ཉིན་འདི་འགར། ངས་གློ་བུར་གློ་བུར་དུ་ཉེན་ཁ་གང་ཞིག་ཚོར་ཡོང་།
གཅིག་ཏུ་ན་ངས་ནི་དུས་སྔ་མོ་ཞིག་ནས་ཉེན་ཁ་དེ་ཚོར་ཡོད་ཀྱང་སྲིད། གང་ལྟར། ད་ནི་ཉེན་ཁ་དེ་ནེ་ལེས་ཨབ་ཤར་སྒུག་པའམ། བྱི་ལ་བྱི་བར་འཇབ་པའམ། ཡང་ན་ཅེ་སྤྱང་གཟན་ལ་འདུར་བའི་བཟོད་སྟོབས་ཤིག་གིས་ངའི་ཉེ་འཁོར་ག་ལ་བ་ཞིག་ཏུ་གབ་སྟེ་ཡོད་པ་ཏན་ཏན་རེད་ལ། དུས་ཐོག་ཐག་ཏུ་ང་ལ་གླགས་ལྟ་ཞིང་གླགས་འཚོལ་བའི་ལས་འབའ་ཞིག་ལ་སྲོ་བསྒྲིམས་ཏེ་ཡོད་པའང་ངས་ཇི་བཞིན་དུ་ཚོར་ཡོང་། དེ་ནི་སུ་ཞིག་གིས་མུན་ཁྲོད་ནས་ཁྱོད་ཀྱི་ཕྱི་རྗེས་སྙེག་པའམ། སུ་ཞིག་གིས་ཁྱོད་ཀྱིས་མི་མཐོང་བའི་གནས་གང་ཞིག་ཏུ་ཁྱོད་ཁོ་ན་མིག་གིས་འཚོས་ཏེ་ཡོད་པ་ལྟ་བུ་ཞིག་སྟེ། དུས་དང་རྣམ་པ་ཀུན་ཏུ་ཁྱོད་ལ་ཀླན་ཀ་དང་བྲེད་ཤ་ངེས་ཅན་ཞིག་སློང་བར་བྱེད། ཉེན་ཁ་དེ་ད་ལྟའི་དུས་ཀྱི་ཆ་ཤས་སྐད་ཅིག་མ་འདི་རང་དུ་འབྱུང་སྲིད་པ་འདྲ་ལ། མ་འོངས་པའི་ཆུ་ཚོད་དུ་མ་ཞིག་གི་རྗེས་ནས་འབྱུང་སྲིད་པའང་འདྲ། ཡང་ན་སང་ངམ་གནངས་སམ། དེ་ལས་ཀྱང་རིང་བའི་ལོ་རྒྱུས་ཀྱི་ཚིགས་མལ་གང་ཞིག་ཏུ་འབྱུང་མི་སྲིད་པའི་ངེས་པའང་ཡེ་མེད་ཚོད་རེད། དྲང་མོར་བཤད་ན། འདིའང་གཙོ་བོ་མ་རེད། གཙོ་བོ་ནི་ཉེན་ཁ་འདིས་ང་དང་ངའི་འཚོ་བ། ངའི་གྲོགས་པོ། ངའི་ཕ་མ། ངའི་སྤུན་མཆེད། ངའི་ཕ་ཡུལ། ད་དུང་ང་རང་རྟེན་འཆའ་བའི་གྲོང་ཁྱེར་འདི། གྲོང་ཁྱེར་འདིའི་མི་དམངས། མི་དམངས་དེ་དག་གི་བཟའ་ཚང་། མི་དམངས་དེ་དག་གི་བུ་ཕྲུག མི་དམངས་དེ་དག་གི་མཛའ་ན་མོ། མི་དམངས་དེ་དག་གི་ཁང་ཁྱིམ། མི་དམངས་དེ་དག་གི་ནོར་གྱི་བྱེ་བྲག་སོགས་ཡོད་ཚད་ཀྱི་ཡོད་ཚད་ལ་བརྣག་པར་དཀའ་བའི་ཆག་ཆེ་ཉམ་ང་སྐྱི་གཡའ་བ་ཞིག་བཟོ་སྲིད་པ་དེ་རེད། དེས་ན། ཆག་སྒོ་དེ་འདྲ་བ་ནི་ཅི་ནས་ཀྱང་བཅོས་སུ་མེད་ལ་གྱོང་གུད་དེ་ལྟ་བུ་ནི་སུས་ཀྱང་འཁུར་དུ་མི་བཏུབ་པ་ཞིག་ཡིན་ངེས། དེ་ལྟ་མོད་ཀྱང་། ཞིབ་ཏུ་བསམས་ན། ང་རང་ཉེན་ཁ་འདིར་དེ་ཙམ་གྱིས་སྐྲག་དགོས་པའང་ཆེར་མི་འདུག་སྙམ། རྒྱུ་མཚན་ནི། ད་ནི་ངས་ཉེན་ཁ་འདི་རང་ཉིད་ཀྱི་མཐའ་འཁོར་གང་ཞིག་ཏུ་བསྐུངས་ཡོད་པ་གསལ་བོར་ཚོར་ཡོད་པར་མ་ཟད། དུས་དང་གནས་ངེས་མེད་དུ་རྒྱུ་དང་རྐྱེན་གང་རུང་གི་གླགས་ལ་བརྟེན་ནས་ང་ལ་ཆག་སྒོ་ཅི་རིགས་ཤིག་སློང་སྲིད་པའང་གསལ་བོར་རྟོགས་ཡོད་པས། ང་ལ་མཚོན་ན། ད་ནས་བཟུང་ཉེན་ཁ་འདིར་དོགས་ཟོན་དང་སྟ་གོན་གང་འཚམས་རེ་བྱས་ཏེ་བསྡད་པས་ཆོག་གིས། དེ་ཙམ་གྱིས་སྐྱི་གཡའ་བ་དང་ཡི་མུག་པའང་ཆེར་མི་དགོས་སྙམ། འོན་ཏེ། ང་རང་བློ་མི་བདེ་བ་ཞིག་ནི་རང་ཉིད་གཅིག་པུ་མ་གཏོགས། ངའི་ཕ་མ་དང་སྤུན་མཆེད། མཛའ་བཤེས། ད་དུང་གྲོང་ཁྱེར་འདི་སོགས་ཀྱིས་ཉེན་ཁ་འདི་བསླེབ་ལ་ཉེ་བ་ཡེ་ནས་ཚོར་གྱི་མེད་པ་དེ་རེད། ངའི་ཕ་མ་སོགས་ཀྱིས་ཉེན་ཁ་འདི་ཚོར་གྱི་མེད་པའི་དོན་འདི་ཉིད་མ་གཞི་ནས་ཉེན་ཁ་ཞིག་ཡིན་པའང་ངས་གསལ་བོར་ཤེས་ཡོད། རྣམ་པ་གཅིག་ཏུ་ན། ཉེན་ཁ་འདི་ཚོར་མཁན་ང་ཁོ་ན་ལས་མེད་པར་ཐག་བཅད་ནའང་དེ་འདྲའི་འོས་འཚམས་ཤིག་མིན་ཏེ། ངས་བལྟས་ན། ཁྭ་ཏ་དེ་དག་གིས་ཉེན་ཁ་འདི་ཅིས་ཀྱང་ཚོར་ཡོད་ངེས་རེད་སྙམ།
རེད་ཨ། ངས་དུས་ནམ་ཞིག་ནས་བཟུང་ཁྭ་ཏ་དེ་དག་ལ་ཡིད་འཇོག་བྱུང་བ་ཡིན་ནམ། ངས་ཅི་ཡང་དྲན་གྱིན་མི་འདུག འོ་ན། ཁྭ་ཏ་དེ་དག་ནི་དང་པོ་ཙ་ནས་གཞིས་ཁུལ་འདིའི་སྦྱར་སྡོང་མཐོན་པོ་དེ་དག་གི་རྩེ་རུ་གནས་བཅས་ཏེ་ཡོད་དམ། ཡང་ན། ཕྱིས་ཀྱི་དུས་ནམ་ཞིག་ལ་གནས་གང་ཞིག་ནས་སྦྱར་སྡོང་མཐོན་པོ་འདི་དག་གི་རྩེ་རུ་འཕུར་ཡོང་བ་ཡིན། འདིའི་ཐད་ལའང་ངས་ཡིན་མིན་གྱི་འོལ་ཚོད་ཅི་ཡང་མི་ཕོད། གང་ལྟར། ཕ་ཡུལ་གྱི་མི་རྣམས་ཀྱིས“བྱ་ཁྭ་ཏའི་ཁ་ན་གཏམ་སྙན་མེད”ཟེར་བ་ནི་ངོ་མ་བདེན་པ་འདྲ་སྟེ། ཧ་ལམ་ངས་ཉེན་ཁ་འདིར་ཡིད་འཇོག་བྱུང་བའི་དུས་ནམ་ཞིག་གི་ཚེ་ནས་བཟུང་། ཁྭ་ཏ་དེ་དག་གིས་ཀྱང་ཉེན་ཁ་འདི་ཚོར་ཏེ་ཕ་གིའི་སྦྱར་སྡོང་རེངས་པོ་དེ་དག་གི་རྩེ་རུ་གྲོང་ཁྱེར་འདིའི་བར་སྣང་ལ“ཀྭ—ཀྭ”ཞེས་པའི་ཉེན་བརྡ་གཏོང་ཞིང་མཆིས། ཡང་གཅིག་བཤད་ན། ཁྭ་ཏ་དག་གིས་ནི་དུས་རབས་མང་པོའི་སྔོན་ནས་བཟུང་ཉེན་ཁ་འདི་ཚོར་ཡོད་ཀྱང་སྲིད་དེ། མི་རབས་ནས་མི་རབས་བར་ང་ཚོའི་ཐོས་འཛིན་གྱི་ལམ་དུ་ཁྭ་ཏ་དག་གི“ཀྭ—ཀྭ”ཞེས་པའི་འོ་དོད་ཀྱི་སྒྲ་འདི་འཇགས་མ་མྱོང་བ་མ་ཡིན་ནམ། ཡིན་ཡང་། མི་རྣམས་ཀྱིས་ད་དུང་ཡང་ཉེན་ཁ་འདི་ཚོར་གྱི་མི་འདུག་ལ། ཁྭ་ཏ་དག་གི“ཀྭ—ཀྭ”ཞེས་པའི་ཉེན་བརྡ་དེའང་སྣང་ལ་མ་ངེས་པའི་ཚུལ་དུ་བསྐྱུར་ཅི་ཐུབ་བྱེད། དེར་བརྟེན། ངས་རང་ཉིད་ཀྱིས་ཉེན་ཁ་འདི་ཚོར་བ་ནི་ཅིས་ཀྱང་དགའ་འོས་པའི་དོན་བཟང་ཞིག་རེད་ཨང་སྙམ།
“ཀྭ—ཀྭ ཀྭ—ཀྭ”
ད་ནངས་ཞོགས་པར། ང་རང་རྡོ་ཁང་གྲུ་བཞི་འདིར་གཉིད་ལས་སད་དུས། ཁྭ་ཏ་དེ་དག་གིས་སྔ་མོ་ནས་གྲོང་ཁྱེར་འདིའི་འུར་ཟིང་དང་ཐལ་རྡུལ་གྱི་ཀློང་ལ་གཅོང་སྐད་བར་མེད་དུ་རྒྱག་བཞིན་འདུག དེ་མ་ཐག ངས་ཡང་བསྐྱར་ཉེན་ཁ་དེ་ཚོར་ཡོང་ལ། ཉེན་ཁ་དེ་རང་ཉིད་དང་ཉེ་བར་གཅར་བཞིན་པའང་གསལ་བོར་ཚོར་བྱུང་། འོན་ཏེ། ཉེན་ཁ་དེས་ནི་ངས་ཁོ་ལ་ཟོན་འདི་ཙམ་ཞིག་བྱས་ཡོད་པ་རྨི་ལམ་དུའང་འཁོར་མི་སྲིད་སྙམ་ན། ངས་ནི་ཅི་ཡིན་འདི་ཡིན་མེད་པར་ཁོང་དགོད་ཡང་ཡང་བྱ་དགོས་པར་གྱུར། འོ་རེད། ང་རང་སྡོད་སའི་རྡོ་ཁང་གྲུ་བཞི་འདི་ནི་གྲོང་ཁྱེར་འདིའི་བས་མཐར་ཆགས་པའི་གཞིས་ཁུལ་རྙིང་པ་ཞིག་ཏུ་ཡོད་ལ། གཞིས་ཁུལ་རྙིང་པ་འདིར་སུ་ཞིག་གི་རིང་ནས་བཙུགས་མིན་ཆ་མི་འཚལ་བའི་སྦྱར་སྡོང་ཐར་ཐོར་ཞིག་འདི་གའི་ཐོག་ཁང་དག་ལ་དོ་བསྡོ་བའི་ཟོལ་གྱིས་མཐོན་པོར་སྐྱེས་ཡོད། ནམ་ཟླ་དགུན་ལ་བསླེབས་པའི་དུས་ནམ་ཞིག་ནས་བཟུང་། སྦྱར་སྡོང་མཐོན་པོ་དེ་དག་གི་ལོ་མ་རྣམས་ལྗང་ནེམ་ནེམ་དུ་ཡོད་སྒང་ལ་གློ་བུར་སྔོ་སྐམ་དུ་གྱུར་ནས་ས་རུ་ཟགས་པས། ད་ནི་སྦྱར་སྡོང་འདི་དག་ནི་རིང་ནས་འབྲས་སྐྲན་གྱིས་བཏབ་པའི་ནད་པ་སུ་ཞིག་གི་ལུས་ཀྱི་བ་སྤུ་བྱི་བ་བཞིན་སྐམ་ཞིང་སྒྲེན་པོར་ལུས་འདུག་ལ། སྐམ་ཞིང་རིད་པའི་སྦྱར་སྡོང་སྒྲེན་པོ་འདི་དག་གི་གེལ་བ་རེངས་པོའི་བར་བར་དུ། ནམ་ཞིག་གང་ནས་འཕུར་འོངས་པ་ཡང་མི་ཤེས་པའི་ཁྭ་ཏ་སྐོར་ཞིག་བབས་ཏེ“ཀྭ—ཀྭ”ཡི་གཅོང་སྐད་རྒྱག་གིན་འདུག ཉམས་སྣང་ཞིག་ལ། ཁྭ་ཏ་དེ་དག་གི་གཅོང་སྐད་ནི་སྐྲན་ནད་ཀྱིས་བཏབ་པ་ལྟ་བུའི་སྦྱར་སྡོང་འདི་དག་གི་སྨྲེ་སྔགས་ལོས་ཡིན་སྙམ་པ་ཞིག་ཀྱང་དུས་དུས་སུ་སྐྱེས་འོངས། ཁྭ་ཏ་དེ་དག་ནི་དུས་ནམ་ཞིག་ལ་གནས་གང་ཞིག་ནས་ཕ་གིའི་སྦྱར་སྡོང་རེངས་པོ་དེ་དག་གི་རྩེ་རུ་འཕུར་འོངས་པ་ཡིན་ནམ། སྐབས་འདིར་ང་རང་རྡོ་ཁང་གྲུ་བཞི་འདིའི་སྒེའུ་ཁུང་གི་ཁ་གཏད་དུ་འགྲེང་ཞིང་། ཕ་གིའི་སྦྱར་སྡོང་རེངས་པོ་དེའི་རྩེ་རུ་བབས་པའི་ཁྭ་ཏ་དེ་དག་ལ་ལྟ་བཞིན་འདི་ལྟར་བསམ་བློ་བཏང་། ཁྭ་ཏ་དེ་དག་ནི་གྲོང་ཁྱེར་འདིའི་འདབས་འབྲེལ་གྲོང་ཚོ་གང་ཞིག་ནས་འཕུར་འོངས་པ་ཡིན་ནམ། ཡང་ན། གྲོང་ཁྱེར་གཞན་ཞིག་ནས་ང་རང་རྟེན་འཆའ་སའི་གྲོང་ཁྱེར་འདིར་འཕུར་འོངས་པ་ཡིན། དེ་མིན་ན། ཁྭ་ཏ་དེ་དག་ནི་ང་དང་རྒྱང་ཐག་རིང་བའི་གངས་རིའི་འདབས་ཀྱི་འབྲོག་ཁྱིམ་ཕྱུག་པོ་ཞིག་གི་ཆོན་མགོ་ནས་འཕུར་འོངས་པ་ཡིན་སྲིད་དམ། འདིའང་ཡེ་མི་སྲིད་པ་མིན་ཏེ། ངའི་ཕ་ཡུལ་གྱི་མི་རྣམས་ནི་ཁྭ་ཏ་དག་གནས་གཞན་ལ་སྐྲོད་པར་ཤིན་ཏུ་དགའ་བ་ཡིན། རྒྱ་ལ་དེ་ལྟར་ཡིན་ན་ནི། ཁྭ་ཏ་འདི་དག་ནི་འབྲོག་ཁྱིམ་ཕྱུག་པོ་དེ་ཚང་གི་ཁྱིམ་བདག་མ་ཞོགས་པའི་བཞོན་ལ་འགྲོ་དུས་ཐན་བྱ་ཞེས་དཀྲོགས་འོངས་པ་ཡིན་སྲིད་ལ། དེ་ནི་ཧོར་བྱ་ཁྭ་ཏ་ནག་ཆུང་སྐྱ་ལོ་སེང་ལྕམ་འབྲུག་མོས་གཡུ་སྦྲ་མཐིང་ཤོག་གོང་དགུའི་སྦྲ་འདབས་ནས་དཀྲོགས་པ་ལྟ་བུ་ཞིག་ཀྱང་ངེས་པར་ཡིན་ངེས། རེད་ཨ། དེ་ལྟར་བསམས་ན། འདི་དག་ནི་གཡུ་ཆུང་ནམ་མཁའ་འོད་ཆུང་ཧོར་ལ་ཁུར་བའི་ཁྭ་ཏ་དེའམ་དེའི་རབས་རྒྱུད་གང་ཞིག་མིན་པར་ཡང་སུ་ཞིག་གིས་ཁ་ཚོན་ཆོད་ཨང་། དེས་ན། འབྲོག་ཁྱིམ་ཕྱུག་པོ་དེ་ཚང་གི་ཁྱིམ་བདག་མ་དེས་འབྲུག་མོས་ཧོར་གྱི་ཆག་སྒོ་ཚོར་བ་ནང་བཞིན་ཁྭ་ཏ་དེ་ཉེན་ཁ་གང་ཞིག་གི་སྔ་ལྟས་ཡིན་པ་ཚོར་ཡོད་དམ། གང་ལྟར། ངས་ནི་ཕ་གིའི་སྦྱར་སྡོང་རེངས་པོ་དེའི་རྩེ་རུ་བབས་པའི་ཁྭ་ཏ་དེ་དག་མཐོང་བ་ན། ཉེན་ཁ་དེ་རང་ཉིད་ཀྱི་ཉེ་འགྲམ་ག་ལ་བ་ཞིག་ན་རྔོན་པ་ཇི་བཞིན་གབ་སྟེ་ཡོད་པ་ཚོར་ཡོང་ལ། མ་འོངས་པའི་དུས་ཀྱི་ཆ་ཤས་གང་རུང་ཞིག་ཏུ་ང་ལ་བློ་ཡུལ་ལས་འགོངས་པའི་ཆག་སྒོ་གང་ཞིག་སློང་སྲིད་པའི་ཕུ་ཐག་ཀྱང་རྦད་ཀྱིས་ཆོད།
དེ་བས། ང་རང་མུ་མཐུད་དུ་ཁྭ་ཏ་དེ་དག་ལ་གཡེངས་ནས་མ་བསྡད་པར། ལམ་སང་ཁྲུས་སྟབས་བདེ་ཞིག་བརྒྱབ་རྗེས་ཕྱི་རོལ་ཏུ་སོང་བ་ཡིན། རང་ཉིད་སྡོད་སའི་ཤག་མིག་ཆུང་ངུ་དེ་ནས་ཁང་པ་འདིའི་ཕྱི་སྒོའི་བར་དུ་སྐྱོད་པའི་ལམ་བར་དུ། ང་ལ་དམིགས་བསལ་གྱི་ཉེན་ཁ་ཅི་ཡང་མ་བྱུང་། འདི་ནི་ཅིས་ཀྱང་དགའ་འོས་པའི་དོན་ཞིག་ཅི་ལ་མིན། དེ་བས། ངས་ནི་དགའ་སྣང་གློ་བུར་བ་ཞིག་དང་བཅས་ཁང་པ་འདིའི་ཕྱི་སྒོ་ཐོལ་གྱིས་ཕྱེ་ཙ་ན། ཕྱི་རོལ་ནས་བུད་མེད་ཅིག་གི་འོ་དོད་ཕྲ་ཞིང་རྣོ་བ་ཞིག་མཆེད་འོངས་པ་དང་། སྒྲོལ་མ་གློ་བུར་དུ་ངའི་མཐོང་ལམ་དུ་མངོན་བྱུང་། མོའི་གདོང་ན་སྔོན་ཏག་ཏག་ལ་སྐྲག་སྣང་གཟིལ་བུན་པ་ཞིག་བྱུང་བའི་རྗེས་ཤུལ་ད་དུང་ཡལ་མི་འདུག་ལ། ཅུང་བརྟབས་པའི་ངག་གིས“ཁྱོད་དེ་འདྲ་ཞིག་བྲེལ་ནས་ཅི་བྱེད། དམག་གིས་བདས་བྱུང་ངམ”ཟེར་ཞིང་། དེ་ནས་ལྕགས་ཀྱི་སྒོ་གླེགས་གྲུ་བཞི་དེར་ལྟ་ཙམ་བྱས་རྗེས“ཏོག་ཙམ་མིན་ན་སྒོ་འདིས་ང་ལ་འགྲམ་ལྕག་ལྟ་བུ་ཞིག་གཞུས་བྱུང་། ཨ་ཙི། ཇི་འདྲའི་ཉེན་ཁ་ཆེ་བ་ལ་ཨང”ཞེས་ང་ལ་ཕྱོགས་ནས་འཛུམ་ཙམ་བྱེད། སྒྲོལ་མའི“ཇི་འདྲའི་ཉེན་ཁ་ཆེ་བ་ལ་ཨང”ཞེས་པའི་སྐད་ཆ་འདིས་ང་ལ་ཅི་ཡིན་མི་ཤེས་པའི་བདེན་སྣང་ཁྱད་པར་བ་ཞིག་བསྟབས་འོངས་ལ། སྔོན་ཏག་ཏག་ལ་ཅུང་ཙམ་མིན་ན་དངོས་གནས་ཉེན་ཁ་དེ་བྱུང་སོང་ཨང་སྙམ་པའི་བྲེད་ཤ་ཞིག་ཀྱང་ད་ནི་སེམས་ཀྱི་ག་ཤེད་ཅིག་ནས་འཁྱུག་ཙམ་འཁྱུག་ཙམ་བྱས་ཡོང་། དེ་མ་ཐག་ངས་སྒྲོལ་མར“ཉིན་འདི་འགར་དངོས་གནས་ཉེན་ཁ་ཆེ་ཙམ་འདུག་ཨང”ཞེས་བརྗོད་དུས། སྒྲོལ་མ་སྔ་མོ་ནས་རང་ཉིད་ཀྱི་ཁང་མིག་ཆུང་ངུ་དེར་ཕྱིན་ཚར་འདུག་པས། ང་ནི་རང་ཉིད་ཀྱི་སྐད་ཆ་དེར་སེར་སྣ་ལྟ་བུའི་བློ་འགྱོད་ངེས་ཅན་ཞིག་སྐྱེས་བྱུང་། འོན་ཏེ། ཅང་མ་འགོར་བར་སྒྲོལ་མས་གློ་བུར་དུ་ཅི་ཞིག་དྲན་པའི་ཟོལ་གྱིས་རང་ཉིད་ཀྱི་ཁང་མིག་ཆུང་ངུ་དེའི་སྒོ་ཕྱེ་ཙམ་བྱས་ཤིང་། དེ་ནས་སྒོའི་ཧྲག་བར་ལས་མགོ་བོ་ཕྱིར་བསྲིངས་ཏེ“ཉིན་འདི་འགར་ང་ལ་ཉེན་ཁ་ཞིག་ཡོད་ཚེ། དེ་ནི་ཁྱོད་རང་ཡིན་ངེས”ཟེར།
སྒྲོལ་མ་ནི་ནམ་ཡང་འདི་ལྟར་མི་གཞན་ལ་ཀྱལ་ཀ་སློང་བར་དགའ་བའི་བུ་མོ་ཞིག་ཡིན། ངས་དེ་ནི་མོའི་ལས་ཀ་དང་འབྲེལ་བ་ངེས་ཅན་ཞིག་མེད་གྲང་སྙམ། སྒྲོལ་མས་བཤད་ན། མོ་ནི་གྲོང་ཁྱེར་འདིའི་བོད་ཀྱི་ནང་མ་ཁང་ཞིག་གི་འཁྲབ་སྟོན་པ་ཡིན་ལ། གཙོ་བོ་གླུ་དང་ཞབས་བྲོ་སོགས་འཁྲབ་སྟོན་གྱི་ལས་ཀ་བྱ་དགོས་པ་ལ། སྐབས་སྐབས་སུ་ཞལ་ཏ་མའི་ལས་ཀ་བསྒྲུབ་དགོས་པའི་དུས་ཀྱང་ཡོད་ཟེར། གང་ལྟར། སྒྲོལ་མས་རྣམ་ཀུན་མཚན་ཐོག་ཐག་ལ་ལས་ཀ་བསྒྲུབས་ཤིང་ཉིན་ཧྲིལ་པོར་ངལ་གསོ་བཞིན་ཡོད་པས། ང་དང་སྒྲོལ་མ་ནི་གྲོང་ཁྱེར་འདིའི་གདགས་སྲིབ་ཀྱི་ངོས་གཉིས་ན་ཡོད་པར་སྨྲས་ཀྱང་ཆོག སྒྲོལ་མ་ཕུད། ད་དུང་སྐྱེས་པ་གཞན་ཞིག་ཡོད་པ་དེ་ཁང་པ་འདིའི་ཤག་མིག་གསུམ་པ་རུ་བསྡད་ཡོད། ངས་སྐྱེས་པ་དེའི་མིང་ལ་ཅི་ཞིག་འབོད་པ་མི་ཤེས་ལ། ཡུལ་དང་ས་ཕྱོགས་གང་ནས་ཡིན་པའང་མི་ཤེས། ད་དུང་གཉེན་དང་ཉེ་དུ་སུ་ཞིག་ཡོད་པ་དང་། ད་ལྟའི་ལས་ཀ་ཅི་ཞིག་ཡིན་པ་སོགས་ལའང་ཆ་འཇོག་ཅི་ཡང་མེད་པས། ང་ལ་མཚོན་ན། སྐྱེས་པ་དེ་ནི་མ་གཞི་ནས་མེད་པ་དང་གཉིས་སུ་མེད། སྒྲོལ་མས་བཤད་ནའང་སྐྱེས་པ་དེ་ནི་ཧ་ཅང་ལྐོག་གྱུར་ཞིག་རེད་ཟེར། དེས་ན། སྐྱེས་པ་ལྐོག་གྱུར་འདི་དང་། ང་། ད་དུང་སྒྲོལ་མ་སྟེ། ངེད་གསུམ་གྱིས་ཁང་ཁྱིམ་འདིའི་ཤག་མིག་རེ་རེ་བོགས་མར་བླངས་ཏེ་ཁྱིམ་གཞིས་གཅིག་ལྟ་བུའི་གནས་སྟངས་ཤིག་གིས་བགྲང་བྱ་གསུམ་ཙམ་གྱི་དུས་ཡུན་བསྐྱལ་ཟིན་མོད། འོན་ཏེ། ང་ལ་ངེད་གསུམ་ག་ཁང་ཁྱིམ་གཅིག་ཏུ་ཡོད་པའི་ཉམས་སྣང་ཁྱད་པར་བ་ཅི་ཡང་མ་བྱུང་། ཡང་གཅིག་བཤད་ན། འདི་ནི་གྲོང་ཁྱེར་འདིའི་མི་ཕལ་མོ་ཆེའི་གནས་སྟངས་སྤྱིར་བཏང་བ་ཞིག་ཡིན་པས་དེ་ཙམ་གྱིས་མཚར་དུ་འཛིན་དགོས་པའང་ཅི་ཡང་མེད། ཚད་ངེས་ཅན་ཞིག་ནས་བཤད་ན། ང་ཚོ་ནི་ཕ་གིའི་ཁྭ་ཏ་དེ་དག་དང་ཤིན་ཏུ་མཚུངས་ཏེ། ང་ཚོས་ཁང་ཁྱིམ་འདིའི་ཤག་མིག་རེ་རེར་རང་ཉིད་ལ་དབང་བའི་གནས་མལ་ཆུང་ངུ་རེ་བཟུང་ཡོད་པ་ནི་དོན་དུ་ཁྭ་ཏ་དེ་དག་གིས་སྦྱར་སྡོང་དེ་རྣམས་ཀྱི་ཡལ་ག་རུ་རང་ཉིད་རྟེན་འཆའ་སའི་བྱ་ཚང་རེ་བཟོས་ཡོད་པ་དང་ཁྱད་ཅི་ཡང་མི་འདུག འོ་ན། ང་ཚོས་ཕ་གིའི་ཁྭ་ཏ་དེ་དག་ནང་བཞིན་ཉེན་ཁ་དེ་ཚོར་ཡོད་དམ། འདི་ནི་ཅིས་ཀྱང་བཤད་དཀའ་བ་ཞིག་རེད། འོན་ཏེ། ཆེས་མ་མཐའ་ཡང་། ང་དང་ཁང་ཁྱིམ་གཅིག་ཏུ་གྱུར་པའི་སྐྱེས་པ་ཆ་མེད་དེ་དང་སྒྲོལ་མ་གཉིས་ཀས་ཉེན་ཁ་འདིའི་ཕྱོགས་ཙམ་ཡང་ཚོར་གྱི་མེད་པ་ངེས་གཏན་རེད།
ཁང་པ་འདིའི་སྒོའི་ཕྱི་རོལ་ནས་བཟུང་སྟེ་གྲོང་ཁྱེར་གྱི་མགོ་བརྩམས་པ་ཡིན། ཡང་ན། གྲོང་ཁྱེར་ནི་རང་ཉིད་སྡོད་སའི་ཤག་མིག་ཆུང་ངུ་དེའི་སྒོ་ཐེམ་ཙམ་ཞིག་ནས་མགོ་བརྩམས་ཡོད་ཀྱང་སྲིད། གང་ལྟར། ང་རང་ཉིད་ཀྱི་ཤག་མིག་ཆུང་ངུ་དེ་ནས་སྒོར་ཐོན་ཞིང་ཁང་པ་འདིའི་སྒོ་དྲུང་ནས་སྒྲོལ་མ་དང་གདོང་ཐུག་རྒྱག་ལ་ཁད་ཅིག་བྱས་པ་དེ་ཡོད་ཚད་དོན་དུ་གྲོང་ཁྱེར་རེད། གནད་འདི་ངས་གསལ་བོར་ཤེས་ཡོད། དེར་མ་ཟད། ཇི་སྲིད་གྲོང་ཁྱེར་དང་ཉེ་བར་བཅར་བ་དེ་སྲིད་དུ་ཉེན་ཁ་དེའང་རིམ་བཞིན་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པ་ངས་མངོན་སུམ་དུ་ཚོར་ཡོང་། ཡིན་ཡང་། ང་ནམ་རྒྱུན་བཞིན་གཞིས་ཁུལ་འདིའི་ར་སྐོར་བརྒྱུད་ནས་གཞུང་ལམ་གྱི་འགྲམ་དུ་བུད་ཅིང་། རྐང་འཁོར་དང་གློག་རྟ་མང་པོ་རྡང་ལ་བཏགས་པ་ལྟར་བསྒྲིགས་པའི་ལམ་འགྲམ་དེ་དེད་ནས་མདུན་ལ་སོང་བ་ཡིན། མདུན་ཕྱོགས་ན་ཉེན་ཁ་ཅི་ཞིག་ཡོད་པ་ངས་མི་ཤེས་ལ། ཉེན་ཁ་དེ་དུས་ནམ་ཞིག་ལ་འབྱུང་སྲིད་པར་ཡང་སུ་ཞིག་གིས་ཁ་ཚོན་ཆོད། འོན་ཏེ། ང་འདི་ལྟར་ལམ་འགྲམ་གྱི་སྡོང་འོག་མྱུལ་ནས་མདུན་ལ་སྐྱོད་པ་ནི་མཐར་གཏུགས་ན་ཉེན་ཁ་གང་ཞིག་དང་འགྲོགས་ནས་སྐྱོད་བཞིན་པ་ངས་གསལ་བོར་རྟོགས་ཡོད། ཧ་ལམ་སྐབས་འདི་ཙམ་ཞིག་ལ། གྲོང་ཁྱེར་འདིའི་བར་སྣང་གི་ཆ་གང་ཞིག་ནས“ཀྭ—ཀྭ”ཞེས་པའི་ཁྭ་ཏའི་སྐད་སྒྲ་ཞིག་དུས་དུས་སུ་མཆེད་འོངས་པས། ངས་རིངས་པ་རིངས་པར་མགོ་བོ་ཡར་དགྱེ་ནས་ཕྱོགས་ཕྱོགས་སུ་བལྟས་མོད། འོན་ཀྱང་། ཕར་བལྟས་ཀྱི་མིག་ལ་ཁ་དོག་སྐྱ་བོ་ཞིག་དང་། རབ་རིབ་དང་བན་བུན་གྱི་ཅི་ཞིག་ལས། གཞན་ཁྭ་ཏ་དེ་ལོས་ཡིན་སྙམ་པའི་མཐོང་སྣང་ཅི་ཡང་མ་བྱུང་། དེ་ལྟ་མོད་ཀྱང་། སྐབས་ཐོག་འདིར། ང་ལ་ཏག་ཏག་ཁྭ་ཏ་གང་དེའི་སྐད་ཅོར་འབའ་ཞིག་གིས་ད་གཟོད་ཅི་ཡིན་མི་ཤེས་པའི་རེག་བྱ་འཇམ་པོ་ཞིག་བསྟབས་འོངས།
“ཨ་ཙི། གཅེས་ཕྲུག གཟབ་གཟབ་གནོངས་དང་། ཇི་འདྲའི་ཉེན་ཁ་ཆེ་བ་ལ་ཨང”
བར་སྐབས་ཤིག་ལ། ངའི་ཉེ་འགྲམ་གང་ཞིག་ནས་བུད་མེད་ཁྱི་གུ་པང་བ་ཞིག་གིས་འདི་ལྟར་སྐད་བརྒྱབ་བྱུང་། མོས་རང་ཉིད་རྒྱབ་ཏུ་བསྐྱུར་ནས་བར་ཐག་ངེས་ཅན་ཞིག་ཏུ་རྒྱུག་གིན་པའི་ཕྲུ་གུ་དེར་ལྟ་བཞིན་ཧ་ཅང་བྲེད་སྔངས་ལངས་པའི་རྣམ་འགྱུར་སྟོན། བུད་མེད་འདིའི་སྐད་ཆས་ཀྱང་སྒྲོལ་མའི་སྐད་ཆ་དེ་དང་འདྲ་བར་ང་ལ་བདེན་སྣང་ཁྱད་པར་བ་ཞིག་ཞིག་བསྟབས་འོངས་ཏེ། ཆེས་མ་མཐའ་ཡང་བུད་མེད་འདིས་ད་ལྟའི་གནས་སྐབས་འདི་ཉིད་དུ་ཉེན་ཁ་གང་ཞིག་འབྱུང་སྲིད་པ་ཚོར་ཡོད་ཚོད་རེད། འོན་ཏེ། ངའི་ཉམས་སྣང་ཞིག་ལ། སྐབས་འདིར་ཉེན་ཁ་ཆེས་ཆེ་བ་ནི་ཕྲུ་གུ་དེས་ཨ་མ་ཤུལ་དུ་བསྐྱུར་ནས་སྔོན་ལ་བརྒྱུགས་སོང་བ་དེ་མ་ཡིན་པར། ཨ་མ་དེའི་པང་གི་སྲིང་བལ་ཚོམ་བུ་ཞིག་དང་འདྲ་བའི་ཁྱི་གུ་དེ་རེད་ཨང་སྙམ་བྱུང་། ཁྱི་གུ་དེའི་ལུས་ཀྱི་ས་སྤུ་སྦོས་ནས་མིག་དང་མཚུལ་བའང་བསྒྲིབས་ལ་ཉེ་བའི་བཟོ་ལྟ་དེ། ང་ལ་མཚོན་ན་ཧ་ཅང་ཉེན་ཁ་ཞིག་ཏུ་མངོན་ཡོང་མོད། འོན་ཀྱང་། ཨ་མ་དེས་ད་དུང་ཡང་པང་དུ་བླངས་པའི་ཉེན་ཁ་དེ་ཡེ་ནས་ཚོར་གྱི་མི་འདུག
དེར་མ་ཟད། ལམ་འགྲམ་འདིར་མི་རྣམས་ཀྱི་རྒྱུ་ལམ་འཕྲེད་ཀྱིས་བཅད་ནས་ཉལ་འདུག་པའི་སློང་མོ་པ་དེས་ཀྱང་ཉེན་ཁ་དེའི་ཆ་ཙམ་ཡང་ཚོར་གྱི་མེད་པ་འདྲ། གཞུང་ལམ་ཆེན་པོ་འདིའི་གཞོགས་གཉིས་སུ་ལྕགས་ཀྱི་མཐའ་སྐྱོར་རིང་མོས་མུ་ཁྱུད་དུ་བཅད་འདུག་པའི་ལམ་ཕྲན་འདི་ནི་གྲོང་ཁྱེར་འདིས་མི་རྣམས་ལ་བསྐྱུར་བའི་བགྲོད་ལམ་ཉག་གཅིག་ཡིན། དེ་བས། འདི་གར་ཕར་འགྲོ་ཚུར་འོང་གི་ལམ་འགྲོ་བ་རྒྱུན་མི་ཆད་ལ། སྐབས་སྐབས་སུ་རྐང་འཁོར་རེ་གཉིས་སམ་གློག་རྟ་བྲེལ་བ་ཅན་འགའ་རེའང་ཚམ་ཚོམ་མེད་པར་བརྒྱུགས་འོང་སྲིད་པས། གློ་བུར་བའི་ཆག་སྒོ་གང་ཞིག་འབྱུང་མི་སྲིད་པའི་ངེས་པ་ག་ལ་ཡོད། འོན་ཏེ། སློང་མོ་པ་དེས་ནི་མཐའ་འཁོར་གྱི་ཡོད་ཚད་ལ་ཡིད་འཇོག་གང་ཡང་མི་བྱེད་པར་མ་ཟད། ཐ་ན་རང་ཉིད་ཀྱིས་དངུལ་རྡོག་ཅུང་ཟད་རེ་སློང་ཐུབ་མིན་ལའང་ཇུས་གཏོགས་ཅི་ཡང་མེད་པར། དེ་ལྟར་ལམ་འགྲམ་དེ་གར་གྲོང་ཁྱེར་ཧྲིལ་པོ་རང་ཉིད་ཀྱི་ཁང་ཁྱིམ་ཡིན་པའི་འདུ་ཤེས་ཤིག་གིས་བག་ཕབ་པའི་ངང་ཉལ་འདུག ལམ་འགྲོ་བ་དག་གིས་ཀྱང་སློང་མོ་པ་དེ་མ་མཐོང་བའི་ཟོལ་གྱིས་རང་རང་གི་དམིགས་ཡུལ་དུ་སྐྱོད་ཅི་ཐུབ་བྱེད་ཅིང་། སློང་མོ་པའི་གུད་དུ་བསླེབས་མ་ཐག་རྡོག་སྣེ་དཀྱོགས་ཙམ་བྱ་དགོས་པ་དེར་ཡང་འཁང་ར་དང་ལེ་བདའ་ཅི་ཡང་མི་འདུག དེ་བས། ངས་ཀྱང་ལམ་འགྲོ་བ་དེ་དག་དང་འདྲ་བར་སློང་མོ་པ་དེ་གཡོལ་ཙམ་གྱིས་མུ་མཐུད་དུ་རང་གི་དམིགས་ཡུལ་བསྙེགས་ནས་ཕྱིན་པ་ཡིན། ང་རང་དེ་ལྟར་གཡོལ་ཙམ་གྱིས་ཡོང་སྟངས་དེར་ཡང་སློང་མོ་པ་དེ་མ་མཐོང་བ་ལྟ་བུའི་བཟོ་ལྟ་ཞིག་ཅིས་ཀྱང་ཡོད་ངེས། འོན་ཏེ། ང་དེ་ལྟར་མདུན་ཕྱོགས་སུ་གོམ་པ་བཅུ་ཕྲག་ཅིག་མ་སོང་ཙམ་དུ། རྒྱབ་ཕྱོགས་ནས་ཚེག་ཆོམ་གྱི་སྒྲ་ཞིག་དང་བསྡོངས་པའི་འུར་ཟིང་གློ་བུར་བ་ཞིག་མཆེད་འོངས། ཕྱིར་འཁོར་ནས་བལྟས་ཙ་ན། སྔོན་ཏག་ཏག་གི་སློང་མོ་པ་དེའི་གུད་དུ་ད་ནི་གློག་རྟ་ཞོན་མཁན་ཞིག་ཀྱང་ཉལ་འདུག་ལ། ཅང་མ་འགོར་བར་གློག་རྟ་ཞོན་མཁན་དེ་ཡར་ལངས་ནས་ལུས་ལ་འགོས་པའི་ས་རྡུལ་དག་སྤྲུག་ཙམ་སྤྲུག་ཙམ་བྱེད་ཅིང་། སློང་མོ་པ་དེ་དང་གནས་སྐབས་ཀྱི་ཚིག་རྩོད་ཕྲན་བུ་རེ་བྱས་རྗེས། ཡང་བསྐྱར་གློག་རྟར་ཞོན་ནས་རང་གི་དམིགས་པ་གང་ཞིག་བསྙེགས་ཏེ་ཕྱིན་སོང་། གློག་རྟ་ཞོན་མཁན་དེ་སོང་ཤུལ་དུ་སློང་མོ་པ་དེའང་སྔར་བཞིན་བག་ཕབ་པའི་ངང་ཉལ་འདུག་ཅིང་། ཚུལ་དེར་བལྟས་ན། སྔོན་ཏག་ཏག་ལ་དོན་དག་ཅི་ཡང་མ་བྱུང་བ་དང་འདྲ་ལ། སྔོན་ཏག་ཏག་གི་དོན་རྐྱེན་ཆུང་ངུ་དེ་ཉེན་ཁ་གང་ཞིག་གི་སྔ་ལྟས་ཡིན་པར་ཡང་ངེས་ཤེས་ཅི་ཡང་འདྲོངས་ཀྱི་མེད་པ་ཚོར་ཐུབ། དེ་བས་ཀྱང་། ལམ་འགྲོ་བ་དག་ནི་སྔར་བཞིན་རང་རང་གི་དམིགས་ཡུལ་གང་ཞིག་བསྙེགས་ནས་མདུན་ཕྱོགས་སུ་འགྲོ་རྐྱང་བྱེད་པས། ཁོ་ཚོས་ཉེན་ཁ་དེ་ཚོར་བ་ཕར་ཞོག ཐ་ན་སྔོན་ཏག་ཏག་གི་དོན་རྐྱེན་དེའི་གྲགས་འགུལ་ཙམ་ཡང་ཚོར་མེད་པའི་བཟོ་ལྟ་ཞིག་མངོན་ཡོང་། དེ་མ་ཐག ངས་ནི་སྔར་བས་ཀྱང་ཉེན་ཁ་དེ་ཚོར་འོངས་ལ། ཉེན་ཁ་དེ་རང་ཉིད་དམ། ཡང་ན་གྲོང་ཁྱེར་འདི་དང་ཁད་ཇེ་ཉེ་ནས་ཇེ་ཉེ་ཡིན་པའི་གདེང་གང་ཞིག་ཀྱང་རྙེད་ཐུབ་པ་འདྲ།
ཐ་ན། བར་སྐབས་འདིར་ང་རང་ཉེན་རྟོག་པ་འདིའི་གཞུང་ལས་ཁང་དུ་སྡོད་པའི་དུས་ཐོག་ཐག་ཏུའང་། ཉེན་ཁ་དེ་གཞུང་ལས་ཁང་འདིའི་ཆེས་ལྐོག་ཏུ་གྱུར་པའི་གནས་གང་ཞིག་ན་གབ་སྟེ་ཡོད་པ་ངས་ཧ་ལམ་མཐོང་ཡོང་བ་འདྲ། ཡིན་ཡང་། ཁ་གཏད་ཀྱི་ཉེན་རྟོག་པ་དེས་ཉེན་ཁ་འདི་ཡེ་ནས་ཚོར་གྱི་མི་འདུག ཁོས་ཆུ་ཁོལ་ཕོར་བ་གང་བླུགས་ཏེ་ངའི་ཕྱོགས་སུ་འདེད་ཙམ་བྱས་ཤིང་། དེ་ནས་ང་རང་ལྷོད་ལ་འབབ་དགོས་པའི་བརྡ་ཡང་ཡང་སྟོན་བཞིན་འཛུམ་ཙམ་བྱེད། དེ་མ་ཐག ངས་རང་ཉིད་ལྷོད་ལ་འབབ་དགོས་པ་ཅི་ཞིག་ཡོད་དམ་སྙམ་པ་ན། ཁོའི་འཛུམ་པ་དེའང་འཕྱས་གདགས་པ་ལྟ་བུ་ཞིག་ཏུ་མཐོང་ཡོང་། འོན་ཏེ། ཉེན་རྟོག་པ་དེས་སྔར་བཞིན་ངོ་གདོང་འཛུམ་དམུལ་ལེར་ངའི་སྐད་ཆར་མཉན་ནས་འདུག་པས། ངས་ཀྱང་རང་ཉིད་ཀྱིས་ཉིན་འདི་འགར་ཉེན་ཁ་དེ་ཇི་ལྟར་ཚོར་བ་དང་། གཞིས་ཁུལ་གྱི་སྦྱར་སྡོང་རེངས་པོ་དེ་དག་གི་རྩེ་རུ་ཁྭ་ཏ་སྐོར་ཞིག་བབས་ཡོད་ཚུལ། ད་དུང་། ད་ནངས་ཞོགས་པར་ཁང་པའི་སྒོ་དྲུང་དུ་སྒྲོལ་མ་དང་གདོང་ཐུག་རྒྱག་ལ་ཁད་ཅིག་བྱས་པ། ལམ་བར་དུ་ཁྱི་གུ་པང་བའི་ཨ་མ་ཞིག་དང་གྲོང་ཁྱེར་འདི་རང་གི་ཁང་ཁྱིམ་ཡིན་པ་ལྟར་ཉལ་འདུག་པའི་སློང་མོ་པ་ཞིག་ལ་ཕྲད་ཚུལ་སོགས་ཞིབ་ཏུ་ལབ་པ་ཡིན། ཁ་གཏད་ཀྱི་ཉེན་རྟོག་པ་དེས་ལན་གཅིག་གཉིས་ཙམ་ལ་ངའི་མདུན་གྱི་ཇ་ཕོར་དེར་ལྟ་ཙམ་བྱེད་ཅིང་། དེ་ནས་གུས་ཞབས་དང་བཅས་ཆུ་ཁོལ་དེ་ཐུངས་ཤིག་ཅེས་པའི་ལག་བརྡ་ཡང་ཡང་སྟོན་པར་བྱེད། ཡིད་འཇོག་ཙམ་བྱུང་དུས། ངས་ཤེལ་གྱི་ཕོར་བ་དེ་སྙིམ་པར་བཀོད་ནས་དམ་པོར་བཅངས་འདུག་ལ། ལག་མཐིལ་གྱི་རི་མོའི་སྲུབས་ཀ་དག་ད་ནི་རྣང་ཞིང་གྲུ་བཞི་གང་ཞིག་གི་ཡུར་བ་དང་འདྲ་བར་རྔུལ་ཆུ་ཀྲིག་གེར་མངོན།
ངས་རྔུལ་ཆུ་དེ་ནི་ཆུ་ཁོལ་གྱི་ཚ་དྲོད་ཀྱིས་བསྐྱེད་པར་ངོས་བཟུང་བ་ཡིན་མོད། འོན་ཏེ། ཉེན་རྟོག་པ་དེས་གཙང་ཤོག་ལྷེ་འགའ་ཕྱུང་ཡོང་སྟེ་ང་ལ་སྤྲོད་ཞོར་ཟ་འགྲམ་གྱི་རྔུལ་ཆུ་དེའང་དབྱི་དགོས་པའི་རྣམ་འགྱུར་བསྟན་འོངས། ཚུལ་དེར་བལྟས་ན། ཁོས་རྔུལ་ཆུ་དེ་ནི་ཆུ་ཁོལ་གྱི་ཚ་དྲོད་ཙམ་ལས་བྱུང་བར་ངོས་འཛིན་གྱི་མེད་པ་འདྲ། དེའི་མུར། ཁ་གཏད་ཀྱི་ཉེན་རྟོག་པ་དེ་ཡར་ལངས་ནས་གོམ་པ་འགའ་ཕྱིར་བཀྱེད་ཙམ་བྱས་ཤིང་། དེ་ནས་ཡང་བསྐྱར་ཕྱིར་འཁོར་འོངས་ཏེ“ལོ་རེའི་དགུན་ཚུགས་པ་དང་། ཁྭ་ཏ་སྐོར་ཞིག་ནམ་རྒྱུན་གྲོང་ཁྱེར་དུ་འཕུར་ཡོང་བ་རེད། འདི་ལ་ཡ་མཚན་དགོས་པ་ཅི་ཡང་མེད། འདི་ནི་ཧ་ཅང་རྒྱུན་ལྡན་ཞིག་རེད། ཡང་ན། འདི་ནི་རང་བྱུང་གི་སྣང་ཚུལ་ཞིག་རེད་ཅེ་ནའང་ཆོག གང་ལྟར། ཁྭ་ཏ་ཁ་ཤས་མཐོང་བ་ལ་དེ་ཙམ་གྱིས་ཅལ་འདྲོགས་བྱ་དགོས་པ་ཅི་ཡང་མེད”ཅེས་བཤད་བྱུང་།
ཉེན་རྟོག་པ་འདིའི་སྒྲོས་ལ་མཉན་ན། ཁོས་དངོས་གནས་ཉེན་ཁ་དེའི་ཟུར་ཙམ་ཡང་ཚོར་གྱི་མེད་པ་རྟོགས་ཐུབ་ལ། དེ་བས་ཀྱང་ཁྭ་ཏ་དག་གིས་ཉེན་བརྡ་གང་ཞིག་གཏོང་བཞིན་པར་ཡང་ཡིད་ཆེས་གང་ཡང་མེད་པ་གསལ་བོ་རེད། དེ་བས། ངས་ཡང་བསྐྱར“ཁྭ་ཏ་དག་གིས་སྐད་རྒྱག་པ་ནི་ཉེན་ཁ་གང་ཞིག་འབྱུང་ལ་ཉེ་བའི་སྔ་ལྟས་མ་ཡིན་ནམ”ཞེས་ནན་གྱིས་རྣོན་ཙམ་བྱས་པ་ཡིན།
“རེད་རེད། ང་ཚོའི་ཕ་ཡུལ་དུའང་ཁྭ་ཏ་ནི་བཀྲ་མི་ཤེས་པའི་ལྟས་སུ་རྩི་བའི་དཔེ་ཡོད། འོན་ཏེ། དེ་ནི་དམངས་ཁྲོད་ཀྱི་བཤད་རྒྱུན་ཙམ་རེད། གྲོང་ཁྱེར་འདིར་བཤད་རྒྱུན་དེར་ཡིད་ཆེས་མཁན་ཞིག་གང་ན་ཡོད། ཡང་གཅིག་བཤད་ན། ཡིད་ཆེས་དགོས་དོན་ཡང་མི་འདུག”ཅེས་རང་ཉིད་ཀྱི་ཕོར་བ་དེར་ཡང་བསྐྱར་ཆུ་ཁོལ་ཅུང་ཟད་ཅིག་སྣོན་ཙམ་བྱེད།
“བཤད་རྒྱུན་དེར་ཡིད་ཆེས་མིན་གཙོ་བོ་མ་རེད། གཙོ་བོ་ནི་ངས་ཉིན་འདི་འགར་ཉེན་ཁ་དེ་ཚོར་ཡོང་གི་འདུག ཉེན་ཁ་དེ་ང་དང་ཐག་ཇེ་ཉེ་ནས་ཇེ་ཉེ་རེད། ཡང་ན། ཁྱོད་ཚོ་དང་ཇེ་ཉེ་ནས་ཇེ་ཉེ་ཡིན་ཡང་སྲིད། གང་ལྟར། ད་ནས་བརྩིས་པའི་མ་འོངས་པའི་དུས་གང་རུང་ཞིག་ཏུ་ཉེན་ཁ་དེས་ང་ཚོར་གློ་བུར་བའི་འཇབ་རྒོལ་ཐེངས་ཤིག་བྱ་སྲིད་པ་ཏན་ཏན་རེད། འོན་ཏེ། ཁྱོད་ཀྱིས་ཉེན་ཁ་དེའི་ཕྱོགས་ཙམ་ཡང་ཚོར་གྱི་མི་འདུག་གམ……”
ངས་རང་ཉིད་དུས་ནམ་ཞིག་ལ་ཡར་ལངས་པའང་མ་ཤེས། སྐབས་འདིར་ཁ་གཏད་ཀྱི་ཉེན་རྟོག་པ་དེས་འཛུམ་པ་དང་བཅས་ང་རང་ལྷོད་ལ་འབབ་དགོས་པའི་ལག་བརྡ་ཡང་ཡང་སྟོན་ཅིང་། གུད་ཀྱི་ལས་གྲོགས་དེར་ལྟ་ཙམ་བྱས་རྗེས“ཉེན་ཁ་ལ་འཛེམ་པ་ནི་གོམས་གཤིས་ལེགས་པོ་ཞིག་རེད། འདིའི་ཕྱོགས་ནས་ང་ཚོས་ཀྱང་ཁྱེད་ལ་སློབ་སྦྱོང་བྱ་འོས། དེར་མ་ཟད། ཁྱེད་ཀྱིས་བཤད་པ་ནང་བཞིན་ང་ཚོའི་ཁོར་ཡུག་ཏུ་བག་ལ་ཉལ་བའི་ཉེན་ཁ་སྣ་ཚོགས་ཤིག་ཀྱང་ཡོད་སྲིད་པ་རེད། འོན་ཏེ། འདི་ལ་ཡ་ང་བའམ་བག་ཚ་བ་ཅི་ཡང་མི་དགོས། ང་ཚོ་ཡོད་པ་རེད། ང་ཚོ་ཉེན་རྟོག་མི་སྣ་ཡོད་པས། ཁྱེད་རང་ཉེན་ཁ་ལ་སྐྲག་དགོས་དོན་ཅི་ཡང་མེད། ང་ཚོ་ནི་ཆེད་དུ་ཉེན་ཁ་ལ་རྟོག་མཁན་མ་ཡིན་ནམ”ཞེས་བཤད་ཅིང་། དེ་ནས་ཧ་ཅང་རླབས་ཆེ་བ་གང་ཞིག་འཁྱོངས་སོང་བའི་རྫིག་ཉམས་ཤིག་གིས་ཡང་བསྐྱར་གུད་ཀྱི་ལས་གྲོགས་དེར་ལྟ་ཙམ་བྱེད་ལ། ངང་ཚུལ་དེ་ནི་གོང་གི་སྐད་ཆ་དུམ་བུ་དེ་ངའི་ངག་ལས་བྱུང་བ་ཡིན་ནམ་ཞེས་འདྲི་བཞིན་པ་དང་མཚུངས།
“མ་རེད། ངས་ཉིན་འདི་འགར་ཚོར་འོངས་པའི་ཉེན་ཁ་དེ་ཁྱོད་ཀྱིས་བཤད་པའི་ཉེན་ཁ་དེ་མ་རེད། ངས་བཤད་པའི་ཉེན་ཁ་ནི……”ངས་ཉེན་ཁ་དེ་ཁ་གཏད་ཀྱི་ཉེན་རྟོག་པ་དེ་གཉིས་ལ་ཇི་ལྟར་ལབ་དགོས་པ་མ་ཤེས་པར་ཡོད་དུས། ཁོ་གཉིས་ཀས་ཐོག་མར་ཕན་ཚུན་ལ་ལྟ་ཙམ་བྱེད་ཅིང་། དེ་ནས་གདོང་གི་བ་སྤུ་ཐམས་ཅད་ཀྱང་དྲང་ཤད་ལེར་གྱུར་སོང་བ་ལྟ་བུའི་དོགས་གཞི་ཞིག་གིས་མགོ་བོ་ངའི་ཕྱོགས་སུ་བསྲིངས་འོངས། ཚུལ་དེར་བལྟས་ན། ང་ཚོའི་མཐའ་འཁོར་དུ་སུ་ཞིག་གིས་ཉན་རྣ་བྱེད་ཀྱི་མེད་དམ་སྙམ་འོངས་ལ། ཡང་ན། ཉེན་ཁ་དེ་ཏག་ཏག་བར་སྐབས་འདི་ཙམ་ཞིག་ལ་འབྱུང་མི་སྲིད་གྲང་སྙམ་པའི་བྲེད་ཤ་ཞིག་ཀྱང་བསླངས་ཡོང་། དེ་ནས་ཉེན་རྟོག་པ་དེས་སུ་ཞིག་གིས་གོ་འགྲོ་བར་དོགས་པའི་སྐད་གདངས་དམའ་ཞིང་དམའ་བ་ཞིག་ལས“དེས་ན། ཁྱེད་ཀྱིས་བཤད་པའི་ཉེན་ཁ་དེ་ཅི་ཞིག་རེད”ཅེས་དྲིས་བྱུང་།
ཉེན་རྟོག་པའི་དྲི་བ་འདི་ཐོས་མ་ཐག ང་རང་ཐོག་མར་དགོད་བྲོ་བ་ཞིག་བྱུང་ལ། དེ་ནས་ཁོའི་སློབ་ཆུང་གི་སློབ་མ་ཞིག་ལ་དྲི་བ་བྱེད་པ་ལྟ་བུའི་ངག་སྒྲོས་དེར་གློ་བུར་དུ་གོམས་དཀའ་བའི་སྣང་བ་ཞིག་ཀྱང་སྐྱེས་ཡོང་། ངས་ལམ་སང་ཉེན་རྟོག་པའི་དྲི་བ་དེར་ནམ་ལྡང་བ་ལ་ཉི་མ་ཤར་བ་ལྟ་བུའི་ཨ་ལན་ཁ་གསལ་ཞིག་སྟེར་འདོད་ཀྱིས་བསམ་བློ་ཙམ་བཏང་བའི་སྐད་ཅིག་མ་དེར། ང་ནི་རང་ཉིད་ལའང་ཧ་དགོས་པ་ལྟ་བུ་ཞིག་བྱུང་། རྒྱུ་མཚན་ནི། ངའི་འདི་གར་དྲི་བ་དེར་ལྡོན་ཆོག་པའི་ལན་ཅི་ཡང་མི་འདུག མ་གཞིར་དྲི་བ་འདིའི་ཐད་ནས་ང་ནི་དང་པོ་ཙ་ནས་སྟོང་ཞིང་སྟོང་བའི་ངང་དུ་ལུས་ཡོད་ཚོད་རེད་ཨང་། དེ་མ་ཐག ངས་ཀྱང་འདི་ནི་ད་གཟོད་དོན་དག་ཡོད་ཚད་ཀྱི་གནད་ཀ་ཡིན་པ་གསལ་བོར་རྟོགས་བྱུང་། རེད་ཨ། ཉེན་ཁ་དེ་ནི་ཡང་སྙིང་ཅི་ཞིག་ཡིན་ནམ། དེའི་མུར་ངས་རང་ཉིད་ལ་འདི་ལྟར་ལྡོག་འདྲི་ཙམ་བྱས་ཤིང་། རང་ཉིད་ཀྱིས་ད་ལྟའི་བར་དུ་དྲི་བ་འདིར་བསམ་བློ་མ་འཁོར་བར་ཡང་ཅུང་ངོ་མཚར་བ་ཞིག་བྱུང་། ཉེན་ཁ་འདི་ནི་དོན་དམ་དུ་ཅི་ཞིག་ཡིན་སྲིད་དམ། ངས་ཡང་བསྐྱར་འདི་ལྟར་བསམ་བློ་བཏང་བ་ཡིན། ཡིན་ཡང་། ངས་གཏན་ནས་རྟོགས་མ་བྱུང་། ངས་ཉེན་ཁ་དེ་ཡང་སྙིང་ཅི་ཞིག་ཡིན་མིན་གྱི་ཐད་ལ་ཆ་འཇོག་རུང་བའི་ངེས་འདྲོངས་ཅི་ཡང་མ་རྙེད། དེ་ལྟ་མོད་ཀྱང་། ངས་ཉིན་འདི་འགར་ཉེན་ཁ་དེ་ཚོར་འོངས་པ་ངོ་མ་ཡིན། འདི་ལ་དོགས་སོམ་དང་འཁུ་འཁྲིག་གི་ངལ་བ་ཅི་ཡང་མི་དགོས། ཆུང་དུ་ན། བར་སྐབས་འདིར་ངས་ཉེན་རྟོག་པ་འདིའི་ཁ་གཏད་དུ་ཉེན་ཁ་དེར་བསམ་བློ་གཏོང་བཞིན་པའི་དུས་ཀྱི་གནས་སྐབས་འདི་ཉིད་རང་དུའང་། ངས་ནི་ཉེན་ཁ་གང་དེ་མེ་བཙའ་ཤ་ལ་བབས་པའི་ཟོལ་གྱིས་ཚོར་འོངས། འདི་ནི་ངོ་མ་ཡིན། འོན་ཏེ། ངས་ཉེན་ཁ་དེ་ཅི་ཞིག་ཡིན་མིན་ཅིས་ཀྱང་རྟོགས་མ་བྱུང་། ཉེན་ཁ་དེ་ནི་དོན་དམ་དུ་ཅི་ཞིག་ཡིན་ནམ། ཡང་ན། འདི་ལྟར་བསམ་བློ་བཏང་ཡང་ཆོག་སྟེ། ཉེན་ཁ་དེ་ནི་ཡང་སྙིང་གནས་གང་ཞིག་ཏུ་ཡོད་དམ། དེ་ནི་ངའི་རྡོ་ཁང་གྲུ་བཞི་དེའི་གྲུ་ཕུགས་གང་རུང་ཞིག་ཏུ་ཡོད་སྲིད་དམ། ཡང་ན་དེའི་ཕྱི་རོལ་ཏུ་ཡོད། དེ་མིན་ན། ང་ཚོའི་ཐོག་ཁང་དེའི་གློག་སྐས་སམ། གཞིས་ཁུལ་གྱི་ར་སྐོར། ར་སྐོར་དེ་ལས་ཕྱིར་ཐོན་མ་ཐག་པའི་ལམ་འགྲམ་དེ། ལམ་འགྲམ་དེ་ནས་ཕ་གིའི་ལམ་འགྲམ་དུ་བསྐྱོད་སའི་ཟམ་པ་དེ། ཟམ་པ་དེའི་འོག་ན་ཤར་མར་རྒྱུག་གིན་པའི་རླངས་འཁོར་ཆུང་ངུ་ཞིག་གམ། སྤྱི་འཁོར་ཞིག ཡང་ན་འགྲུལ་འཁོར་ཞིག ཡང་ན། དེ་དག་གི་ཡང་འོག་ཤེད་ན་སྐད་ཅིག་ཙམ་གྱི་ལོང་ཡང་མེད་པར་འདུར་རྒྱུག་ལ་བྲེལ་བའི་ས་འོག་མེ་འཁོར་གང་ཞིག་ཏུ་ཡོད་སྲིད་དམ། དེ་མིན་ན……
“ཉེན་ཁ་དེ་སློང་མཁན་ཁྱོད་ཀྱི་དགྲ་བོ་ཞིག་རེད་དམ། ཡང་ན་ཁྱོད་ཀྱི་གྲོགས་པོ་ཞིག་རེད། དེ་མིན་ན། དགྲ་གྲོགས་གང་ཡང་མ་ཡིན་པའི་སྤྱི་ཚོགས་ཀྱི་མི་ཆ་མེད་ཅིག་རེད་དམ། གལ་སྲིད་སྤྱི་ཚོགས་ཀྱི་མི་ཆ་མེད་ཅིག་ཡིན་ཚེ། མི་དེ་སྐྱེས་པ་ཞིག་རེད་དམ་བུད་མེད་ཅིག་རེད། བགྲེས་པོ་ཞིག་རེད་དམ་གཞོན་ནུ་ཞིག་རེད། ཡང་ན། རླངས་འཁོར་གྱི་ཁ་ལོ་པ་ཞིག་རེད་དམ། ཀུང་སི་ཞིག་གི་ལས་བཟོ་པ་ཞིག་རེད། དེ་མིན་ན། ལུས་རྩལ་པའམ། གཞུང་ཞབས་པའམ། ཞབས་ཕྱི་པའམ། གསར་འགོད་པའམ། འཁྲབ་སྟོན་པའམ། བདེ་སྲུང་པའམ། སྨན་པའམ། ནད་པའམ། མ་བྱན་ནམ། སྒོ་སྲུང་ངམ། བཟོ་པའམ། ཞིང་པའམ། ཚོང་པའམ། དགེ་རྒན་ནམ། སློབ་མའམ། དཔོན་ནམ། གཡོག་གམ། ཐ་ན་ཁྱོད་ཀྱི་ནང་མི་གང་ཞིག་ཡིན་སྲིད་དམ”
ངས་ཉེན་ཁ་དེ་གནས་གང་ཞིག་ནས་འབྱུང་སྲིད་པའི་སྐོར་ལ་བསམ་བློ་བཏང་སྟེ་ཡོད་སྐབས། ཁ་གཏད་ཀྱི་ཉེན་རྟོག་པ་དེ་གཉིས་ཀས་ཀྱང་ཉེས་ཅན་དེ་སུ་ཞིག་ཡིན་མིན་གྱི་སྐོར་ནས་ཕོ་མོ་རྒན་གཞོན་ལས་རིགས་ཐོབ་ཐང་སོགས་མི་ཡི་རིགས་ཐ་དད་པ་གང་མང་ཞིག་བགྲངས་འོངས་མོད། འོན་ཏེ། དེ་དག་གི་གྲས་སུ་ཉེན་ཁ་དེའི་བྱུར་གྱི་སྣ་འདྲེན་ལོས་ཡིན་སྙམ་པ་ཞིག་ངའི་སེམས་སུ་ཅིས་ཀྱང་ཐོགས་མ་བྱུང་། སྐབས་འདིར། ཉེན་རྟོག་པ་དེ་གཉིས་ཀས་ང་ལ་གྲགས་འགུལ་ཅི་ཡང་མེད་པ་མཐོང་བས། ཡང་བསྐྱར་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱེད་ཅིང་། དེའི་མུར། གློ་བུར་དུ་ཤ་ཚ་བྱུང་བ་ལྟ་བུའི་སྐད་གདངས་ཤིག་གིས“ཉེས་ཅན་དེས་ཁྱེད་ལ་འཇིགས་བསྐུལ་བྱུང་ངམ། སྐྲག་མི་དགོས། ང་ཚོ་ཉེན་རྟོག་པ་རེད། ང་ཚོས་ཁྱེད་ཀྱི་བདེ་འཇགས་ལ་ཁག་ཐེག་བྱ་ངེས། ཉེས་ཅན་དེ་ཡང་སྙིང་སུ་ཞིག་རེད”ཅེས་བརྗོད་བྱུང་།
“ངས་ཉེས་ཅན་དེ་སུ་ཞིག་ཡིན་མིན་མི་ཤེས་ལ། དྲང་མོར་བཤད་ན་ཉེན་ཁ་དེ་ཅི་ཞིག་ཡིན་མིན་ལའང་ཆ་འཇོག་གང་ཡང་མི་འདུག ཡིན་ཡང་། ངས་ཉེན་ཁ་དེ་ཚོར་འོངས་པ་ངོ་མ་ཡིན”
ང་ལ་མཚོན་ན། སྐད་ཆ་འདི་ནི་ཧ་ཅང་སྒམ་བརླིང་དང་གཟབ་ནན་གྱི་སྒྲོས་ཤིག་གིས་ལབ་ཀྱིན་ཡོད་མོད། འོན་ཏེ། ངའི་སྐད་ཆ་འདི་ཐོས་མ་ཐག་ཁ་གཏད་ཀྱི་ཉེན་རྟོག་པ་དེ་གཉིས་ཀའི་ངོ་གདོང་གློ་བུར་དུ་འགྱུར་སོང་། ངོ་གདོང་འགྱུར་བ་འདི་ནི་དབེན་ཞིང་འཇགས་པའི་མཚེའུ་གང་ཞིག་ལ་གློ་བུར་དུ་རྡོ་བ་ཞིག་འཕངས་པ་ལྟར། ཉེན་རྟོག་པ་དེ་གཉིས་ཀའི་བྱེད་པ་དང་སྨྲ་བ། ཆུང་དུ་ན་མིག་གི་ལྟ་སྟངས་ཚུན་ཆད་ལའང་རྡོ་བ་དེ་ཡིས་བསྐྱེད་པའི་རླབས་རིས་ངེས་ཅན་ཞིག་བརྒྱུགས་སོང་ལ། ཐ་ན་གཞུང་ལས་ཁང་འདིའི་ཡོད་ཚད་ལའང་དེ་དང་འབྲེལ་བའི་གཡོ་སྐྱོམ་ཕྲན་བུ་ཞིག་བྱུང་སོང་བའི་ཉམས་སྣང་བྱུང་། དེ་མ་ཐག ངས་ད་ནི་ང་དང་ཉེན་རྟོག་པའི་བར་གྱི་གཏམ་གླེང་འདི་ཆེས་གནད་འགག་གི་དུས་ཤིག་བསླེབས་སོང་བ་ཚོར་ལ། བར་སྐབས་འདི་ནི་ང་ལ་ཅིས་ཀྱང་སྨྲ་བའམ་བྱེད་པ་གང་རུང་ཞིག་ཡོད་དགོས་པའི་དུས་ཤིག་ཡིན་པའང་གསལ་བོར་རྟོགས་མོད། འོན་ཏེ། ཏག་ཏག་སྐབས་འདིར་ང་ནི་སུ་ཞིག་གིས་གློག་སྒོ་གང་ཞིག་གཏན་པ་ལྟར་ནག་འཐོམ་མེར་གྱུར་ཅིང་། ཅི་ཞིག་བྱ་དགོས་པའང་མི་ཤེས་པར་གྱུར། ཧ་ལམ་གནས་སྐབས་འདི་ཙམ་ཞིག་ལ། ངས་ཉེན་ཁ་དེ་ཁ་གཏད་ཀྱི་ཉེན་རྟོག་པ་དེ་གཉིས་ལས་ཚོར་འོངས་པ་ལྟ་བུའི་ཉམས་སྣང་ཞིག་ཀྱང་སྐྱེས་ཡོང་། དེའི་མུར། ཉེན་རྟོག་པ་དེ་གཉིས་ལས་གཅིག་ག་ལེར་ཡར་ལངས་ཤིང་། ཇི་མི་སྙམ་པའི་ཁྲེལ་རྒོད་ཅིག་དང་བཅས“འདི་ནི་ཉེན་རྟོག་ཁང་རེད། མདོ་མེད་ཀྱི་ཀུ་རེ་རྩེ་ས་མ་རེད”ཅེས་ཕར་ཕྱིན་ནས་གཞུང་ལས་ཁང་འདིའི་སྒོ་ཅི་ཙམ་བརྒྱང་དུ་ཡོད་པ་དེ་ཙམ་དུ་བརྒྱངས་ནས་ཕྱེ་བྱུང་།
ཉེན་རྟོག་པ་དེའི་གཞུང་ལས་ཁང་ནས་སྒོར་བུད་ཙ་ན། ཕྱི་རོལ་ནི་ཧ་ཅང་ངལ་དུབ་ཀྱིས་ཟིན་པའི་ཕྱི་དྲོ་ཞིག་རེད། གྲོང་ཁྱེར་འདིར་ངས་འདི་ལྟ་བུའི་ཕྱི་དྲོ་གང་མང་ཞིག་ཕར་བསྐྱལ་ནས་ད་ནི་བགྲང་བྱ་ཅི་ཙམ་སོང་ཡོད་དམ། འདིའི་ཐད་དུ་ང་ལ་གྲངས་ཀྱི་ངོས་འཛིན་ཁ་གསལ་ཞིག་ཅིས་ཀྱང་གཞག་ཏུ་མེད། འོན་ཏེ། རྣམ་ཀུན་འདི་ལྟ་བུའི་ཕྱི་དྲོ་དག་ཏུ། ངས་གྲོང་ཁྱེར་འདིའི་འུར་ཟིང་དང་མྱུར་ཚད་ཀྱི་རྒྱབ་རོལ་ན་བསྐུངས་པའི་འུ་ཐུག་ཅིག་ཚོར་ཡོང་ལ། དེ་ནི་རིང་ནས་རྒ་བའི་ཁུར་གྱིས་མནོན་པའི་བགྲེས་སོང་ཞིག་གི་ཨམ་གཙིགས་སྡོམ་སྟངས་ཤིག་རེད། དེ་བས། ང་བཙའ་ཡིས་ཟིན་པའི་ལྕགས་ཀྱི་ཟམ་པ་དེ་བརྒྱུད་ནས་ཕ་གིའི་ལམ་འགྲམ་དུ་བརྟོལ་ཞིང་། ལམ་འགྲམ་གྱི་སྡོང་འོག་མྱུལ་ནས་མདུན་ལ་སྐྱོད་བཞིན་པའི་གནས་སྐབས་འདི་རང་ལའང་། ངས་སྔར་བཞིན་གྲོང་ཁྱེར་འདིའི་འུ་ཐུག་དེ་ཚོར་ཡོང་ལ། མདུན་ཕྱོགས་སུ་སོང་གིན་སོང་གིན་དུ། མ་གཞིར་གྲོང་ཁྱེར་འདིའི་འུ་ཐུག་དེ་ནི་མཐར་གཏུགས་ན་རང་ཉིད་ཀྱི་འུ་ཐུག་ཅིག་ཡིན་པའི་སྣང་བ་ཞིག་ཀྱང་ཚོད་ཚོད་ལ་སྐྱེས་འོངས། དེ་མ་ཐག ངའི་ཡོད་ཚད་ཕྱི་དྲོ་འདིའི་ཉོབ་སྣང་གིས་ཟིན་འོངས། རེ་ཞིག་ལས་ཀར་འགྲོ་བ་དེའང་སྒྱིད་ལུག་ཏུ་གྱུར། དེ་བས། ང་རང་ཐད་ཀར་རང་ཉིད་ཀྱི་རྡོ་ཁང་གྲུ་བཞི་དེ་ཡོད་སའི་གཞིས་ཁུལ་རྙིང་པ་དེ་གཟས་ནས་ཕྱིན་པ་ཡིན། འོ་རེད། དོན་དུ་ང་ལ་ལས་ཀ་ཞེས་པ་ཞིག་ཀྱང་ཡེ་ནས་མེད། ང་ནི་ཏག་ཏག་གཟའ་འཁོར་སྔོན་མ་ཙམ་ཞིག་ལ་གྲོང་ཁྱེར་འདིའི་ཀུང་སི་ཞིག་གི་ལས་གནས་ནས་ཕྱུང་མ་ཐག་ཡིན། དེ་ལྟ་མོད་ཀྱང་། ལས་ཀ་མེད་པ་འདིར་ང་ལ་སེམས་ཁྲེལ་ཅི་ཡང་མེད། གྲོང་ཁྱེར་འདིར་མཚོན་ན་དུས་དུས་སུ་ལས་གནས་རེ་ཤོར་འགྲོ་བ་ནི་ཧ་ཅང་རྒྱུན་ལྡན་ཞིག་རེད། ཡང་གཅིག་བཤད་ན། ད་ལྟའི་བར་གྱི་བསྲི་ཚགས་ལས་བྱུང་བའི་ཕོགས་ཐོབ་ཀྱིས་ཧ་ལམ་ངའི་ལོ་གཅིག་རིང་གི་འཚོ་ཚིས་འབྱིད་པ་ལ་དཀའ་ངལ་ཅི་ཡང་མེད་ཅིང་། འདིའི་རིང་ལ་ངས་ཡང་བསྐྱར་རང་ཉིད་ལ་འཚམས་པའི་ལས་གནས་གསར་པ་ཞིག་ཀྱང་ཅི་ནས་རྙེད་ངེས་པས། འཚོ་ཚིས་དང་འབྲེལ་བའི་དོན་བྱ་ཙག་ཙིག་འདི་རིགས་ལ་དོན་དུ་གླེང་རི་བ་ཅི་ཡང་མེད། ངོ་མ། སྐད་ཆ་ཡོད་ཚད་ཀྱི་གསོང་པོའི་མཐར་ཐུག་ཅིག་སྨྲས་ན། དོན་དངོས་ནི་འདི་ཙམ་ཞིག་ལས་མ་འདས་ཏེ། དེ་བས་ཀྱང་ང་ལ་མཚོན་ན་འདི་འདྲ་ཞིག་རེད། གང་ལྟར། བར་སྐབས་འདིར་མཚོན་ན། ཆེས་གཙིགས་ཆེན་དུ་གཟུང་དགོས་པ་ནི་སྔར་བཞིན་ཉེན་ཁ་དེ་རེད། འདི་ལྟར་དྲན་མ་ཐག ངའི་ཡིད་ལ་སྔོན་ཏག་ཏག་ལ་ཉེན་རྟོག་པ་དེས་བཏོན་པའི་དྲི་བ་དེ་འཁོར་འོངས། དོན་དམ་དུ་ཉེན་ཁ་དེ་ནི་ཡང་སྙིང་ཅི་ཞིག་ཡིན་སྲིད་དམ། ཞིབ་ཏུ་བསམས་ན། ཉེན་རྟོག་པ་དེའི་སྐད་ཆའང་སྤྱི་བརྟོལ་སྨྲ་བ་ཁོ་ན་ཙམ་ཡང་མ་རེད། རྣམ་པ་གཅིག་ཏུ་ན། ཉེན་ཁ་དེ་ནི་ཏག་ཏག་ཉེན་རྟོག་པ་དེས་བཤད་པ་ནང་བཞིན་ངའི་ལས་གྲོགས་སམ། དགའ་རོགས། ནང་མི་གང་ཞིག་གིས་བསྐྱེད་མི་སྲིད་པའི་ངེས་པའང་ཡེ་མེད། ཡིན་ཡང་། ངས་སྔར་བཞིན་ཉེན་ཁ་དེ་ཅི་ཞིག་ཡིན་མིན་ལ་ཆ་འཇོག་གང་ཡང་མ་རྙེད། དེ་ནི་ཤ་སྐྱིའི་གཏིང་རིམ་གང་ཞིག་ཏུ་ལུས་པའི་ཟ་འཕྲུག་ཅིག་དང་འདྲ་སྟེ། ཕྱིའི་སྐྱི་ཤུན་ལ་ཅི་ཙམ་འཕྲུགས་ཀྱང་གཡའ་མི་འཇོག་པ་ལྟ་བུ་ཞིག་རེད། དེ་ལྟ་མོད་ཀྱང་། ང་འདི་ལྟར་ཕྱིར་རང་ཁྱིམ་དུ་ལྡོག་པའི་དུས་ཐོག་ཐག་ཏུའང་། ངས་ཉེན་ཁ་དེ་ནི་རང་ཉིད་དང་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་འགྲོ་བཞིན་པ་ཚོར་ཡོང་། སྟབས་ཉེས་ན། མ་འོངས་པའི་ཆུ་ཚོད་སྐར་མ་ཁ་ཤས་ཀྱི་ཡུན་ཏེ། རང་ཉིད་ཀྱི་རྡོ་ཁང་གྲུ་བཞི་དེར་མ་བསླེབས་པའི་སྔ་རོལ་ཙམ་ཞིག་ཏུ་ཉེན་ཁ་དེས་ང་ལ་ཆག་སྒོ་ཡ་ང་བ་གང་ཞིག་སློང་མི་སྲིད་པའི་ངེས་པའང་གཏན་ནས་མེད། ངའི་སེམས་ཀྱི་འཆར་སྒོ་མཚམས་འདི་ཙམ་ཞིག་ལ་བསླེབས་དུས། ངའང་གཞི་ནས་གཞུང་ལམ་ཆེན་པོ་གཉིས་ཀྱི་འདྲེས་མདོ་རུ་བསླེབས་འདུག དེ་གར་ལམ་འགྲོ་བ་གང་མང་ཞིག་གིས་ཕ་གིའི་མིའི་ཤ་ཚུགས་ཅན་གྱི་གློག་སྒྲོན་དམར་པོ་དེ་ཁ་དོག་ལྗང་གུ་རུ་འགྱུར་བར་བསྒུགས་ཏེ་འདུག སྐར་ཆ་ཁ་ཤས་ཀྱི་རྗེས་སུ། གློག་སྒྲོན་དམར་པོ་དེའི་ཁ་དོག་གཞི་ནས་ལྗང་གུ་རུ་གྱུར་ཅིང་། དེ་རུ་མངོན་པའི་མིའུ་ལྗང་གུ་དེའང་གང་ཞིག་ལ་བསྐྱོད་མགོ་བརྩམས་བྱུང་བས། ང་ཚོའང་དེའི་གོམ་འགྲོས་དང་བསྡོངས་ནས་བདེ་བླག་ངང་གཞུང་ལམ་གྱི་ཕ་རོལ་ཏུ་བརྒལ་བ་ཡིན། དེ་མ་ཐག ང་ཚོའི་རྒྱབ་རོལ་ནས་ཕྱོགས་ཕྱོགས་སུ་བསྐྱོད་པའི་རླངས་འཁོར་དག་སོག་ལེ་འཐབ་པའམ་བུ་ཡུག་འཚུབ་པའི་ཟོལ་གྱིས་བརྒྱུགས་བྱུང་བའི་རྔམ་ཟིལ་དེ་ཚོར་འོངས་པས། ངས་ད་གཟོད་ཁ་དོག་དམར་པོ་ཞིག་ནས་ལྗང་གུ་ཞིག་ཏུ་གྱུར་པའི་གོ་རིམ་འདིར། ལམ་འགྲོ་བ་འདི་དག་བག་ལ་ཉལ་བའི་ཉེན་ཁ་གང་མང་ཞིག་ལས་ཐར་སོང་བར་ཡིད་འཇོག་བྱུང་ལ། མ་གཞིར། མིའི་ཤ་ཚུགས་ཅན་གྱི་གློག་སྒྲོན་དེས་ནི་སྔོན་ཏག་ཏག་ལ་འབྱུང་སྲིད་པའི་ཉེན་ཁ་གང་མང་ཞིག་བཟློགས་ཡོད་པའི་ངེས་འདྲོངས་ཀྱང་ཏུར་རེར་སྐྱེས་འོངས། དེ་བས། ངས་ནི་རང་དབང་མེད་པར་ལམ་མདོའི་གློག་སྒྲོན་དེ་དག་ལ་ཕྱིར་མིག་ཡང་ཡང་བལྟ་དགོས་པ་ཞིག་བྱུང་ལ། གྲོང་ཁྱེར་འདིའི་སྨུག་རྡུལ་རབ་རིབ་ཀྱི་ཀློང་ན་ལམ་མདོའི་གློག་སྒྲོན་དེ་དག་ལྷང་ངེ་ལྷམ་མེ་ལྷན་ནེར་འཚེར་བའི་ངང་ཚུལ་དེ་མཐོང་ཙ་ན། ངས་དེ་ནི་ཡོད་ཚད་རབ་རིབ་དང་བན་བུན་དུ་གྱུར་པའི་ཤུལ་དུ། གྲོང་ཁྱེར་འདིར་ལྷག་པའི་ཆེས་གསལ་ཞིང་གསལ་བ་གང་དེ་ཡིན་པར་ཡང་ངེས་ཤེས་ཟབ་མོ་ཞིག་འདྲོངས་ཐུབ་པ་འདྲ། ཏག་ཏག་སྐབས་འདིར། ངའི་ཡིད་ལ་ང་ཚོའི་གཞིས་ཁུལ་གྱི་སྦྱར་སྡོང་རེངས་པོ་དེ་དག་གི་རྩེ་རུ་བབས་པའི་ཁྭ་ཏ་དེ་དག་འཁོར་ཡོང་། དོན་དམ་དུ། ཁྭ་ཏ་དེ་དག་ཀྱང་ལམ་མདོ་འདིའི་གློག་སྒྲོན་འདི་དག་དང་འདྲ་བའི་གློག་སྒྲོན་ཁག་ཅིག་རེད། ཁྭ་ཏ་དེ་དག་སྦྱར་སྡོང་མཐོན་པོ་དེ་དག་གི་རྩེ་རུ་བབས་ཏེ“ཀྭ—ཀྭ”ཞེས་སྐད་རྒྱག་པ་དང་གློག་སྒྲོན་འདི་དག་གིས་ལམ་མདོ་འདིར་གློག་འོད་འདྲ་མིན་གྱི་འབྱེད་འཛུམ་ཡང་ཡང་བྱེད་པ་ལ་དོན་གྱིས་དམིགས་བསལ་གྱི་ཁྱད་པར་ཅི་ཡང་མི་འདུག དེ་གཉིས་ཀའི་གང་ཡིན་ཡང་མི་རྣམས་ལ་ཉེན་བརྡ་གང་ཞིག་གཏོང་བཞིན་པ་ཙམ་རེད། རྒྱ་ལ་ཅིས་ཀྱང་མི་འདྲ་བའི་ཆ་ཞིག་བཙལ་དགོས་བྱུང་ན། གློག་སྒྲོན་འདི་དག་ནི་ཏག་ཏག་ལམ་མདོ་འདིར་མི་རྣམས་ལ་ཉེན་བརྡ་གཏོང་བྱེད་ཅིག་དང་། ཁྭ་ཏ་དེ་དག་ནི་གྲོང་ཁྱེར་འདི་ཧྲིལ་པོར་ཉེན་བརྡ་གཏོང་བྱེད་ཀྱི་གློག་སྒྲོན་ཞིག་ཡིན་པ་དེ་ཙམ་ལས་མ་འདས། འདི་ལྟར་དྲན་པའི་མོད་ལ། ངས་གྲོང་ཁྱེར་འདིར་ཁྭ་ཏ་དེ་དག་ཇི་འདྲའི་མཁོ་ཨང་སྙམ་བྱུང་།
“ཀྭ—ཀྭ ཀྭ—ཀྭ”
ཏག་ཏག་སྐབས་འདི་ཙམ་ཞིག་ལ། གྲོང་ཁྱེར་འདིའི་བར་སྣང་གང་ཞིག་ནས་ཡང་བསྐྱར་ཁྭ་ཏ་དེ་དག་གི་གཅོང་སྐད་མཆེད་འོངས། དེ་ནི་མི་མེད་ལུང་སྟོང་གི་གནས་གང་ཞིག་ཏུ་རང་ལ་རྒྱུས་མངའ་ཡོད་པའི་མི་ཞིག་གི་འབོད་སྐད་ཐོས་པ་ལྟར། ང་ལ་གློ་བུར་དུ་རང་ཉིད་གཅིག་པུ་མིན་ཨང་སྙམ་པའི་དགའ་བ་ངེས་ཅན་ཞིག་འཕེལ་ཡོང་ལ། ནང་སེམས་དྲོད་ལམ་མེར་གྱུར། དེའི་མུར། ངས་མཐའ་འཁོར་གྱི་ཡོད་ཚད་ལ་བྱ་ར་དང་ཉན་རྣ་ཡང་ཡང་བྱེད་བཞིན་མུ་མཐུད་དུ་རང་ཉིད་སྡོད་སའི་གཞིས་ཁུལ་དེའི་ཕྱོགས་སུ་བསྐྱོད་པ་ཡིན། སྔོན་ཏག་ཏག་ལ་ངའི་འཁྲིས་ནས་རིངས་སྟབས་ཀྱིས་ཕྱིན་སོང་བའི་ཕོ་གསར་དེ་དང་། དེའི་རོལ་དུ་གོམ་སྟབས་ཤེད་ཀྱིས་ལེན་པའི་བུད་མེད་དེ། ཆུང་དུ་ན། སྐབས་ཐོག་འདིར་ང་དང་ཁ་གཏད་དུ་ཡོང་བཞིན་པའི་བགྲེས་སོང་དེ་སོགས་ལམ་འགྲོ་བ་འདི་དག་ལས་སུ་ཡིན་ཡང་། ང་ལ་ཉེན་ཁ་དེ་བཟོ་སྲིད་པས། ངས་ཅིས་ཀྱང་དོགས་ཟོན་བྱ་འོས། ད་དུང་སྐབས་སྐབས་སུ་ངའི་གུད་ནས་བང་གིས་རྒྱུག་ཅི་ཐུབ་བྱེད་པའི་རྐང་འཁོར་དང་གློག་རྟ་དེ་དག་ཀྱང་ཉེན་ཁ་དེའི་གཏེ་བོ་མིན་པའི་ངེས་པ་ཡེ་མེད་པས། འདི་དག་ལའང་ངས་ངེས་པར་དུ་ཡིད་གཟབ་བྱ་དགོས་ཨང་། གང་ལྟར། རང་ཉིད་ཀྱི་རྡོ་ཁང་གྲུ་བཞི་དེར་མ་བསླེབས་པའི་མ་འོངས་པའི་ཆུ་ཚོད་སྐར་མ་བཅུ་གྲངས་ཤིག་གི་རིང་ལ། ངས་ཅིས་ཀྱང་དུས་ཐོག་ཐག་ཏུ་ཉེན་ཁ་དེར་སྲོ་བསྒྲིམས་ནས་སྡོད་དགོས་པ་ཡིན། གནད་འགངས་འདི་ངས་གསལ་བོར་ཤེས་ཡོད། དེ་བས། རང་ཁྱིམ་ཞེས་པའི་རྡོ་ཁང་གྲུ་བཞི་དེར་སྐྱོད་པའི་ལམ་ཀ་ཧྲིལ་པོར། ངས་རང་གི་གཡས་གཡོན་མདུན་རྒྱབ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་མིག་གིས་འཚོས་ཏེ་སོང་ལ། ཉེན་ཁ་གང་དེའི་གྲགས་འགུལ་ཕྲ་མོ་ཙམ་བྱུང་བ་ཚུན་ཆད་དུས་ཐོག་ཏུ་བཟློག་པའི་གྲ་སྒྲིག་ཨང་གསར་བྱས་ཏེ་མདུན་ལ་སྐྱོད་ཀྱིན་ཡོད། ང་རང་སྐབས་ཐོག་འདིའི་རང་ཉིད་ཀྱི་གནས་སྟངས་འདིར་བློ་ཁ་ཤིན་ཏུ་ཚིམས་པ་ཞིག་བྱུང་། ཉམས་སྣང་ཞིག་ལ། གནས་སྐབས་འདིར་རང་ཉིད་ནི་སྐད་ཅིག་ཙམ་ལའང་གཡེལ་བ་མེད་པར་ཕ་རོལ་གྱི་དགྲ་བོར་བྱ་ར་བྱེད་མཁན་གྱི་སོ་དམག་ཅིག་གམ། ཡང་ན། དུས་རབས་མང་པོར་ཉེན་ཁ་གང་དེར་དོགས་ཟོན་བྱས་ནས་འོངས་པའི་ཁྭ་ཏ་ཞིག་ཡིན་པའི་སྣང་བ་བྱུང་། འོན་ཏེ། མཚམས་ཤིག་ལ། ངས་རང་ཉིད་ཀྱི་རྒྱབ་ཕྱོགས་སུ་མིག་ཞགས་ལན་གཅིག་འཕངས་པའི་ཉམས་སྣང་ལ། མཐའ་འཁོར་གྱི་ལམ་འགྲོ་བ་ཀུན་ལས་ཅུང་དམིགས་བསལ་དུ་མཐོང་བའི་སྐྱེས་པ་ཞིག་ངའི་ཕྱི་བཞིན་བསྙེགས་ནས་ཡོང་གིན་པ་འདྲ་བས། ང་རང་གློ་བུར་དུ་བྲེད་ཤ་ཐོན་པ་ཞིག་བྱུང་ལ། ཡང་བསྐྱར་སྟབས་གང་འགྲིག་གིས་ཕྱིར་མིག་ཅིག་བལྟ་དགོས་པ་བྱུང་། རེད། ནོར་མི་འདུག སྐྱེས་པ་དེ་ནི་མཐའ་འཁོར་གྱི་ལམ་འགྲོ་བ་ཀུན་ལས་ཅུང་ཐུན་མོང་མ་ཡིན་པ་ཞིག་ཏུ་མཐོང་ཡོང་། ཁོའི་གཟུགས་པོ་ང་ལས་ཅུང་རིང་ཞིང་ལུས་ཡོངས་སུ་གྱོན་གོས་ནག་པོ་ཤ་སྟག་གྱོན་འདུག་ལ། ད་དུང་ཞྭ་མོ་མིག་ཁར་འཐེན་ནས་ཁ་ཐུམ་ཡང་བརྒྱབ་འདུག་པ་དེ་ནི་གནོང་གང་ཞིག་ཡོད་པའི་རྟགས་མ་ཡིན་ནམ། དེར་མ་ཟད། སྐྱེས་པ་དེ་ཚུར་ཡོང་བའི་གོམ་འགྲོས་ལའང་དམིགས་ཡུལ་ཧ་ཅང་གསལ་བ་འདྲ། ང་མུ་མཐུད་དུ་མདུན་ལ་སྐྱོད་ཞོར་རྒྱབ་རོལ་གྱི་སྐྱེས་པ་དེར་ཟོན་བྱས་ནས་འོངས་པ་ཡིན། བར་སྐབས་ཤིག་ལ་སྐྱེས་པ་དེས་ཧ་ལམ་ངའི་རྗེས་ཟིན་ལ་ཉེ་བ་འདྲ་བས། ངས་ཅུང་ཟད་བརྟབས་པའི་ཚུལ་གྱིས་གོམ་པ་མགྱོགས་ལེན་འགའ་བྱས་ཤིང་རྒྱབ་ཕྱོགས་སུ་མིག་མདའ་ཙམ་འཕངས་པ་ན། མ་གཞིར་རང་ཉིད་དང་སྐྱེས་པ་དེ་གཉིས་ཀའི་བར་དུ་ད་དུང་རྒྱང་ཐག་ངེས་ཅན་ཞིག་གིས་ཆོད་འདུག རྒྱབ་རོལ་གྱི་མི་ནག་ལྭ་ནག་གྱོན་མཁན་དེ་ནི་ཡང་སྙིང་ངའི་ཕྱི་རྗེས་འདེད་མཁན་ཞིག་ཡིན་ནམ། ངས་འདི་ལྟར་བསམ་བློ་གཏོང་ཞོར་མུ་མཐུད་དུ་རང་ཉིད་ཀྱི་རྡོ་ཁང་གྲུ་བཞི་གང་དེའི་ཕྱོགས་སུ་བསྐྱོད་ཅི་ཐུབ་བྱས་པ་ཡིན། རིང་བོ་མ་སོང་བར། ང་རང་ལམ་མདོའི་གྲུ་ཟུར་དེ་ནས་རང་ཉིད་སྡོད་སའི་གཞིས་ཁུལ་དེའི་ཕྱོགས་སུ་དཀྱོགས་པ་ན། རྒྱབ་རོལ་གྱི་མི་ནག་ལྭ་ནག་ཅན་དེའང་ལམ་མདོ་དེ་ནས་ང་རང་གང་དུ་འཁོར་བའི་ཕྱོགས་ག་ལ་བ་དེར་དཀྱོགས་བྱུང་བས། ངས་རྒྱབ་རོལ་གྱི་སྐྱེས་པ་དེ་ནི་རྐང་བཙུགས་ནས་རང་ཉིད་ཀྱི་ཕྱི་རྗེས་སྙེག་མཁན་ཞིག་ཡིན་པར་ཁ་ཚོན་བཅད་ལ། ཁོའི་ལྭ་རིང་ནག་པོ་དེའི་ཐུ་འོག་གང་ཞིག་ཏུ་རང་ཉིད་ལ་འཚེ་བའི་དགྲ་སྟའམ། མེ་མདའ། ཤང་ལང་སོགས་ལྟ་བུའི་མཚོན་རྣོན་གང་ཞིག་སྦས་མེད་གྲང་སྙམ་སྟེ་བློ་ཁ་ཚོམ་ཡོང་། དེ་བས། ངས་གོམ་འགྲོས་སྔར་བས་ཀྱང་ཇེ་མགྱོགས་སུ་བཏང་ཞིང་རང་ཉིད་སྡོད་སའི་གཞིས་ཁུལ་གྱི་སྒོ་ཆེན་འབའ་ཞིག་ཡིད་ལ་བརྣགས་ཏེ་རྒྱུག་མ་འདུར་གྱིས་མདུན་ཕྱོགས་སུ་བསྐྱོད་པ་ཡིན། ང་འདི་ལྟར་རྒྱུག་མ་འདུར་གྱི་འགྲོས་ཤིག་ལས་གཞིས་ཁུལ་གྱི་སྒོ་ཆེན་དུ་བརྟོལ་ལ་ཁད་ཅིག་ཏུ། ཉམས་སྣང་ཞིག་ལ། རྒྱབ་རོལ་གྱི་མི་ནག་ལྭ་ནག་ཅན་དེས་ངའི་རྗེས་ཆོད་འདུག་པར་མ་ཟད། མཚོན་རྣོན་གང་ཞིག་ཀླད་ལ་གདེངས་ནས་ང་ལ་རྡེག་གྲབས་ལོས་ཡོད་སྙམ་པ་ཞིག་ཤར་བས། ངས་དེ་འཕྲལ་ཁུགས་འདྲོགས་ཤིག་དང་བཅས་གཡོལ་ཙམ་བྱས་ཤིང་ཕྱིར་བལྟས་ཙ་ན། མ་གཞིར་སྐྱེས་པ་དེ་ནི་སྔར་བཞིན་ང་དང་གོམ་པ་བརྒྱ་ཕྲག་ཅིག་གི་མཚམས་ན་འདུག་ཅིང་། ངས་ཁུགས་འདྲོགས་ཐེངས་ཤིག་བྱས་པ་དེས་ཁོ་རང་མུ་མཐུད་དུ་མདུན་ལ་ཡོང་བའི་གོམ་མཚམས་ཀྱང་རྨེག་གེར་ཆད་དེ། སྔར་མལ་དུ་འགྲེང་ནས་ང་ལ་བལྟས་ཏེ་འདུག དེ་མ་ཐག ང་རང་གླགས་འདི་དང་བསྟུན་ནས་རིངས་པ་རིངས་པར་གཞིས་ཁུལ་གྱི་སྒོ་ཆེན་དུ་འཛུལ་བ་ཡིན། སྒོ་ཆེན་འདིའི་ནང་རོལ་ཏུ་བརྒལ་བ་ན། ང་ལ་ད་གཟོད་གཡུལ་ངོ་གང་ཞིག་ནས་ཐར་སོང་བ་ལྟ་བུའི་དགའ་བ་ངེས་ཅན་ཞིག་འཕེལ་འོངས་ལ། བསྟུད་མར་དབུགས་དབྱུང་ལན་འགའ་བྱུང་བས། ངས་སྔོན་ཏག་ཏག་ལ་རང་ཉིད་ཀྱི་ཁོག་ཏུ་དབུགས་འདི་འདྲའི་མང་པོ་ཞིག་དྲིལ་ཏེ་ཡོད་པ་གཞི་ནས་ཚོར་བྱུང་། ཏག་ཏག་སྐབས་འདི་ཙམ་ཞིག་ཏུ། ངའི་རྗེས་ཀྱི་མི་ནག་ལྭ་ནག་ཅན་དེའང་ང་ཚོའི་གཞིས་ཁུལ་འདིའི་སྒོ་དྲུང་བརྒྱུད་ནས་ཕྱིན་སོང་བས། ངས་ཐོག་མར་སྐྱེས་པ་དེ་ནི་རང་ཉིད་ཀྱི་རྗེས་འདེད་མཁན་ཞིག་ཡེ་ནས་མིན་ལས་ཀྱང་ཆེ་སྙམ་མོད། འོན་ཏེ། ཁོ་དེ་ལྟར་གཞིས་ཁུལ་འདིའི་སྒོ་དྲུང་བརྒྱུད་ནས་འགྲོ་སྐབས་ཚུར་འཁོར་ནས་ངའི་ཕྱོགས་སུ་ནན་ཏན་གྱིས་ལྟ་ཙམ་བྱེད་པས། སྐྱེས་པ་དེས་ནི་མཐའ་གཅིག་ཏུ་ང་རང་དམིགས་ཏེ་མེད་གྲང་ཡང་སྙམ་བྱུང་། གང་ལྟར། གཞིས་ཁུལ་འདིའི་ནང་རོལ་ཏུ་ཐར་བ་འདིས། ང་ལ་རང་ཉིད་ཀྱིས་ཉེན་ཁ་དེ་ལན་གཅིག་བཟློགས་སོང་ཨང་སྙམ་པའི་བློ་སྤོབས་ངེས་ཅན་ཞིག་སྐྱེས་འོངས།
གྲོང་ཁྱེར་འདི་ནི་ཉི་མ་ནུབ་སླ་བའི་གྲོང་ཁྱེར་ཞིག་རེད།
ང་རང་ཅུང་ཟད་གཟབ་གཟབ་ངང་གཞིས་ཁུལ་འདིའི་ར་སྐོར་བརྒྱུད་ནས་རང་ཉིད་སྡོད་སའི་ཤག་མིག་ཆུང་ངུ་དེར་བསླེབས་དུས། གྲོང་ཁྱེར་འདིའི་ཉི་མ་གཞི་ནས་ནུབ་འདུག་ལ། ཉི་ཟེར་གྱི་དྲ་རས་ལྷེབ་མ་ཁ་ཤས་ཁང་བརྩེགས་དག་གི་གྲུ་ཟུར་དང་ཕ་གིའི་སྦྱར་སྡོང་རེངས་པོ་དག་གི་ཡལ་གར་ཐོགས་ནས་ཤུལ་དུ་ལུས་འདུག ངས་རྡོ་ཁང་གྲུ་བཞི་འདིའི་སྒེའུ་ཁུང་བརྒྱུད་ནས་བལྟས་ཚེ། ཉི་ཟེར་གྱི་དྲ་རས་ཧྲལ་ཧྲུལ་དུ་མའི་ཀློང་ན་ནག་ཀྲིག་ཀྲིག་ཏུ་འཚེར་བའི་ཁྭ་ཏ་དེ་དག་མཐོང་འོངས་ལ། བར་སྐབས་འདིར། ཁྭ་ཏ་དེ་དག་ནི་སྐམ་ཞིང་རིད་པའི་སྦྱར་སྡོང་སྐྱ་བོ་དེ་དག་གི་རྩེ་རུ་ཕྲ་བཏབ་པ་བཞིན་སྔར་བས་ཀྱང་གསལ་ཞིང་གསལ་བའི་ཚུལ་དུ་མངོན་ཡོང་། དེ་བས་ཀྱང་གསལ་ལྷང་ངེར་ཚོར་ཐུབ་པ་ནི་སྔར་བཞིན་ཁྭ་ཏ་དེ་དག་གི“ཀྭ—ཀྭ”ཞེས་པའི་སྐད་སྒྲ་རེད། ཉི་འོད་ཀྱིས་བསྐྱུར་བའི་སྲོད་ཀྱི་གྲོང་ཁྱེར་འདིར་མཚོན་ན། ཁྭ་ཏ་དེ་དག་གི་ཉེན་བརྡ་ཕྲ་ཞིང་རྣོ་བ་དེ་ནི་ཇི་འདྲའི་ཁ་ཚ་དགོས་གཏུག་ཅིག་རེད་ཨང་། གློ་བུར་གློ་བུར་དུ། ཁྭ་ཏ་དེ་དག་གི་གཅོང་སྐད་འཛེར་འཛེར་དུ་མཆེད་འོངས་ཏེ་གྲོང་ཁྱེར་འདིའི་འུར་ཟིང་དང་རབ་རིབ་ཀྱི་རྔམས་ཁ་ཡོད་ཚད་བརྟོལ་ནས་འགྲོ་དུས། ང་ལ་དེས་ནི་འཇིག་རྟེན་འདིའི་གནས་ལུགས་ཡོད་ཚད་ཀྱི་མཐར་ཐུག་ཅིག་ཤོད་སོང་བའི་ཉམས་སྣང་ཞིག་ལན་གཅིག་མིན་དུ་བསྟབས་འོངས། དེ་མ་ཐག ངས་ཀྱང་རང་ཉིད་ཀྱི་ཡོད་ཚད་ལ་སྲོ་བསྒྲིམས་ཏེ་ཉེན་ཁ་དེར་དོགས་ཟོན་བྱས་པ་ཡིན། ཡོད་ཚད་མུན་ནག་གི་གདོང་འབག་མཐུག་པོ་དེའི་ཕག་ཏུ་ཡིབ་ཆོག་པའི་དུས་ཀྱི་གནས་སྐབས་འདི་འདྲ་ལ། ཉེན་ཁ་དེ་ནི་སྐྱེས་བུ་གཡོ་ཅན་སྡར་མ་ཅོལ་ཆུང་ཞིག་གི་ཟོལ་གྱིས་གྲོང་ཁྱེར་འདིའི་གྲུ་ཟུར་གང་དུའང་གབ་སྟེ་བསྡད་ཆོག་པས། ངས་ཅིས་ཀྱང་ཡིད་གཟབ་བྱ་འོས། ཐ་ན་ཉེན་ཁ་དེ་ནི་ཏག་ཏག་སྐབས་འདིར་ངའི་ཤག་མིག་ཆུང་ངུ་འདིའི་གནས་ག་ཤེད་ཅིག་ན་གབ་སྟེ་མེད་པའི་ངེས་པའང་ག་ལ་ཡོད། ཧ་ལམ་ངའི་ཡིད་ལ་འདི་ལྟར་དྲན་པ་དང་དུས་མཉམ་དུ། ངས་ནི་གཞི་ནས་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་བཞི་བཅུ་ཙམ་ནས་མེད་པའི་རང་ཉིད་ཀྱི་ཤག་མིག་ཆུང་ངུ་འདིའི་ཕྱོགས་ཕྱོགས་སུ་མིག་བཤེར་བྱེད་ཀྱིན་འདུག རྒྱུ་ཤིང་ལས་བྱས་པའི་མལ་ཁྲི་དེ་དང་། མལ་ཁྲི་དེའི་གུད་དུ་བསླངས་པའི་གོས་སྒམ་དེ། གོས་སྒམ་དེ་དང་འདབས་འབྱར་དུ་དཔེ་དེབ་རེ་ཟུང་ཐོ་རེ་ལོང་ངེ་བའི་ཚུལ་དུ་བསྒྲིགས་འདུག་པའི་སྒྲོག་ཙེ་དེ། སྒྲོག་ཙེ་དེའི་སྟེང་དུ་མགོ་བོ་དང་གར་སྨད་པའི་སྟེགས་སྒྲོན་དེའམ། སྟེགས་སྒྲོན་དེ་དང་ཐག་མི་རིང་བའི་ཚ་དེམ་དེ། ཚ་དེམ་དེའི་འཁྲིས་ཀྱི་ཇ་ཕོར་དེ། ཡང་ན། ཕ་གིའི་རྩིག་ལྡེབས་སུ་བཀལ་བའི་བརྙན་འཕྲིན་དེ……དེ་དག་ཡོད་ཚད་དུ་ཉེན་ཁ་དེ་གབ་མེད་པའི་ཁ་ཚོན་སུ་ཞིག་གིས་ཆོད་ཨང་། ཏག་ཏག་སྐབས་འདིར། ངས་རྩིག་ལྡེབས་ཀྱི་བརྙན་འཕྲིན་དེ་ལས་ཉེ་ཆར་ས་སྒང་རིལ་མོ་འདིའི་ངོས་སུ་བྱུང་བའི་གསར་འགྱུར་ཁག་ཅིག་སྒྲོག་བཞིན་པར་ཡིད་འཇོག་བྱུང་། གསར་འགྱུར་ལས་བསྒྲགས་པ་ལྟར་ན། ཉེ་ལམ་དབུས་ཤར་གྱི་རྒྱལ་ཁབ་ཅིག་ཏུ་ཡང་བསྐྱར་དམག་འཁྲུག་གི་འཇིགས་པ་བྱུང་འདུག་ཟེར་ལ། ཡོ་རོབ་ཀྱི་གྲོང་ཁྱེར་ཞིག་ཏུ་འཇིགས་སྐུལ་རིང་ལུགས་པས་འགས་གཏོར་བྱས་ཡོད་ཚུལ་ཡང་བརྗོད་བྱུང་། ད་དུང་ཤར་ཕྱོགས་ཀྱི་རྒྱབ་ཁབ་ཅིག་ཏུ་རྒྱ་མཚོའི་དྲག་རླུང་གི་འཇིགས་པ་བྱུང་འདུག་ཅིང་། དེ་དང་འདབས་འབྲེལ་གྱི་རྒྱལ་ཁབ་ཅིག་ཏུའང་ས་ཡོམ་གྱི་འཇིགས་པ་བྱུང་ཡོད་ཚོད་རེད། རེད་ཨང་། ཉེན་ཁ་དེ་ནི་ཆུའི་འཇིགས་པ་དང་། མེའི་འཇིགས་པ། རླུང་གི་འཇིགས་པ། ས་གཡོ་བའི་འཇིགས་པ་སོགས་ཡིན་སྲིད་ལ། ད་དུང་རྐུན་པོའི་འཇིགས་པ་དང་། དུག་གི་འཇིགས་པ་དང་། མཚོན་གྱི་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། དགྲའི་འཇིགས་པ་དང་། ལྕེ་འབབ་པའི་འཇིགས་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་། སྐར་མདའ་ལྟུང་བའི་འཇིགས་པ་དང་། རྒྱལ་པོའི་ཆད་པའི་ལས་ཀྱི་འཇིགས་པ་དང་། ལྷའི་འཇིགས་པ་དང་། ཀླུའི་འཇིགས་པ་དང་། གློག་གི་འཇིགས་པ་དང་། ནམ་མཁའ་ལྡིང་གི་འཇིགས་པ་དང་། གཅན་གཟན་ཁྲོ་བོའི་འཇིགས་པ་སོགས་ཀྱང་ཡིན་མི་སྲིད་པའི་ངེས་པ་ག་ལ་ཡོད། དེས་ན། ང་དང་ངའི་ཤག་མིག་འདི། ཤག་མིག་འདི་ཡོད་སའི་གཞིས་ཁུལ་རྙིང་པ་འདི། ཐ་ན་གྲོང་ཁྱེར་འདི། ཐ་ན་ངའི་ཕ་ཡུལ། ཐ་ན་འཇིག་རྟེན་ཧྲིལ་པོའང་ཆེས་སྔ་མོ་ནས་ཉེན་ཁའི་གནས་གང་ཞིག་ཏུ་ཚུད་ཡོད་པ་འདྲ་ཨང་། རྒྱ་ལ་འདི་ལྟར་ཡིན་ན་ནི། ང་རང་གྲོང་ཁྱེར་འདིར་འོངས་པ་ནི་མ་གཞི་ནས་ཉེན་ཁ་ཞིག་ཡིན་ཡང་སྲིད། ཡང་གཅིག་བཤད་ན། ང་འཇིག་རྟེན་འདིར་སྐྱེས་པའི་དོན་འདི་ཀོ་རང་ཐོག་མ་ཉིད་ནས་ཉེན་ཁ་ཞིག་མིན་པའི་ངེས་པའང་ཡེ་མེད། གང་ལྟར། ངས་ཅིས་ཀྱང་ཉེན་ཁ་འདི་མི་གཞན་ལ་ཤེས་སུ་འཇུག་དགོས། ཆེས་མ་མཐའ་ཡང་ངས་སྒྲོལ་མ་ལ་ཉེན་ཁ་འདི་གསལ་པོ་ཞིག་ལབ་དགོས། ངའི་སེམས་སུ་འདི་ལྟར་དྲན་བཞིན་མལ་དུ་ཞུགས་མོད། འོན་ཏེ། མཚན་མོ་འདིར། ངས་གཉིད་གཏན་ནས་མ་ཁུག
“ཀྭ—ཀྭ ཀྭ—ཀྭ”
ཕྱི་ཉིན་ཞོགས་པར་མལ་ལས་ལྡང་དུས། ངས་སྔར་བཞིན་ཁྭ་ཏ་དེ་དག་གི་གཅོང་སྐད་དུས་ལྟར་དུ་ཐོས་བྱུང་བས། གློ་བུར་དུ་ཅི་ཡིན་མི་ཤེས་པའི་བློ་བདེ་བ་ཞིག་བྱུང་ལ། རང་ཉིད་ཡང་བསྐྱར་ཉེན་ཁ་དེ་ལས་ལན་གཅིག་ཐར་སོང་ཨང་སྙམ་པའི་དགའ་བ་ངེས་ཅན་ཞིག་ཀྱང་དུས་མཉམ་དུ་འཕེལ་ཡོང་། དེའི་མུར། ང་རིངས་སྟབས་ཀྱིས་ཁྲུས་ཁང་དུ་ཕྱིན་ནས་ཁ་ངོ་བཀྲུ་བར་བརྩམས་པ་ན། ཡིད་ལ་གློ་བུར་དུ་དོགས་གཞི་ཞིག་འཁོར་ཡོང་། རེད། ཁྲུས་ཁང་འདི་དང་ཁྲུས་ཁང་འདིར་ཡོད་པའི་ཁྲུས་གཞོང་། ད་དུང་རང་འབབ་ཆུ། ཐ་ན་ཁྲུས་ཀྱི་བྱ་བ་ཚུན་ཆད་ཀྱང་ཉེན་ཁ་དེ་སློང་བའི་རྒྱུ་རུ་མི་འགྱུར་བའི་ངེས་པ་གཏན་ནས་མེད། དེ་བས། ངས་ཁ་ངོ་བཀྲུ་བ་དེ་རེ་ཞིག་བསྐྱུར་ནས་སོ་འཁྲུད་དང་སོ་སྨན་ལག་ཏུ་བླངས་པ་ན། ཉམས་སྣང་ཞིག་ལ། སོ་འཁྲུད་དང་སོ་སྨན་གྱིས་ཀྱང་བློ་ཡུལ་ལས་འགོངས་པའི་ཉེན་ཁ་ངེས་ཅན་ཞིག་བཟོ་སྲིད་པ་འདྲ་བས། གནས་སྐབས་སུ་ངས་སོ་འཁྲུད་པ་དེའང་ཅམ་གྱིས་བཞག་ནས་སྒྲོལ་མ་ལ་ཉེན་ཁ་དེའི་སྐོར་ནས་གསལ་གདབ་པར་ཕྱིན་པ་ཡིན།
སྒྲོལ་མ་མདང་དགོང་ཡང་ཕྱིར་ལོག་པ་ཤིན་ཏུ་འཕྱིས་པ་འདྲ། ངས་བསྟུད་མར་མོའི་སྒོ་གླེགས་ལན་གྲངས་དུ་མར་བརྡུངས་པ་ན། མོས་ད་གཟོད་ཧ་ཅང་མ་རངས་པའི་སྒྲོས་ཤིག་གིས“ཡོང་གི་ཡོད”ཅེས་སྐད་རྒྱག་ཙམ་བྱེད་ལ། དེ་ནས་སྒོ་ལ་ཧྲག་བར་ཆུང་ངུ་ཞིག་བཏོད་དེ“ཅི་རེད། ཁྱོད་དམག་གིས་བདས་བྱུང་ངམ”ཞེས་ང་ལ་ཕུར་ཚུགས་སུ་བལྟས་ཏེ་འདུག སྒྲོལ་མའི་ཕུར་ཚུགས་སུ་ལྟ་སྟངས་དེར་སྤྱིར་ན་འུ་ཐུག་པའི་ཉམས་ཤིག་མངོན་འདུག་པ་ལ། ཞིབ་ཏུ་བལྟས་ན་སུན་སྣང་གི་ཆ་ཤས་ངེས་ཅན་ཞིག་ཀྱང་འདྲེས་ཡོད་པ་གསལ་ལེར་མཐོང་ཐུབ།
ངས་ཅུང་ཟད་བརྟབས་པའི་ཚུལ་གྱིས“སྒྲོལ་མ། དགོངས་པ་མ་ཚོམ། ཁྱོད་ཀྱིས་ངལ་གསོ་བར་ལ་བར་ཆད་བྱས་བྱུང་། འོན་ཏེ། ང་ལ་དོན་གལ་ཆེན་ཞིག་བཤད་དུ་ཡོད། ཨུན—ཉིན་འདི་འགར་ང་ཚོའི་མཐའ་འཁོར་དུ་ཉེན་ཁ་གང་ཞིག་འབྱུང་ལ་ཉེ་བས། ཁྱོད་ཀྱིས་ཅིས་ཀྱང་ཡིད་གཟབ་བྱ་དགོས། ངས་ཁྱོད་ལ་དོན་དག་འདི་བཤད་བསམས་པ་ཡིན”ཞེས་བཤད་པ་ན། སྒྲོལ་མས་ཐོག་མར་ངའི་གདོང་ལ་ལྟ་ཙམ་བྱེད་ཅིང་། དེ་ནས་ང་ཚོ་སྡོད་སའི་ཁང་ཁྱིམ་འདིའི་ཕྱོགས་ཕྱོགས་སུ་མིག་མྱུལ་ཐེངས་ཤིག་བྱས་ཤིང་། མཐའ་མར་ཁང་མིག་གསུམ་པ་དེའི་ཕྱོགས་སུ་མིག་བརྡ་ཞིག་བསྟན་ཏེ“ཤག་མིག་གསུམ་པའི་སྐྱེས་པ་ལྐོག་གྱུར་དེ་ཟེར་བ་ཡིན་ནམ”ཞེས་ལབ་ཞོར། གདོང་ལ་པྲ་ཆལ་གྱི་ཉམས་ཤིག་མངོན་ནས་འདུག
“སྐྱེས་པ་དེ་ཟེར་བ་མིན”
“དེས་ན། ཉེན་ཁ་དེ་ཅི་ཞིག་རེད”
“ངས་ཀྱང་ཉེན་ཁ་དེ་ཅི་ཞིག་ཡིན་མིན་མི་ཤེས། གང་ལྟར། ཁྱོད་ཀྱིས་ཡིད་འཇོག་བྱ་དགོས”
“འོ་ན། ཁྱོད་ཀྱིས་ཉེན་ཁ་ཞིག་འབྱུང་ཉེན་ཡོད་པར་ལབ་པ་མ་ཡིན་ནམ”
“རེད་རེད། ངས་ངོ་མ་ཟེར་བ་ཡིན། མི་འགྱང་བར་ཉེན་ཁ་གང་ཞིག་འབྱུང་སྲིད་པ་ཏན་ཏན་རེད། རྒྱུ་མཚན་ནི། ངས་ཉེན་ཁ་དེ་གསལ་བོར་ཚོར་འོང་གི་འདུག ཐ་ན་ཕ་གིའི་སྦྱར་སྡོང་མཐོན་པོ་དག་གི་རྩེ་རུ་ཡོད་པའི་ཁྭ་ཏ་དེ་དག་གིས་ཀྱང་ཉེན་ཁ་དེ་ཚོར་གྱི་འདུག”
“ཁྭ་ཏ—”
སྒྲོལ་མས་ཁྭ་ཏ་ཞེས་ཅི་ཞིག་བཤད་གྲབས་ཀྱིས། ཡང་གློ་བུར་དུ་ངག་སྒོ་བསྡམས་ནས་བསྡད་བྱུང་། ཡིད་འཇོག་ཙམ་བྱུང་དུས། སྐབས་འདིར་ངའི་ལག་པ་གཞི་ནས་སྒྲོལ་མའི་དཔུང་བ་ཡ་གཅིག་ལ་འཇུས་འདུག་ཅིང་། སྒྲོལ་མའི་གདོང་ན་ཅུང་ཟད་ཐེ་ཚོམ་དང་བཅས་པའི་ཀུ་ཐུག་པའི་ཉམས་ཤིག་མངོན་ཏེ་འདུག དོན་དུ་དེ་ནི་གློ་བུར་དུ་ཞེད་སྣང་གང་ཞིག་སྐྱེས་པའི་རྣམ་འགྱུར་ཡིན་པ་ངས་གསལ་པོར་རྟོགས་བྱུང་། དེ་མ་ཐག ངས་ལམ་སང་སྒྲོལ་མའི་དཔུང་བ་ཀློད་པ་དང་། མོས་ནི་རྙི་ལས་ཐར་བའི་རི་དྭགས་ཤིག་གི་བྲེད་དངངས་ཀྱིས་ཁང་པའི་སྒོ་ཁྲོག་གེར་བརྒྱབ་བྱུང་ལ། མོས་སྒོ་བརྒྱབ་པ་ལ་སྔ་ན་མེད་པའི་ཆོད་སེམས་ཤིག་གིས་ཁེངས་འདུག སྒྲོལ་མར་ཞེད་སྣང་ངེས་ཅན་ཞིག་བསླངས་པ་འདིས་ངའི་བློ་ཁ་ཅུང་ཟད་མི་བདེ་བར་གྱུར། ང་རང་དེ་བས་ཀྱང་བློ་མི་བདེ་བ་ནི་སྒྲོལ་མས་ཉེན་ཁ་དེའི་ཕྱོགས་ཙམ་ཡང་ཚོར་གྱི་མེད་པ་དེ་རེད།
ཧ་ལམ་སྐབས་འདི་ཙམ་ཞིག་ལ། ངས་ད་གཟོད་གཞི་ནས་རྟོགས་སོང་། འཇིག་རྟེན་འདིར་ངའི་སེམས་དོན་རྟོགས་མཁན་ཞིག་ཡོད་པ་ནི་དོན་དུ་ཁྭ་ཏ་འབའ་ཞིག་རེད། དེ་མ་ཐག་ངས་ནི་ཁྭ་ཏ་དེ་དག་མཐོང་འདོད་ཀྱིས་ལམ་སང་ཕྱིར་རང་ཉིད་སྡོད་སའི་ཤག་མིག་ཆུང་ངུ་དེར་འོངས་མོད། འོན་ཏེ། ཏག་ཏག་སྐབས་འདིར། ཁྭ་ཏ་དེ་དག་ཀྱང་ཕ་གིའི་སྦྱར་སྡོང་རེངས་པོ་དག་གི་རྩེ་རུ་མཐོང་རྒྱུ་མི་འདུག་ལ། ཤ་ཚ་བའི་ཉེན་བརྡ་འཛེར་འཛེར་པོ་དེའང་གནས་སྐབས་སུ་ཐོས་འཛིན་གྱི་བགོ་སྐལ་དུ་མ་གྱུར་པས། གློ་བུར་དུ། ངས་གློང་ཁྱེར་འདིའི་འུར་ཟིང་གི་ཆ་གང་ཞིག་ནས་སྔ་ན་མེད་པའི་ལྷིང་འཇགས་ཀྱི་ལྗིད་ཚད་ཅིག་ཚོར་ཡོང་ལ། དེ་མ་ཐག ཁྭ་ཏ་དེ་དག་རང་ཉིད་དང་གྲོང་ཁྱེར་འདིར་མཚོན་ན་ཇི་འདྲའི་གལ་འགངས་ཆེ་བ་ཞིག་ཡིན་པའང་གཞི་ནས་རྟོགས་བྱུང་། སྒྲོལ་མ་ཡིད་ཆེས་ཀྱང་ཆོག་ལ་མི་ཆེས་ཀྱང་བླ། ཉེན་ཁ་དེ་ནི་མ་བོས་འགྲོན་པོ་ཞིག་གི་ཟོལ་གྱིས་མ་འོངས་པའི་དུས་ཀྱི་མཚམས་ཚིགས་གང་ཞིག་ཏུ་འབྱུང་སྲིད་པ་གདོན་མི་ཟ་བས། ངས་དུས་དང་རྣམ་པ་ཀུན་ཏུ་ཉེན་ཁ་དེར་དོགས་ཟོན་བྱ་རྒྱུ་ཅིས་ཀྱང་ལྷོད་མི་རུང་། བར་སྐབས་འདིར། ང་ནམ་རྒྱུན་ཁྭ་ཏ་དེ་དག་ལ་བལྟ་སའི་སྒེའུ་ཁུང་དེའི་གུད་དུ་འགྲེང་སྟེ་འདི་ལྟར་བསམ་བློ་བཏང་། ཉེན་ཁ་དེ་ཅི་ནས་ཀྱང་འབྱུང་ངེས་པ་ཞིག་ཡིན་ཕྱིན། ངས་རྣམ་ཀུན་འདི་ལྟར་ཉེན་ཁ་གང་དེར་ཟོན་བྱས་ནས་བསྡད་པས་ཅི་ཡང་མི་ཡོང་། དེ་ནི་ཉེན་ཁ་གང་དེ་འབྱུང་བར་ངང་སྒུག་བྱས་ནས་སྡོད་པ་དང་གཉིས་སུ་མེད། དེ་བས། ངས་ཅིས་ཀྱང་ཉེན་ཁ་དེ་ཇི་ལྟར་ཕྱིར་བཟློག་པའི་ཐབས་ལ་འབད་ན་འགྲིག་ཨང་། གློ་བུར་དུ་ངའི་ཡིད་ལ་འདི་ལྟར་དྲན་བྱུང་བས། ང་ནི་རང་ཉིད་ཀྱི་འཆར་སྒོ་གསར་པ་འདིར་ཧ་ལས་པ་ལྟ་བུ་ཞིག་བྱུང་། དེའི་མུར། ངས་ཁྱིམ་གྱི་གློག་ཐབ་དང་ཚ་དེམ། སྟེགས་སྒྲོན། ཇ་ཕོར་སོགས་འཚོ་བའི་ཉེར་སྤྱད་ཐམས་ཅད་གསར་དུ་བརྗེས་ཤིང་། ཐ་ན་སོ་འཁྲུད་དང་སོ་སྨན་ཡང་གསར་དུ་ཉོས་འོངས་ཏེ་སྔོན་མའི་སོ་འཁྲུད་དང་སོ་སྨན་ཕྱག་དར་ཁྲོད་གཡུགས་པ་ཡིན། དེ་ནས་རྩིག་པའི་གྲུ་ཕུགས་དང་། མལ་ཁྲི་དང་གོས་སྒམ་གྱི་སྲུབས་ཀ སྒྲོག་ཙེ་དང་རྐུབ་སྟེགས་ཀྱི་སྟེང་འོག་སོགས་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་བཞི་བཅུ་ཙམ་ལས་མེད་པའི་ཤག་མིག་ཆུང་ངུ་འདིར་སྔ་དྲོ་ཙམ་ཞིག་གི་རིང་ལ་དག་ཐེར་དང་ཞིབ་བཤེར་ཕྲ་ཞིང་ཕྲ་བ་ཞིག་སོང་ཙ་ན། ངས་ད་ནི་རང་ཉིད་ལ་ཉེན་ཁ་དེས་ཚུགས་མི་འགྱུར་ཨང་སྙམ་པའི་གདེང་ངེས་ཅན་ཞིག་ཀྱང་རྙེད་ཐུབ་པ་འདྲ། དེ་ལྟ་མོད་ཀྱང་། ཉེན་ཁ་དེ་ནི་འཕར་སྤྱང་གཡོ་ཅན་ཞིག་དང་འདྲ་བར། ང་ལ་མཐོ་འཚམས་པའི་གླགས་འབའ་ཞིག་ཡིད་ལ་བརྣགས་ཏེ་ཡོད་པས། ང་འདི་ཙམ་ལ་བློ་འཚེངས་ནས་སྡོད་ག་ལ་རིགས། ཤག་མིག་ཆུང་ངུ་འདིའི་ནང་གི་ཞིབ་བཤེར་ཡོད་ཚད་སྐོབས་སུ་ཆུད་རྗེས། ངས་ཕྱི་རོལ་ནས་ལྕགས་མགར་ཞིག་བཙལ་འོངས་ཏེ་ཤག་མིག་འདིའི་སྒེའུ་ཁུང་ལ་ལྕགས་ཀྱི་དྲ་བ་ཞིག་བཟོས་ཤིང་། དེ་ནས་ཟྭ་འབྱེད་མཁན་ཞིག་ལ་སྐད་བཏང་སྟེ་ཤག་མིག་འདིའི་སྒོའི་ལྕགས་ཟྭའང་གསར་དུ་བརྗེས་པ་ཡིན།
ཕལ་ཆེར་སྒོའི་ལྕགས་ཟྭ་རྗེ་བའི་གྲགས་འགུལ་གོ་སོང་བ་འདྲ། ཟྭ་འབྱེད་མཁན་གྱི་བགྲེས་སོང་དེས་ངའི་ཤག་མིག་འདིའི་སྒོ་ལྕགས་རྗེ་བའི་མཚམས་ཤིག་ལ། སྒྲོལ་མས་ཀྱང་མོའི་ཁང་མིག་དེའི་སྒོར་སྲུབས་ཀ་ཏོག་ཙམ་ཕྱེ་སྟེ་ལྟ་ཙམ་བྱེད་ཅིང་། དེ་ནས་ཅུང་ཡ་མཚན་པའི་རྣམ་འགྱུར་ཞིག་བསྟན་ནས“ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་དམ”ཞེས་དྲིས་བྱུང་།
ཡང་བསྐྱར་སྒྲོལ་མ་མཐོང་བ་དེས་ང་ལ་ཅི་ཡིན་མི་ཤེས་པའི་དགའ་བ་ངེས་ཅན་ཞིག་འཕེལ་ཡོང་། དེའི་མུར་ངས་ཧ་ཅང་ནན་ཏན་གྱིས“ངས་ཁྱོད་ལ་ཉེན་ཁ་གང་ཞིག་འབྱུང་ཉེན་ཡོད་ཚུལ་ལབ་པ་མ་ཡིན་ནམ། དེ་བས། ངས་ཉེན་ཁ་དེ་བཟློག་པའི་ཆེད་དུ་སྒོ་ལྕགས་རྗེ་བཞིན་ཡོད། ཁྱོད་ཀྱིས་ཀྱང་ཉེན་ཁ་དེར་ཡིད་འཇོག་བྱ་དགོས་ཨང་། གལ་ཏེ། ཁྱོད་ཀྱིས་ཀྱང་སྒོའི་ལྕགས་ཟྭ་བརྗེ་འདོད་ཚེ། ངས་ཟྭ་འབྱེད་མཁན་འདིར་ལབ་ཆོག”ཅེས་བཤད་པ་ན། སྒྲོལ་མ་ཐོག་མར་ཅུང་ཟད་ཡུལ་ཡུལ་པོར་གྱུར་ཅིང་། དེ་ནས་ཧ་ལས་པའི་ཉམས་ཤིག་དང་བཅས“མི་དགོས། མི་དགོས”ཞེས་ལབ་ཞོར་ང་དང་རྒྱང་ཐག་ངེས་ཅན་ཞིག་ཏུ་བཀྱེད་ནས་གསང་སྤྱོད་དུ་ཕྱིན་སོང་ལ། གསང་སྤྱོད་ནས་ཕྱིར་ལྡོག་དུས་ཀྱང་ང་དང་བར་ཐག་ངེས་ཅན་ཞིག་བཞག་ནས་རང་ཉིད་ཀྱི་ཤག་མིག་དེར་འཛུལ་སོང་། མོ་རང་ཅུང་ཟད་ཧ་ལས་པ་དེ་ནི་དོན་གྱིས་ཞོགས་པའི་ཞེད་སྣང་གི་ཉམས་དེའི་མངོན་སྟངས་གཞན་ཞིག་ཡིན་པ་ངས་གསལ་བོར་མཐོང་བྱུང་། སྒྲོལ་མར་ཞེད་སྣང་ངེས་ཅན་ཞིག་བསླངས་པ་འདིས་ངའི་བློ་ཁ་དེ་མ་ཐག་ནོངས་འགྱོད་ཟ་ཟི་ཞིག་གིས་བཟུང་ཡོང་། གང་ལྟར། སྒྲོལ་མ་ད་དུང་ཡང་ང་ལ་ཡིད་ཆེས་ཀྱི་མེད་པ་གསལ་བོ་རེད་ལ། མོས་ད་དུང་ཡང་ངས་བཤད་པའི་ཉེན་ཁ་དེའི་ཕྱོགས་ཙམ་ཡང་ཚོར་གྱི་མེད་པ་ངེས་གཏན་རེད། དེ་ལྟ་མོད་ཀྱང་། ངས་སང་ཉིན་ཡང་སྟབས་གང་འགྲིག་གིས་མོ་ལ་ཉེན་ཁ་དེའི་སྐོར་ནས་གསལ་ཅུང་ཟད་གདབ་པའི་སེམས་ཐག་བཅད་པ་ཡིན།
ཕྱི་ཉིན་ཞོགས་པར། ང་ཡང་བསྐྱར་ཁྭ་ཏ་དེ་དག་གི་གཅོང་སྐད་ཀྱི་ཁྲོད་ནས་གཉིད་ལས་སད་དུས། ཉེན་ཁ་དེ་ད་དུང་ཡང་བྱུང་མི་འདུག འདི་ནི་དགའ་འོས་པའི་དོན་ཞིག་ཅི་ལ་མིན། ངས་ཅིས་ཀྱང་གླགས་འདི་དང་བསྟུན་ནས་སྒྲོལ་མ་ལ་ཉེན་ཁ་གང་དེ་ལབ་དགོས་ཨང་སྙམ། དེ་བས། ང་རང་ཉིད་ཀྱི་ཤག་མིག་ཆུང་ངུ་དེ་ལས་ཕྱིར་ཐོན་ནས་སྒྲོལ་མའི་སྒོ་གླེགས་རྡུང་གྲབས་སུ། གློ་བུར་དུ་སྒོ་གང་ཞིག་རྡུང་བའི་ཁྲོག་སྒྲ་ཐོས་བྱུང་བས། ངས་སྒྲོལ་མའི་སྒོ་འདི་ནི་མ་བརྡུངས་ཀྱང་གྲགས་འོངས་པ་ཅི་ཡིན་ནམ་སྙམ་སྟེ་ཞིབ་ཏུ་མཉན་པ་ན། མ་གཞིར་ཁང་ཁྱིམ་འདིའི་སྒོ་གླེགས་མི་ཞིག་གིས་ཕྱི་རོལ་ན་རྡུང་བཞིན་པ་ཡིན་འདུག ང་ལམ་སང་ཕར་བརྒྱུགས་ནས་སྒོ་ཕྱེ་ཙ་ན། ཁ་གཏད་དུ་སྔོན་མའི་ཉེན་རྟོག་པ་དེ་གཉིས་འགྲེང་འདུག་ལ། དེ་ལས་གཅིག་གིས“ཁྱོད་ཀྱི་ཁྱིམ་མཚེས་དག་གིས་ཁྱོད་ནི་མི་ཉེན་ཁ་ཅན་ཞིག་རེད་ཅེས་ཞུ་གཏུག་བྱས་འདུག་པས། ང་ཚོ་དང་མཉམ་དུ་འགྲོ་རོགས”ཞེས་བརྗོད་ཅིང་། ངའི་ལག་པ་གཉིས་ཀ་འཇམ་ཡུག་ཡུག་གི་ལྕགས་སྒྲོག་ཅིག་གིས་དམ་པོར་སྦྲེལ་བྱུང་། འཇམ་ཡུག་ཡུག་གི་ལྕགས་སྒྲོག་དེ་བར་སྐབས་འདིར་ང་ལ་ཧ་ཅང་འཁྱགས་སྣང་ཞིག་སྐྱེས་ཡོང་།
ཉེན་རྟོག་པ་དེ་གཉིས་ཀས་ང་རང་གཞིས་ཁུལ་འདིའི་ར་སྐོར་དུ་ཁྲིད་ནས་འགྲོ་དུས། ངའི་རྒྱབ་རོལ་གྱི་བར་སྣང་ནས་སྔར་བཞིན་ཁྭ་ཏ་དེ་དག་གི་གཅོང་སྐད་ལན་གཅིག་མིན་དུ་གྲགས་འོངས། ཁྭ་ཏ་དེ་དག་ཡོད་པས། ད་ནི་ང་རང་སྒྲོལ་མ་དང་བཅས་པའི་གྲོང་ཁྱེར་འདི་ལ་སེམས་ཁྲེལ་ཅི་ཡང་མི་འདུག
“ཀྭ—ཀྭ ཀྭ—ཀྭ”

རྩོམ་པ་པོའི་གནས་ཚུལ།
ཚེ་དབང་རྣམ་རྒྱལ། བོད་ཀྱི་དེང་རབས་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ། 1988ལོའི་ཧོར་ཟླ12པར་མདོ་སྨད་ཁྲི་ཀར་སྐྱེས། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན། ལྷ་ས་གྲོང་ཁྱེར་བརྙན་འཕྲིན་ལས་ཁུངས། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་བཅས་སུ་སློབ་གཉེར་དང་གཞུང་གི་ལས་ཀར་ཞུགས། རྩོམ་རིག་བརྩམས་ཆོས་དང་རིག་གཞུང་དཔྱད་རྩོམ་ཁག་ཅིག《སྦྲང་ཆར》དང《ཀྲུང་གོའི་བོད་རིག་པ》སོགས་སུ་འཁོད་ཡོད་ལ། སྔ་ཕྱིར་སྒྲུང་ཐུང་ཕྱོགས་བསྒྲིགས《ཨ་ཕ་ཆང》དང་སྒྱུར་རྩོམ《རིག་རྩལ་བསྐྱར་དར་སྐབས་ཀྱི་ཡོ་རོབ་ནུབ་མའི་རྩོམ་རིག》དང《ཐེག་པར་དཀའ་བའི་ཚེ་སྲོག་གི་ཡང་བ》《ལྗན·ཨེར》བཅས་པར་དུ་བཏབ།