མིག་ལྟོས། ——ཡུམ་ཚེ་རིང་གི་རིག་གཞུང་ཆེད་དེབ་འགྲེམས་སྤེལ་ཚོགས་འདུར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མིག་ལྟོས། 

——ཡུམ་ཚེ་རིང་གི་རིག་གཞུང་ཆེད་དེབ་འགྲེམས་སྤེལ་ཚོགས་འདུར།

ཆོས་སྐྱོང་།  

དགེ་རྒན་དང་གྲོགས་པོ་རྣམ་པ། སྐུ་ཁམས་བཟང་།

ཐོག་མར། ཡུམ་ཚེ་རིང་གི་རིག་གཞུང་ཆེད་དེབ་དངོས་སུ་འགྲེམས་སྤེལ་བྱས་པར་རྟེན་འབྲེལ་ཞུ། གོ་སྐབས་འདི་དང་བསྟུན་ནས་སྐད་ཆ་ཚིག་གསུམ་བཤད་རྩིས་ཡོད།

དང་པོ། ཡུམ་ཚེ་རིང་ངེད་གཉིས་མི་ལོ་ཉི་ཤུ་ལྷག་གི་གྲོགས་པོ་ཡིན། ཡང་ན་དགའ་ཕྱོགས་གཅིག་པའི་རྩོམ་གྲོགས་ཟེར་ཀྱང་ཆོག །

1994ལོར། གུས་པ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ཕྱིན་པ་དང་། སློབ་གྲྭ་དེ་གར་སློབ་གཉེར་བྱེད་རིང་། སྐར་མ་འོད་ཆེན་ཞེས་པའི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དུས་དེབ་ཅིག་བསྒྲུབས།

1996ལོར། ཡུམ་ཚེ་རིང་ཁོང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་སླེབས་ཏེ། སྒྲོན་སྟེགས་ཞེས་པའི་དུས་དེབ་ཅིག་གཉེར་བ་དང་། ཁོང་ནི་དེའི་ཁྲོད་ཀྱི་ལས་སྣེ་གཙོ་བོ་རེད།

དེའི་དུས། ཁ་པར་སོགས་འབྲེལ་ལམ་སྟབས་མི་བདེ་ནའང་། ང་ཚོ་ཕན་ཚུན་བར་དུས་དེབ་གཉི་ག་བརྗེ་རེས་བྱས་པའི་ལོ་རྒྱུས་ཡོད། དེར་མ་ཟད། ཁོང་གི་རྒྱ་ཡིག་གི་སྙན་དེབ་མེ་དཔུང་ཞེས་པ་སློབ་གྲྭར་འབྱོར་ཏེ་བཀླགས་པའི་དྲན་པ་ད་དུང་ཡིད་ངོར་གསལ།

དེ་ནི་ངེད་གཉིས་གྲོགས་པོའམ་ཡང་ན་དགའ་ཕྱོགས་གཅིག་པའི་རྩོམ་གྲོགས་སུ་གྱུར་པའི་རྒྱུ་རྐྱེན་རགས་ཙམ་མོ།།

གཉིས་པ། ཡུམ་ཚེ་རིང་ངེད་གཉིས་མི་ལོ་ཉི་ཤུ་ལྷག་གི་རྩོམ་པ་པོ་དང་རྩོམ་སྒྲིག་པའི་འབྲེལ་བའམ་ཡང་ན་ང་ནི་དུས་ད་ལྟའི་བར་ཁོང་གི་ཀློག་པ་པོ་རྣམ་དག་ཅིག་ཡིན།

1998ལོར། གུས་པ་དངོས་གཞིའི་འཛིན་གྲྭ་མཐར་ཕྱིན་རྗེས་སྦྲང་ཆར་རྩོམ་སྒྲིག་ཁང་དུ་ལས་བགོས་བྱས་པ་དང་། 1999ལོར། ཁོང་གི་ལྷུག་རྩོམ་བདག་གི་འགྲམ་དུ་ཞེས་པ་ནས་རིམ་བཞིན་བདག་གི་གདམ་གསེས་དང་ཁང་རྙིང་། 2004ལོར། ཁོང་གི་སྒྲུང་གཏམ་རྣམ་སྨིན་ནས་རིམ་བཞིན་སྡོམ་པ་སྲུང་བ་དང་སེམས་ཁུར། དེ་ནས2019ལོར། སྒྲུང་རིང་སྤྲིན་གྱི་རྫི་བོའི་བར་དུ། གུས་པས་ཡུམ་ཚེ་རིང་གི་བརྩམས་ཆོས་ཕལ་ཆེར་མ་བཀླགས་པ་མེད།

དེ་ནི་རྩོམ་པ་པོ་དང་རྩོམ་སྒྲིག་པའི་འབྲེལ་བས་གྲུབ་པའི་ཀློག་པ་པོ་རྣམ་དག་ཅིག་ཡིན་པའི་རྒྱུ་མཚན་མདོར་བསྡུས་ཙམ་ལགས། ད་བར་དུ་གུས་པས་ཁོང་གི་བརྩམས་ཆོས་གང་དང་གང་ལའང་ཀློག་པ་པོའི་ངོས་ནས་ཆེད་དུ་བྲིས་པའི་རྩོམ་ཡིག་གཅིག་ཀྱང་མེད་པས། ཁོང་ལ་བུ་ལོན་ཅི་ཞིག་ཆད་པའི་སྣང་བ་རྟག་པར་འབྱུང་། ཡིན་ནའང་། འཕྲིན་ཡིག་གི་ལམ་ནས་དང་ཁ་པར་གྱི་ལམ་ནས་བསམ་འཆར་བརྗེ་རེས་དང་ཁ་བརྡ་བྱས་པ་དག །ང་ལ་མཚོན་ན་ཡིག་ཐོག་ཏུ་གྲུབ་པ་ལས་ཀྱང་གལ་ཆེན་པོར་རྩི་བཞིན་ཡོད། དེ་ནི་ངེད་གཉིས་ཁོ་ནར་དབང་བའི་བརྗེད་དུ་མེད་པའི་ཕྱིར་དྲན་ཡང་ཡིན། ད་ལྟའི་ལོ་ཚོད་འདིར་དེའི་ཕྱོགས་ལ་བསམ་བློ་རེ་བཏང་ཚེ། སྒྱུ་རྩལ་རྩོམ་རིགས་ལ་དགའ་བ་དང་དད་པ་དང་སྤྲོ་བ་ཟེར་བ་སོགས་ནི། རྣམ་འགྱུར་ཕྲ་མོ་འདི་དང་འདི་ལྟ་བུ་ཞིག་ལ་ཐུག་པ་མིན་འགྲོ་ཨང་སྙམ།

གསུམ་པ། མི་ལོ་ཉི་ཤུ་ལྷག་གི་རྗེས་སུ། དང་པོ་ཅོ་ནེ་ཆས་པ་གཤིས་ནས་ལམ་ལ་ཆས་པའི་ཕོ་གསར་དེ། བར་དུ་གྲོང་ཁྱེར་ཆེན་པོ་སྤོས་ངད་ལྡང་བར་གྲགས་པའི་གནས་འདིར། བསླབ་པ་སློབ་གཉེར་བྱས། རང་དོན་གཞན་དོན་བསྒྲུབས། ད་ནི་རིག་གཞུང་ཞིབ་འཇུག་གི་འབྲས་བུ་གཏོས་ཆེ་བ་འདི་འདྲ་ཞིག་ང་ཚོའི་བགོ་སྐལ་དུ་བྲིམས་པ་ནི། མི་ཚེ་དོན་ཡོད་དུ་བྱས་པའི་རྟགས་མཚན་གལ་ཆེན་ཞིག་ཅི་ལ་མིན།

བྱེ་བྲག་ཏུ། ཁོང་གི་དཔྱད་འབྲས་འདིར་ལྟ་ལོང་མ་བྱུང་ནའང་། དེའི་ཁྲོད་ཀྱི་སྐྱེ་ཁམས་རྩོམ་རིག་སྐོར་གྱི་ས་བཅད་ཧྲིལ་པོ་དང་། མཇུག་བྱང་དུ་བྲིས་པའི་ས་བཅད་བདུན་ཅན་ནམ་ཤོག་ངོས་ཞེ་གསུམ་གྱིས་གྲུབ་པ་དེར་ཞིབ་ཏུ་མཇལ།

སྔོན་གྱི་ངེད་གཉིས་འབྲེལ་འདྲིས་དང་ཁོང་གི་བརྩམས་ཆོས་དག་བཀླགས་པའི་ཉམས་མྱོང་། གཞན་ཡང་ད་རེས་ཁོང་གི་རང་རྣམ་ལྟ་བུའི་མཇུག་བྱང་བཅས་སུམ་སྦྲགས་ཀྱིས་བལྟས་ཚེ། གུས་པའི་སྣང་ངོར་ཡུམ་ཚེ་རིང་ཟེར་བའི་བཏགས་ཆོས་གང་ཞིག །སྒྲུང་གཏམ་ཁྲོད་ཀྱི་མི་སྣའི་སྣང་བརྙན་བཞིན་ཇེ་གསལ་ནས་ཇེ་གསལ་རེད།

ཇེ་གསལ་དུ་གྱུར་པའི་སྣང་བརྙན་དེ། མཐར་གཏུགས་ན་ཡུམ་ཚེ་རིང་ཁོང་ལ་ལྟ་སྟངས་ཁྱད་པར་ཅན་ཞིག་ཡོད་པས་རེད། ལྟ་སྟངས་དེ་ནི་ལུས་གྲོང་ཁྱེར་དུ་གནས་ཀྱང་སེམས་ཕ་ཡུལ་དུ་འཁོར་བའི་ཁོང་གི་ངང་རྒྱུད་རིང་མོ་ལས་བྱུང་ཞིང་། ཁོང་གིས་ཕ་ཡུལ་ལ་གུས་བཀུར་དང་དྲིན་གཟོའི་འདུ་ཤེས་ཀྱིས་བསྐྱེད་པ་ཞིག་ཀྱང་རེད། ཕ་ཡུལ་དང་གྲོང་ཁྱེར་གཉིས་ཀྱི་མཐའ་རུ་འགྲེང་བའི་ལྟ་སྟངས་དེ། མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་ངོས་ནས་རང་དང་གཞན། བལྟ་བྱ་དང་ལྟ་བྱེད་སོགས་གླེང་གཞི་རྒྱ་ཆེ་བ་ཞིག་ཡིན་པ་གདོན་མི་ཟ་མོད། འོན་ཀྱང་ངས་མི་འཇོན། སྒྱུ་རྩལ་རྩོམ་རིག་ཁྲོད་མཐོང་སྣེ་ཟེར་བ་དང་འདྲ་འབྲེལ་གཉིས་ཀྱི་སྒོ་ནས་བརྗོད་ན། ཁོང་གིས་ཕ་ཡུལ་ལ་དྲང་པོ་དྲག་བཞག་གིས་ལྟ་བའམ་ཡང་ན་ཁ་མིག་ཡར་ལྟ་བྱེད་པའི་རྣམ་འགྱུར་དེ་རེད། འདི་ནི་སྔོན་གྱི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པ་སོགས་དང་ཅུང་ཟད་མི་གཅིག་པའི་ལངས་ཕྱོགས་ཤིག་ཏུའང་ངོས་གཟུང་ཆོག །དེའི་འབྲས་བུར་ད་གཟོད་གནའ་རབས་སྒྲུང་གཏམ་ལ་དཔྱད་པའི་གཏམ་མདུད་རྒྱ་གྲོལ་བ་ལྟ་བུ་བྱུང་བ་སྨོས་ཅི་དགོས། སླད་མར་ཡང་འབྱུང་སྲིད་པ་དང་འབྱུང་ཆོག་ཆོག་ཡིན་པའི་ཡིད་ཆེས་བརྟན། ཡང་གཅིག་བཤད་ན། འདི་ནི་རིག་གནས་རང་རྟོན་ཟེར་བའི་དེང་གི་སྲིད་ཇུས་དང་མཐུན་ཞིང་། རིག་གནས་རང་རྟོན་ཟེར་བ་དེ། མི་སྒེར་རང་སྟེང་ནས་ཇི་ལྟར་ལག་ལེན་དུ་བཏབ་པའི་མིག་ལྟོས་གསོན་པོ་ཞིག་ཀྱང་རེད།

ཁ་དྲོ་བཀྲ་ཤིས།

2025ལོའི་ཟླ10པའི་ཚེས19ཉིན་སྤོས་ལྡན་གྲོང་དུ་གུས་ཕུལ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།