ་འཇིག་ནའང་། སྦ་དབྱུག་ནི་ད་ལྟ་ཡང་ད་དུང་མ་འཇིག་པར་མཇལ་རྒྱུ་ཡོད། ལྷ་རི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཚང་ལ་སྲིན་པོའི་ཞལ་གཟིགས་བསྟན་པ་ན། ཁོང་གིས་དེ་མ་ཐག་སྲིན་པོའི་སྐུ་བརྙན་དེ་ཁོང་གི་གཟིམ་ཁང་གི་རྩིག་ལྡེབས་སུ་ལོགས་རིས་སུ་བྲིས་པ་དང། ཁོང་གིས་རྩིག་ལྡེབས་སུ་ལོགས་རིས་བྲིས་པའི་ཨ་མྱེས་སྲིན་པོ་དེར་དབུ་དགུ་ཡོད་པ་དང་། ཁོག་སྨད་སྦྲུལ་གྱི་རྣམ་པར་ཡོད་པར་བཤད་མོད། ལྡེབས་རིས་དེ་དུས་འགྱུར་གྱི་སྐབས་སུ་འཇིག ཨ་མྱེས་སྲིན་པོ་ནི་སྔོན་ཆད་སྡིག་ལས་དགྱེས་པ་ཞིག་ཡིན་ནའང་། ཨོ་རྒྱན་པདྨ་འབྱུང་གནས་སོགས་ཀྱིས་བསྟན་པའི་ཞ་ར་མཛད་ཅིང་། བསྟན་འཛིན་གྱི་སྐྱེས་བུ་སྲུང་དགོས་པའི་བཀའ་བསྒོ་མཛད་རྗེས། དཀར་ཕྱོགས་ལ་དགྱེས་པའི་ཡུལ་ལྷ་ཞིག་ཏུ་གྱུར་ཅིང་། རྗེ་འཇིགས་མེད་འོད་གསལ་རྡོ་རྗེ་སོགས་ཀྱི་རྣམ་ཐར་ལས་སྲིན་པོ་དཀར་པོ་ཆོས་ལ་དགྱེས་པ་དེ་དམིགས་སུ་བཀོད་ནས་གསུངས་ཡོད།

གཅན་ཚ་དང་ཁྲི་ཀའི་ཡུལ་དུ་ཨ་མྱེས་སྲིན་པོ་ལ་མཆོད་ཅིང་བཀུར་བ་དང་། དོ་རྒྱ་དང་ཁམས་ར་སོགས་ཀྱི་ཤོག་ཁ་སྤྱིའི་ལ་བཙས་ཀྱང་སྲིན་པོ་ལ་བཙས་ཡིན། གཅན་ཚའི་ཡུལ་གྱི་སྔགས་སྡེ་དང་ཤོག་ཁ་སོ་སོའི་གར་འཆམ་གྱི་ཁྲོད་དུའང་ཨ་མྱེས་སྲིན་པོའི་གར་འཆམ་ཡོད་པར་མ་ཟད། དེ་ནི་ཡུལ་ཕྱོགས་འདིའི་གཞི་བདག་གཙོ་བོའི་གྲས་སུ་བརྩི་བཞིན་ཡོད་པས། ཨ་མྱེས་སྲིན་པོ་ནི་ང་ཚོའི་ཕ་ཡུལ་གྱི་སྐྱིད་ཡོད་ན་བཤད་ས་དང་སྡུག་ཡོད་ན་བཅོལ་སའི་མགོན་སྐྱོབ་ཅིག་ཀྱང་ཡིན། དབྱར་མཇུག་དང་སྟོན་ཁར་ཨ་མྱེས་སྲིན་པོའི་དབུ་རྩེ་ནས་སྤྲིན་ནག་འདུས་ཏེ་ཆར་ཤྭ་ཡོང་ནའང་། ཨ་མྱེས་སྲིན་པོ་ནས་ཡོང་བའི་སེར་བ་ཡིས་གཅན་ཚའི་ལུང་ཁོག་གི་ལོ་ཏོག་གནའ་ནས་ད་ལྟའི་བར་དུ་བརྡུངས་མ་མྱོང་ལ། ཡུལ་མི་རྒན་པ་ཚོས་ཀྱང་ཨ་མྱེས་སྲིན་པོས་ང་ཚོའི་ཡུལ་ཕྱོགས་ཀྱི་ལོ་ཏོག་མི་རྡུང་ཟེར། སྲིན་པོའི་དབུ་རྩེ་ནས་ཆར་ཤྭ་ཡོང་དུས་སྤྲིན་གྱི་རྒྱུ་ཕྱོགས་ནི་ཡ་མཚན་ཞིག་ཡིན་ཏེ། སྲིན་པོའི་དབུ་རྩེ་ནས་སྤྲིན་ནག་ལིང་ལིང་ངང་འདུས་ཏེ། ཤར་ཕྱོགས་སུ་ཆུ་ལོག་བརྡོལ་བ་ལྟར་ཡོང་ནས། གཅན་ཚའི་ལུང་ཁོག་གི་དཀྱིལ་ཙམ་ལ་སླེབས་རྗེས་སྤྲིན་ཁ་ལྷོ་ལ་འཁོར་ཏེ་རེབ་གོང་དོར་ཉིན་གྱི་ཕྱོགས་སུ་འགྲོ་བ་དང་། དེ་ནི་རེབ་གོང་དང་འབྲེལ་ནས་བྱུང་བའི་འགལ་འབྲེལ་འཁྲུག་རྩོད་དེའི་དབང་གིས་ཡིན་པའི་ངག་རྒྱུན་ཡང་མང་པོ་ཞིག་ཡོད།

ང་ཚོའི་ཕ་ཡུལ་གྱི་ངག་རྒྱུན་ཞིག་ཏུ་ཨ་མྱེས་སྲིན་པོ་ནི་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ལྷ་ས་ནས་ལྷ་འདྲེ་དམ་ལ་འདོགས་པའི་སྐབས་སུ་མདོ་སྨད་དུ་བྲོས་ནས་ཡོང་བར་བཤད་ལ། དེ་ལྟར་ན་སྲིན་པོ་ནི་རྨ་རྒྱལ་གྱི་སྲས་ཡིན་མི་སྲིད་མོད། རྨ་རྒྱལ་དང་ཤ་རུས་གདུང་རྒྱུད་ཀྱི་འབྲེལ་བ་ཅི་ཡང་མེད་ཅེས་ཀྱང་བཤད་ཁག་པོ་ཡིན། ཨ་མྱེས་སྲིན་པོ་ལྷ་ས་ནས་མདོ་སྨད་དུ་བྲོས་ཡོང་རྗེས་རེབ་གོང་དུ་དུས་ཡུན་གང་འཚམ་ཞིག་ཏུ་བསྡད་པ་དང་། རེབ་གོང་དུ་སྡོད་སྐབས་ཡུལ་དེའི་གཞི་བདག་གཙོ་བོ་དང་མ་འཆམ་པར་འཐབ་རྩོད་བྱུང་བས། ད་ལྟའི་གནས་འདིར་ཡོང་ནས་གཞིས་ཆགས་པར་བཤད་ལ། དམངས་ཁྲོད་དུ་བཤད་པའི་ཁ་ཁྲི་ཀ་འཁོར་ཞིང་ཞེ་རེབ་གོང་ལ་ཆགས་ཞེས་པ་དེར་ཞིབ་ཏུ་བརྟགས་ཤིང་དཔྱད་ན་དེའི་ནང་དུ་ལོ་རྒྱུས་ཀྱི་འགལ་འབྲེལ་མང་པོ་ཞིག་བསྡུས་ཡོད།

རྩོམ་ཡིག་འདི་བྲིས་ན་མཚམས་འདིར་སླེབས་དུས། ང་ལ་ད་དུང་ཕངས་སེམས་ཆེན་པོ་ཞིག་ཡོད་པ་ནི། རྨ་ཀླུང་སྔོན་མོའི་ནང་ཤེད་དུ་གནས་པའི་ཨ་མྱེས་སྲིན་པོ་དང་དབུས་གོང་དཀར་རྫོང་དུ་གནས་པའི་སྲིན་པོ། གཙང་ཕྱོགས་ཀྱི་སྲིན་པོ་རི། ཁམས་ཕྱོགས་ཀྱི་སྲིན་པོ་རི་བཅས་ཀྱི་བར་དུ་འབྲེལ་བ་ཡོད་མེད་ལ་གསལ་ཁ་མ་ཆོད་པ་དེ་ཡིན། ངས་དབུས་གཙང་དང་ཁམས་ཕྱོགས་སུ་ཡོད་པའི་སྲིན་པོའི་སྐོར་གྱི་རྒྱུ་ཆ་བཙལ་ཡང་། ཚད་ལྡན་གྱི་རྒྱུ་ཆ་ཞིག་ལག་ཏུ་མ་སོན་པས་དེའི་སྐོར་ནས་གསལ་བོར་འབྲི་མ་ཐུབ་ལ། འོལ་ཚོད་ཀྱིས་རིགས་འདེད་ཀྱང་བྱེད་མ་ཕོད། དབུས་ཕྱོགས་ཀྱི་སྲིན་པོ་རི་ཞེས་པའི་མིང་ནི་བཙན་པོའི་དུས་སྐབས་ནས་བཟུང་ཡོད་པའི་བརྡ་རྙིང་པ་ཞིག་ཡིན་པ་དང་། ཡུལ་དེའི་དམངས་ཁྲོད་ཀྱི་ངག་རྒྱུན་དུ་རི་དེ་ནི་སྲིན་པོའི་གཟུགས་དང་འདྲ་བས་སྲིན་པོ་རི་ཞེས་ཟེར་ལ། རི་དེའི་སྟེང་དུ་སློབ་དཔོན་པད་མ་འབྱུང་གནས་དང་རྗེ་ཙོང་ཁ་པ་སོགས་སྐྱེས་ཆེན་མང་པོས་སྒྲུབ་པ་ཉམས་ལེན་དང་ཆོས་འཆད་ཉན་གྱི་བསྟན་པ་ཡང་སྤེལ་མྱོང་ལ། རི་དེའི་སྟེང་དུ་ད་དུང་དགོན་པ་ཞིག་ཀྱང་ཡོད། ང་ཚོའི་ཕ་ཡུལ་གྱི་སྲིན་པོ་རི་ཞེས་པའི་མིང་འདི་ཡང་ཏུང་ཧོང་གཏེར་ཡིག་ཏུ་ཡོད་པ་དང་། ཡུལ་འདིར་ཡང་རྙིང་མ་དང་བཀའ་བརྒྱུད། ས་སྐྱ་སོགས་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་དར་མྱོང་བས། ཡུལ་འདི་ནི་གནའ་དུས་སུ་ལོ་རྒྱུས་ཀྱི་གནས་གཞི་འགངས་ཆེན་ཞིག་དང་ཆོས་ལུགས་ཀྱི་ཚིགས་མལ་གལ་ཆེན་ཞིག་ཡིན་པ་ཡང་རྟོགས་ཐུབ།  

2023ལོའི་ཟླ7པའི་ཚེས10ཉིན་མ་ཡིག་བྲིས།

2024ལོའི་ཟླ4པའི་ཚེས29ཉིན་ཞུ་དག་བྱས།

རྡོ་རིང་པདྨ་དབང་ཆེན། མདོ་སྨད་གཅན་ཚ་རུ་སྐྱེས། 1998ལོར་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་གཞི་རིམ་དུ་དགེ་རྒན་གྱི་བྱ་བ་བསྒྲུབས། 2007ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་གནས་སྤར་ཏེ་རྩོམ་སྒྲིག་པའི་ལས་ཀ་བསྒྲུབས། ལས་ཞོར་དུ་ལྷུག་རྩོམ་དང་དཔྱད་རྩོམ་སྐོར་ཞིག་བོད་ཁུལ་གྱི་དུས་དེབ་དག་ཏུ་བཀོད་མྱོང་།《བོད་ཀྱི་དེང་རབས་ལྷུག་རྩོམ་གྱི་བྱུང་འཕེལ་དང་འབྲེལ་ནས་དེའི་རིགས་དབྱེ་དང་ཁྱད་ཆོས་ལ་དཔྱད་པ》དང《ང་དང་ལྷུག་རྩོམ་བར་གྱི་ལས་འབྲེལ》《ལྷུག་རྩོམ་གྱི་རང་མདངས》《ཕ་མཚེར་གྲུ་བཞིའི་ལས་བསྐོས》《ཚིག་གི་རླབས་དང་བརྗོད་བྱའི་དཔངས》 སོགས་ལྷུག་རྩོམ་ཐད་ཀྱི་དཔྱད་རྩོམ་སྐོར་ཞིག《མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རིག་དེབ》དང《སྦྲང་ཆར》སོགས་ཀྱི་སྟེང་དུ་བཀོད་མྱོང་ལ། ལྷུག་རྩོམ་ཕྱོགས་བསྒྲིགས་དེབ《དབུས་ལམ་རིང་མོ》2020ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།