ཀླད་ཀྱི་གཏམ།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“མཐོང་ཐོས་དབང་བོའི་ཡུལ་དུ་མ་གྱུར་བར། །ཁྱིམ་གྱི་མལ་དུ་དཔྱད་པས་མི་ཤེས་པའི། །ཕྲ་རགས་དོན་གྱི་ཁྱད་པར་ཇི་སྙེད་ཅིག །རྣམ་གསལ་དཔེ་ཡི་ལམ་ནས་འདིར་བཤད་བྱ”ཞེས་གསུངས་པ་ལྟར། ཞིབ་འཇུག་བྱ་ཡུལ་གྱི་གནས་ལ་དངོས་སུ་མ་ཕྱིན་པར་བདེན་རྫུན་དང་ལེགས་ཉེས་ཀྱི་བརྡར་ཤ་གཅོད་པ་ནི་རིག་གཞུང་ཉམས་ཞིབ་པའི་འཛེམ་བྱ་ཁོ་ནར་བཞེད། ལྷག་པར་མིའི་རིགས་རིག་པར་འཇུག་མཁན་ཞིག་ལ་མཚོན་ན། ས་གནས་ཀྱི་སྤྱི་ཚོགས་དང་འཚོ་བར་དངོས་སུ་ཞུགས་ནས་རྟོག་ཞིབ་བྱེད་པ་ནི་རིག་གཞུང་ཞིབ་འཇུག་གི་རྩ་བའི་ཆ་རྐྱེན་དུ་ཆགས་ཡོད། ངས་ལོ་ངོ་གཅིག་ཙམ་གྱི་དུས་ཚོད་སྤྱད་ནས་ལི་ཡུལ་དང་སོག་པོ། དབུས་གཙང་། མདོ་ཁམས་སོགས་ཀྱི་ཡུལ་གྲུར་རྟོག་ཞིབ་ཏུ་ཕྱིན་པ་ན་རང་གི་མཐོང་ཐོས་ལས་རང་ཉིད་ལ་བློ་སྐྱེད་ཆེན་པོ་བྱུང་། ད་ལོའི་ཟླ་བཅུ་པའི་ཉིན་བདུན་གུང་གསེང་གི་དུས་ཚོད་སྤྱད་དེ་ཡང་བསྐྱར་དབུས་ལྷ་ལྡན་ཡུལ་ལ་རྟོག་ཞིབ་ཏུ་ཆས། ལོ་སྟོད་ལ་བོད་ཀྱི་ལྷོ་མཐར་གནས་པའི་ཡུལ་གྲུ་ཕལ་ཆེ་བར་ཕྱིན་ཡང་། ལྷ་སའི་བྱང་རྒྱུད་དུ་ཆགས་ཤིང་བཀའ་གདམས་བསྟན་པའི་འབྱུང་གནས་སུ་གྲགས་པའི་འཕན་པོའི་ཡུལ་དུ་རྟོག་ཞིབ་ཏུ་འགྲོ་བ་ལ་དུས་ཚོད་ཀྱིས་གཏུགས་ཏེ་ཁོམ་ལོང་མ་བྱུང་རྐྱེན། ད་རེས་ཆེད་དུ་འཕན་པོ་ལུང་བའི་རྒྱུད་དུ་ཆགས་པའི་བོད་ཀྱི་གནའ་བོའི་ཆོས་ལུགས་ཀྱི་གནའ་ཤུལ་རྙིང་བ་དག་ལ་ཞིབ་མཇལ་བྱེད་པའི་འཆར་འགོད་བཟོས་པ་ལྟར། དེ་རིང་ཞོགས་པར་གླ་འཁོར་རྫིག་པོ་ཞིག་གླས་ཏེ། རྩེ་ཕོ་བྲང་པོ་ཏ་ལའི་བྱང་ཕྱོགས་སུ་ཆགས་པའི་འཕན་པོའི་ཡུལ་དུ་ཆས། འཕན་པོ་ཁོག་ནི་གནས་རྙིང་དང་དགོན་རྙིང་གིས་ཁེངས་པའི་ལུང་བ་དམིགས་བསལ་བ་ཞིག་རེད། བོད་ཀྱི་ཡིག་ཚང་སྔ་མ་དག་ལས་ཀྱང་འཕན་ཡུལ་རིག་པའི་འབྱུང་གནས་སུ་འབོད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རྒྱལ་ཁམས་རིག་པས་བསྐོར་བའི་འགྲུལ་བཞུད་ཐོག་མ་དེ། འཕན་པོ་ཡུལ་ནས་དབུ་ཚུགས་པའང་གནས་ལུགས་དང་རྒྱུ་མཚན་ཟབ་མོ་ཞིག་མཆིས་པར་སེམས།
འཕན་པོ་ཁོག
འཕན་པོ་ལུང་བའི་ས་ཁྱོན་ཧྲིལ་བོ་གཞི་རྒྱ་ཅུང་ཙམ་ཆེ་ལ། ཡུལ་གྲུ་གཞན་དང་བསྡུར་ན་ཡུལ་ཁོངས་ཤིན་ཏུ་རྒྱ་ཆེ་བ་ལྟར་སྣང་ཡང་། མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་རྒྱུད་དུ་ཆགས་པའི་བདག་གི་ཕ་ཡུལ་ཆོས་རྗེ་ཡུལ་ཚོ་ལས་སྨི་བཞི་བརྒྱ་ཙམ་གྱི་ཆེ་བ་ལས་མི་འདུག ཡིན་ནའང་ལུང་བ་འདིར་རྟེན་བྱིན་ཅན་བཞུགས་པའི་ཆོས་ཀྱི་གདན་ས་རྙིང་བ་སོ་བརྒྱད་ཙམ་མཆིས་པར་མ་ཟད། བཀའ་གདམས་བསྟན་པའི་སྒྲོན་མེ་སྲིད་པའི་ཕྱོགས་ཀུན་ཏུ་སྦར་བའི་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་མང་བོ་བྱོན་མྱོང་། བདག་གི་ཕ་ཡུལ་ཆོས་རྗེ་ལུང་བ་ནི་སྔར་རྒྱ་དུར་ཐང་དུ་འབོད་ཅིང་། བྱེ་མ་དམར་པོས་ཁེངས་པའི་ཐང་གཞུང་ཆེན་པོ་དེར་སྔར་འགྲེང་ལས་དུད་ཀྱི་གྲངས་མེད་པའི་འབྲོག་ས་འབའ་ཞིག་ཏུ་སྣང་ཡང་། ད་ལྟ་གློག་གི་ལྕགས་སྡོང་ཆེན་མོས་རུ་ཚོགས་བཞིན་ཐང་ཧྲིལ་བོ་བསྒྲིབས་འདུག་པ་ལས་ཅི་ཡང་མཐོང་རྒྱུ་མི་སྣང་། དེ་བས་ཡུལ་གྲུ་གང་ཞིག་ཤེས་རིག་གི་ཨ་མའི་ཁྱིམ་ལྟ་བུར་ཆགས་ཐུབ་མིན་ནི། སྤང་ལ་མེ་མཆེད་པ་བཞིན་ཤེས་པའི་དྲན་པ་མྱུར་བའི་མི་མཛངས་པའི་རིགས་མཁོ་བ་ལས། ས་ཁོངས་ཀྱི་རྒྱ་ཆེ་བ་ཙམ་གྱིས་འཕྲལ་ཡུན་ཀུན་ལ་རྔོ་ཆུང་བ་ཐེ་ཚོམ་མེད་པར་བསམ།
འཕན་པོའི་ལུང་བ་ནི་མི་མཛངས་པ་དང་གནས་རྙིང་བ་ཡོད་པའི་ཤེས་རིག་གི་མཛོད་ལྟ་བུ་ཞིག་ཡིན། འཕན་པོའི་རྒྱལ་དང་ར་མ་ནང་། དར་ཡུལ། སྤྲས་སོགས་ལུང་བ་དག་ཏུ་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་དང་ངག་རྒྱུན་ལོ་རྒྱུས་ཕུན་སུམ་ཚོགས་པ་ཡོད་པས། བྲེལ་བ་མེད་པའི་རིག་གནས་ཉམས་ཞིབ་པ་ཞིག ལུང་བ་རེ་རེར་ཟླ་རེ་བཞིན་ཞིབ་མྱུལ་གནང་ཡང་། རིག་གནས་ལོ་རྒྱུས་ཀྱི་མཐིལ་དོན་གསལ་བོ་ཞིག་རྟོགས་དཀའ་བའི་ཚུལ་དུ་འདུག དེའི་ཕྱིར་ཐེངས་འདིའི་ཉིན་ལྔ་ཙམ་གྱི་རིག་པས་ཉམས་ཞིབ་ཀྱི་འགྲུད་བཞུད་ལས། འཕན་པོའི་ཡུལ་ལ་སྤྱི་བབ་ཀྱི་ངོས་འཛིན་དང་ཤེས་རྟོགས་ཙམ་བྱེད་པ་ལས། ཀུན་གྱི་བློ་སྒོ་གསལ་བོར་འབྱེད་པའི་རིག་པའི་རྟོག་ཞིབ་ཅིག་འཁྱོངས་དཀའ་བར་འདུག་མོད། རང་ཉིད་ལ་མཚོན་ན་རང་རེའི་མེས་པོ་དག་གིས་གནམ་གྱི་དབུས་དང་ས་ཡི་དཀྱིལ། གླིང་གི་སྙིང་བོར་འབོད་པའི་ཡུལ་འདི་ལ་རྒྱུས་མངའ་ཅུང་ཙམ་འབྱུང་ཐུབ་པ་ནི་རང་ཉིད་ཀྱི་མི་ཚེ་ཧྲིལ་བོའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཏུ་བསམས་ཤིང་། ཐེངས་འདིར་བགྲོད་མ་ནུས་པའི་ཡུལ་དང་ཞིབ་ཆ་མ་ཐོན་པའི་ཆ་དག་ཀྱང་། སླད་མར་ཅིས་ཀྱང་ཡང་དང་བསྐྱར་དུ་རྟོག་ཞིབ་བྱས་ནས་ཁ་བསྐང་དགོས་པར་བསམས་ཡོད།
འཕན་པོ་ངས་ཆུའི་རྒྱུད་ཀྱི་རྟོག་ཞིབ།
འཕན་པོའི་ཡུལ་འདིར་སྲིད་པའི་ལྷ་ཆེན་པོ་གཉན་ཆེན་ཐང་ལྷའི་རི་རྒྱུད་ཅིག་ལྷ་སའི་སྐྱིད་ཆུའི་ཕྱོགས་སུ་འཐེན་པ་ལ་ཆག་ལ་རི་བོར་འབོད་ཅིང་། ཆག་ལ་རི་བོས་འཕན་པོའི་ཡུལ་ཁམས་འཕྲེད་དུ་བཅད་ནས་ལྷོ་བྱང་གི་ཆ་གཉིས་སུ་བགོས་ཡོད། བྱང་གི་ཆ་ནི་འདོད་རྒུ་གཡང་དུ་ཆགས་པའི་འབྲོག་པའི་གནས་སུ་འདུག་ཅིང་། ལྷོ་ཡི་ཆ་ནི་འབྲུ་དྲུག་ལོ་ལེགས་འཛོམས་པའི་རོང་གི་ཡུལ་དུ་གཏོགས། ད་ལྟའི་སྲིད་འཛིན་ས་ཁོངས་ལྟར་ན། འཕན་པོའི་ཡུལ་ནི་ལྷ་ས་གྲོང་ཁྱེར་གྱི་ལྷུན་གྲུབ་རྫོང་ཁོངས་སུ་གཏོགས་ཤིང་། རྫོང་འདིར་ཡུལ་ཚོ་བཅུ་མཆིས་པ་ལས། བྱང་དུ་ཡུལ་ཚོ་གསུམ་དང་ལྷོར་ཡུལ་ཚོ་བདུན་ཆགས་ཡོད། སྔར་གྱི་བཀའ་གདམས་བསྟན་པའི་གནས་གཞི་ཕལ་མོ་ཆེ་ནི་ཆག་ལ་རི་བོའི་ལྷོ་རྒྱུད་ཀྱི་རི་གཞུང་དག་ཏུ་ཕྱག་བཏབ་ཡོད། དེ་རིང་གི་རྟོག་ཞིབ་འགྲུལ་བཞུད་ཀྱང་ལུང་གཞུང་དེར་འབབ་པའི་ངས་ཆུ་གཙང་བོའི་བྱང་ཕྱོགས་ཀྱི་ཤར་བ་འབུམ་པ་དགོན་དང་ཁྲོ་མོ་བྲག་ཕུག སྣ་དཀར་ཇོ་དགོན་སོགས་སུ་འགྲོ་འཆར་ཡིན།
འཕན་པོ་ནི་བོད་ཀྱི་ས་མིང་རྙིང་བ་ཞིག་ཡིན།《ཏུན་ཧོང་ཡིག་རྙིང》ལས། “ཡུལ་ངས་པོའི་ཁྲ་སུམ་ན། རྗེ་དགུག་གྲིའི་ཟིང་པོ་རྗེས”ཞེས་འཁོད་པ་ལྟར། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་ཡུལ་འདི་ལ“ངས་པོ”དང་ལུང་གཞུང་དུ་བཞུར་བའི་གཙང་བོ་ལ“ངས་ཆུ”ཞེས་འབོད། ད་ལྟའི་ལྷུན་གྲུབ་རྫོང་ནི་ངས་པོའི་ལུང་གཞུང་དང་ངས་ཆུ་གཙང་བོའི་རྒྱུད་དུ་ཆགས་ཡོད། ངས་ཆུའི་བྱང་ཕྱོགས་ཀྱི་དར་ཡུལ་ལུང་བར་སྤྱི་ལེ་བཅུ་བདུན་ཙམ་བསྐྱོད་ན། བཀའ་གདམས་པའི་དགེ་བཤེས་ཤ་ར་བ་ཡོན་ཏན་གྲགས་ཀྱིས་ཕྱག་བཏབ་པའི་ཤར་བ་འབུམ་པ་དགོན་ཡོད། དེར་འགྲོ་བའི་ལམ་གྱི་གཡས་ལོགས་ཀྱི་དེའུ་སྒང་ཞིག་ཏུ་དགོན་པ་ཆུང་ངུ་ཞིག་བཞེངས་འདུག་པ་ཤར་བ་དགོན་དུ་བསམས་ནས་ཕྱིན་ཡང་། ཉེ་གམ་དུ་སླེབས་དུས་སྣ་དཀར་དགོན་དུ་འབོད་པའི་ཇོ་དགོན་ཞིག་ཡིན་པ་ཤེས། འཕན་ཡུལ་དུ་མཇལ་བའི་དགོན་པ་ཐོག་མའི་མིང་དུ་སྣ་དཀར་དུ་འབོད་པ་རྟེན་འབྲེལ་ཤིན་ཏུ་ལེགས་པར་བསམས། དེའི་མུར་བྲེལ་མོར་རི་ལམ་ཕྲ་མོ་དེར་ཞུགས་ནས་རི་མགོར་ཕྱིན། སྣ་དཀར་ཇོ་དགོན་ནི་སྟག་ལུང་བཀའ་བརྒྱུད་ཀྱི་དགོན་པ་ཆུང་ངུ་ཞིག་ཡིན། དེར་རྒྱུན་བཞུགས་བཙུན་མ་བཅུ་གྲངས་ཤིག་ལས་མི་འདུག ཚོགས་ཆེན་འདུ་ཁང་གི་དཀོར་གཉེར་ཨ་ནེ་ནི་བཙུན་མ་ཤིན་ཏུ་སྤྱོད་ཡག་ཅིག་རེད། མོས་དགོན་པའི་སྐོར་གྱི་ལོ་རྒྱུས་ཐུང་ངུ་ཙམ་ངོ་སྤྲོད་གནང་བར་མ་ཟད། ལྷུན་གྲུབ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ཀྱིས་བསྒྲིགས་པའི་འཕན་ཡུལ་གྱི་དགོན་སྡེའི་ལོ་རྒྱུས་བོད་རྒྱ་ཡི་གེ་ཟུང་འབྲེལ་གྱི་དེབ་ཅིག་ཀྱང་བྱིན་པ་དེས་ཐེངས་འདིའི་ཡུལ་དངོས་རྟོག་ཞིབ་ལ་ཕན་ཆེན་པོ་ཐོགས་སོང་། མཚན་མོར་མགྲོན་ཤག་ཏུ་ལོག་ནས་འབྲེལ་ཡོད་རྒྱུ་ཆ་ལེགས་སྒྲིག་བྱེད་དུས། སྣ་དཀར་དགོན་པར་དགོན་པའི་ལོ་རྒྱུས་དཀར་ཆག་རས་བྲིས་མ་རྙིང་བ་ཞིག་ཀྱང་ཉར་འདུག་པ་ཤེས་པས། དེར་པར་རྒྱག་མ་ནུས་པར་ཕངས་སེམས་སྐྱེས་བྱུང་།
རྩོམ་པ་པོས་ཡུལ་དངོས་རྟོག་ཞིབ་བྱེད་བཞིན་པའི་ཚུལ།
སྔར་ངས་པོར་འབོད་པའི་འཕན་པོའི་ཡུལ་ཁམས་ཆེན་པོ་འདིར་རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་ཟིང་པོ་རྗེ་སྟག་སྐྱ་བོ་དང་ཟིང་པོ་རྗེ་ཁྲི་པང་གསུམ་གཉིས་ཀྱི་རྒྱལ་ཕྲན་མཆིས། 《ཏུན་ཧོང་ཡིག་རྙིང》ལས། “བཙན་པོ་ཁྲི་སློན་བཙན་གྱས། བཀའ་སྩལ་ཏེ། ཡུལ་ངས་པོ་ལས། འཕན་ཡུལ་དུ་མྱང་སྤོས་སོ”ཞེས་འཁོད་པ་ལྟར། རྒྱལ་པོ་གནམ་རི་སྲོང་བཙན་གྱིས་ཡུལ་ངས་པོ་དབང་དུ་བསྡུས་ཏེ་འཕན་ཡུལ་དུ་བཏགས་པ་ནས་བཟུང་། ཁོག་ཡངས་ཤིང་མཐའ་རིང་བའི་ལུང་བ་འདི་ལ་འཕན་པོར་འབོད་པའི་ས་མིང་རྒྱུན་ཆགས་སུ་གྱུར། བདག་གིས་བསམས་ན་སྐབས་དེར་འཕན་ཡུལ་བྱ་བ་ནི་ཕལ་ཆེར་ཆག་ལ་རི་བོས་ཡུལ་དེ་ལྷོ་བྱང་གི་ཆ་གཉིས་སུ་བགོས་པའི་ལྷོ་ཡི་ཆ་སྟེ། ད་ལྟའི་རྒྱལ་དང་ར་མ། དར་ཡུལ་སོགས་ངས་ཆུའི་རྒྱུད་ཀྱི་ལུང་གཞུང་དག་ལ་གོ་དགོས་པ་ལས། བྱང་གི་སྟག་ལུང་དང་རྭ་སྒྲེང་། སེང་གླིང་དགོན་སོགས་ཀྱི་ཡུལ་དག་ནི་ཕྱིས་སུ་འཕན་པོའི་ཡུལ་ཁོངས་སུ་སྦྱར་བར་འདོད། ད་ལྟའང་སྟག་ལུང་པ་དག་གིས་ལྷོ་ཕྱོགས་ལ་འཕན་ཡུལ་རོང་གི་ས་ཞེས་རང་དང་ཐ་དད་དུ་གནས་པར་སྨྲ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་དང་། སད་མི་བདུན་གྱི་ནང་གསེས་རྨ་རིན་ཆེན་མཆོག་དང་ངན་ལམ་རྒྱལ་བ་མཆོག་དབྱངས་གསུམ་སྐུ་འཁྲུངས་པའི་ཡུལ་དག་ཀྱང་འཕན་ཡུལ་ལྷོ་ཕྱོགས་ཀྱི་ཆ་ལ་གོ་དགོས། འཕན་པོའི་ངག་རྒྱུན་ལས་ཀྱང་། ཕུ་ར་མ་བྱམས་ཁང་ནས་མདའ་ལ་མོ་ཆོས་སྡེ་བར་ལ་འཕན་ཡུལ་ཡིན་ཞེས་སྨྲ་བར་དཔྱད་ན། འཕན་ཡུལ་ལྷོ་བྱང་གཉིས་ལས་ཀྱང་ངས་ཆུའི་ལྷོ་ཕྱོགས་སུ་ཆགས་པའི་མཁར་རྩེ་ཡུལ་ཚོ་དང་དཔལ་གླིང་ཡུལ་ཚོ། དགའ་ལྡན་ཆོས་འཁོར་གྲོང་རྡལ་བཅས་པའི་ཡུལ་དག་མ་གཏོགས་འཕན་ཡུལ་དུ་མི་གོ་བ་འདྲ། དགའ་ལྡན་ཁྲི་ཐོག་བཅོ་བརྒྱད་པ་ཁྲི་ཆེན་རྒྱལ་མཚན་བཟང་བོ་འཕན་ཡུལ་མདའ་བྱེ་རི་སྟག་རྩེའི་སྟག་སྐྱ་བོ་གྲོང་དུ་འཁྲུངས་པར་གཞིགས་ན། ད་ལྟའི་སྟག་རྩེ་རྫོང་གི་བྱང་གི་ཆ་ཤས་ཤིག་ཀྱང་སྔར་འཕན་ཡུལ་གྱི་ཁོངས་སུ་འདུས་ཡོད།
《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།“འཕན་ཡུལ་སྟོང་སྡེ་སྒྲོ་དང་རྨ་ཡི་ཡུལ”ཞེས་གསུངས་པ་ལྟར། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཡུལ་འདིར་བློན་པོ་སྒྲོ་དང་རྨ་ཡི་མངའ་རིས་སུ་གཏོགས་ཤིང་། སིལ་བུའི་སྐབས་སུའང་སྒྲོ་རྨ་གཉིས་ཀྱི་མི་རབས་ཕྱི་མ་དག་གིས་བདག་གིར་བཟུང་ཡོད། འཕན་ཡུལ་དུ་ཨ་མདོའི་མི་སྡེ་ཁག་ཅིག་འཕན་མིའི་མི་རྒྱུད་དུ་གཏོགས་པའི་བཤད་རྒྱུན་ཞིག་མཆིས་པ་དེ། ཞིབ་ཏུ་བསམས་ན་ཞིབ་འཇུག་གི་ཁུངས་སྣེ་གསར་བ་ཞིག་ཡིན་ཡང་སྲིད། ཨ་མདོའི་ངག་རྒྱུན་ལས་སྲིད་པའི་ལྷ་དགུའི་གྲས་ཀྱི་རྨ་རྒྱལ་སྦོམ་ར་ནི། ལྷ་ཆེན་པུ་དེ་གུང་རྒྱལ་གྱིས་རང་གི་སྲས་གཅིག་མདོ་སྨད་དུ་མངགས་པར་གྲགས་པ་དེ་ཡིན་ལ། འཕན་ཡུལ་གྱི་རུས་ཆེན་པོ་རྨ་དེ། མདོ་སྨད་ཀྱི་ཟོ་དོར་ཆེན་མོ་ཨ་མྱེས་རྨ་རྒྱལ་དང་ཆུ་བོ་ཆེན་པོ་རྨ་ཆུ་སོགས་ཀྱི་རྨ་ཡི་ཤེས་རིག་དང་གཞི་གཅིག་ཏུ་འབྲེལ་ནས་དཔྱད་པ་བཏང་ན་ཟུར་སྣེ་གཞན་ཞིག་རྙེད་ཀྱང་སྲིད་པར་བསམས་བྱུང་།
འཕན་པོར་བཙུན་མའི་དགོན་ཆགས་པའི་ངག་རྒྱུན།
སྔར《ཐུའུ་བཀྭན་གྲུབ་མཐའ》ཀློག་དུས།“བཀའ་གདམས་པའི་སྔར་གྱི་གདན་ས་མང་བོ་ཞིག་སྟོངས་ཤིང་། ད་ལྟ་བཙུན་མས་འཛིན་པར་སྣང”ཞེས་འཁོད་པ་ལ་བསམ་གཞིག་བཏང་མྱོང་།ཐེངས་འདིར་ཡུལ་དངོས་རྟོག་ཞིབ་ལས་འཕན་ཡུལ་གྱི་བསྟན་པའི་གནས་གཞིར་གྱུར་པའི་དགོན་སྡེ་སོ་བརྒྱད་ལས། དགོན་པ་བཅུ་གཉིས་ཙམ་བཙུན་མའི་དགོན་དུ་གྱུར་འདུག་པ་གཞི་ནས་རྟོགས་ཤིང་། དེ་ཡི་ལོ་རྒྱུས་ངག་རྒྱུན་ལ་ངེས་ཆ་ཡང་ཅུང་ཟད་བྱུང་། དེ་རིང་འཕན་ཡུལ་ངས་ཆུ་གཙང་བོའི་བྱང་རྒྱུད་དུ་ཆགས་པའི་སྣ་དཀར་དགོན་དུ་ཕྱིན་པ་ཡིན། སྣ་དཀར་དགོན་ནི་སྟག་ལུང་བཀའ་བརྒྱུད་ཀྱི་བཙུན་མའི་དགོན་ཞིག་ཡིན། སྣ་དཀར་དགོན་ནས་དར་ཡུལ་ལུང་བའི་སྟོད་ཀྱི་སྤྱི་ལེ་དྲུག་གི་མཚམས་སུ་ཆགས་པའི་ཤར་བ་འབུམ་པ་དགོན་ནི་བཀའ་གདམས་པའི་དགེ་བཤེས་པོ་ཏོ་བའི་ཐུགས་སྲས་ཤ་ར་བ་ཡོན་ཏན་གྲགས་ཀྱིས་ཕྱག་བཏབ་པ་དང་། འདི་ཡང་ད་ལྟ་བཙུན་མའི་དགོན་ཞིག་ཏུ་གྱུར་ཡོད། ངག་རྒྱུན་ལ་བཀའ་གདམས་པ་རྣམས་ཀྱིས་བུད་མེད་ལ་ཤིན་ཏུ་འཛེམས་ཏེ། ཉིན་ཞིག་མཁའ་འགྲོ་མའི་རྣམ་སྤྲུལ་ཞིག་ཤར་དགོན་དུ་འོངས་པ་དྲག་པོས་ཕྱིར་བཏོན་ཕྱིར། མཁའ་འགྲོ་མས་ཁྱོད་ཚོས་བུད་མེད་ལ་འཛེམས་ན། སླད་མར་དགོན་པ་དག་བུད་མེད་ཀྱིས་འཛིན་པར་འགྱུར་རོ་ཞེས་དམོད་བོར་བས། རྟེན་འབྲེལ་ལོག་ནས་སླད་མར་བཀའ་གདམས་པའི་དགོན་པ་དག་བཙུན་མའི་དགོན་དུ་གྱུར་པར་གྲགས། ངག་རྒྱུན་འདི་ལ་ལོ་རྒྱུས་རིག་པའི་ཟུར་ནས་དཔྱད་པ་ཞིབ་ཚགས་ཤིག་བྱེད་མ་ནུས་ཀྱང་། དགའ་ལྡན་ཕོ་བྲང་གི་དུས་སྐབས་ནས་བཟུང་། འཆད་ཉན་གྱི་ལྟེ་བ་ལྷ་སའི་ཕྱོགས་སུ་འཕོས་པ་དང་བསྟུན་ཏེ། རིམ་པར་གྲྭ་པ་ཇེ་ཉུང་དུ་ཕྱིན་ནས་བཙུན་མའི་དགོན་དུ་གྱུར་ཟིན་པ་འདྲ། ད་ལྟ་འཕན་པོའི་ལུང་གཞུང་འདིའི་རྒྱུད་དུ་ཆགས་པའི་སྔར་གྱི་བཀའ་གདམས་པའི་དགོན་སྡེ་ཕལ་ཆེ་བ་ད་ལྟ་བཙུན་མའི་དགོན་དུ་གྱུར་འདུག ཤར་དགོན་དང་སྣ་དཀར་དགོན། འབྲི་ལུང་དགོན། པོ་ཏོ་དགོན་སོགས་བཀའ་གདམས་པའི་དགོན་པ་དག་ད་ལྟ་བཙུན་མའི་དགོན་ཤ་སྟག་ཏུ་གྱུར་ཡོད།
ང་ཚོ་ཤར་དགོན་དུ་འབྱོར་དུས་ཕྱི་དྲོར་སླེབས་འདུག དགོན་པའི་རྒྱབ་རི་ཀླུ་མོ་རྒྱལ་ཆེན་རྣམ་སྲས་སྐུ་གཟུགས་ཀྱི་ས་འཛིན་ཆེན་པོ་མཐོ་ཞིང་བརྗིད། མདུན་ཕྱོགས་ཀྱི་དར་ཡུལ་ལུང་གཞུང་ཡངས་ཤིང་རྒྱ་ཆེ། དར་ཡུལ་ཕུ་ནས་འབབ་པའི་དར་ཆུ་རིང་མོས་ལུང་གཞུང་འདི་ཆ་གཉིས་སུ་ཕྱེ་ཞིང་། ལུང་གཞུང་གི་ས་ཞིང་ནི་མུ་དང་མཐའ་མེད་པ་ལྟར་མིག་ལ་སྣང་། སྟོན་མཇུག་གི་ལོ་ལེགས་ཀྱིས་ལུང་གཞུང་ཧྲིལ་བོར་གསེར་ཞུན་གྱི་ཁུ་བ་བྱུགས་པ་བཞིན་སེར་ལམ་ལམ་བྱེད། མཚམས་སྤྲིན་གྱི་ཉི་ཟེར་ཁྲོད་མངོན་པའི་སྟོན་མཇུག་གི་སོག་ཤུལ་དང་ལམ་འགྲམ་གྱི་བ་ལང་། ཞིང་རྩྭ་འདྲུད་པའི་འཁོར་ལོ། ད་དུང་བོད་ཀྱི་གནའ་ཉམས་མ་ཤོར་བའི་གྲོང་སྡེ་སོགས་སྣོད་བཅུད་ཀྱི་བཀོད་པ་མཐའ་དག་ནི། རི་མོ་མཁན་གྱི་པིར་རྩེ་ལས་མངོན་པའི་སྣུམ་ཚོན་རི་མོ་ཞིག་དང་འདྲ། གསེར་མདོག་གི་ལུང་གཞུང་འདིར་ཆགས་པའི་བཀའ་གདམས་པའི་དགོན་སྡེ་དག་ནི་ལུང་བའི་ཕུ་དང་མདའི་རི་ཕྲན་ཆུང་ངུ་དག་ཏུ་ཕྱག་བཏབ་ཡོད། དགོན་པ་དག་ཏུ་འབུམ་པ་དཀར་པོའི་མཆོད་རྟེན་གྱི་ཚོམས་ཀྱིས་མཛེས་པར་ཁེངས་པ་ནི་སྤྱིར་བཀའ་གདམས་པ་དང་སྒོས་འཕན་པོའི་ཡུལ་གྱི་དགོན་སྡེའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན། གལ་སྲིད་ནམ་མཁའི་མཐོངས་ལས་མར་གཟིགས་ཚེ། གསེར་གྱི་ལུང་གཞུང་འདིར་བྱུ་རུ་དཀར་པོས་ཕྲ་བཏབ་པ་བཞིན་མིག་ལམ་དུ་སྣང་ཐུབ་པར་བསམས།
ལུང་གཞུང་འདིའི་བཙུན་མའི་དགོན་དག་ལས་ཤར་དགོན་གྲགས་ཆེ་ཞིང་། ལྷག་པར་དགོན་པ་འདིའི་འབུམ་པའི་མཆོད་རྟེན་དཀར་པོ་བརྒྱ་རྩ་བརྒྱད་ལ་ཕྱག་དང་སྐོར་བ་བྱེད་མཁན་ཤིན་ཏུ་མང་། མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱི་ནང་རྟེན་གཙོ་བོ་ནི་དགེ་བཤེས་ཤ་ར་བའི་སྐུ་དམར་གདུང་བཞུགས་པའི་མཆོད་རྟེན་དེ་ཡིན། སྐྱེ་བོ་ནད་གཞི་ངན་པས་ཟིན་པ་དག་གིས་འབུམ་པ་དེར་ཕྱག་དང་སྐོར་བ་བསགས་ཚེ། ནད་ལྕི་རུང་སངས་དྲག་ཏུ་འགྲོ་བའི་བཤད་རྒྱུན་མཆིས། གཞན་ཤ་ར་འབུམ་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་ལ་དགུན་ཁར་ཁ་བ་བབས་ཚེ། མཆོད་རྟེན་གྱི་ནང་གཟུངས་སུ་བཞུགས་པའི་བསྐལ་པའི་མར་མེའི་དྲོད་ཀྱིས་ཁ་བ་ཞུ་འགྲོ་བར་གྲགས། ཡིན་ནའང་ཡུལ་འདིར“གནས་བཟང་ཤ་ར་འབུམ་པ། །སྐོར་བ་ལོ་གྲངས་བསགས་ཡོད། །ད་དུང་ལས་སྒྲིབ་མ་དག །ཤ་བའི་ལུས་ལ་བླངས་སོང”ཞེས་པའི་གཞས་གཏོང་སྲོལ་མཆིས་པར་གཞིགས་ན། ཕྱག་སྐོར་བྱས་པ་ཙམ་གྱིས་ནད་ཀྱི་འཚེ་བ་དང་ལུས་ཀྱི་སྒྲིབ་པ་མ་དག་པའི་དོགས་པ་དང་སོམ་ཉི་ཡང་བསྟན་ཡོད།
ཤར་དགོན་ལ་མཇལ་རྗེས། ཕྱིར་ལྷུན་གྲུབ་རྫོང་དུ་ཕྱིན་ནས་ཞག་སྡོད་བྱས། ལྷུན་གྲུབ་རྫོང་ནི་དུས་རབས་བཅུ་གསུམ་པར་བཏགས་པའི་ས་མིང་རྙིང་བ་ཞིག་ཡིན། ཕག་མོ་གྲུ་པ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་དུ་རྫོང་ཆེན་བཅུ་གསུམ་གྱི་ཆབ་སྲིད་སྒྲིག་གཞི་ལག་བསྟར་བྱེད་དུས། འཕན་ཡུལ་དུ་ལྷུན་གྲུབ་རྫོང་གསར་དུ་བཙུགས། ཕྱིས་ཀྱི་དགའ་ལྡན་ཕོ་བྲང་དང་བོད་ལྗོངས་གསར་བའི་སྐབས་ཀྱི་ཆབ་སྲིད་འཕོ་འགྱུར་སྐབས་ཀྱང་ལྷུན་གྲུབ་རྫོང་གི་རྫོང་མིང་སོར་བཞག་གནང་ཡོད། ལྷུན་གྲུབ་རྫོང་སྲིད་གཞུང་གི་རྒྱབ་ཕྱོགས་སུ་དགེ་ལུགས་པའི་དགོན་པ་རྙིང་བ་ཞིག་ཡོད། དགོན་པ་དེ་ནི་འཕན་ཡུལ་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པའི་ཐུགས་སྲས་ཐང་སག་ཡེ་ཤེས་འབྱུང་གནས་ཀྱི་གནས་གཞི་སྟེ། ཐང་སག་དགའ་ལྡན་ཆོས་འཁོར་དགོན་པར་གྲགས། དེང་སང་ཀུན་གྱིས་དགའ་ཆོས་དགོན་དུ་འབོད། དཀོར་གཉེར་དགེ་འདུན་པས་དེ་ནི་མ་དག་རྒྱུན་འབྱམས་སུ་ཕྱིན་པར་སྨྲ། ཁོང་གིས་དགོན་པ་འདིར་ལྷ་ཁང་གཅིག་ལས་མེད་ཀྱང་དགོན་རྙིང་ཞིག་ཡིན་པར་གསུངས། ལྷ་ཁང་ནང་ལོགས་ཀྱི་རྒྱབ་དང་འཁྲིས་སུ་ལྷ་ཁང་ཆུང་ངུ་རེ་བཞེངས་ལུགས་ལ་དཔྱད་ན། བོད་བཙན་པོའི་སྐབས་ཀྱི་ལྷ་ཁང་གི་བཞེངས་ལུགས་དང་མཚུངས། དཀོར་གཉེར་གྱིས་གསུངས་པ་ལྟར་ན་ལྷ་ཁང་དུ་ཇོ་བོ་ལྕགས་སྒམ་གྱིས་སྲུང་བ་བཞུགས་པ་དེ་རྟེན་ཤིན་ཏུ་རྩ་ཆེ་བ་ཞིག་ཡིན།
འཕན་པོའི་སྤྲས་ཀྱི་ལུང་བ།
འཕན་པོ་ཆག་ལ་རི་བོའི་ལྷོ་ཕྱོགས་ཀྱི་ལུང་བ་ལ་སྤྲས་ཀྱི་ལུང་བར་འབོད། སྤྲས་ཀྱི་ལུང་བ་ནི་འཕན་པོ་ལྷུན་གྲུབ་རྫོང་གི་བྱང་ཕྱོགས་སུ་ཆགས་པའི་སུམ་ཕྲེང་ཡུལ་ཚོའི་ཁོངས་སུ་གཏོགས། བཀའ་གདམས་པའི་དགེ་བཤེས་ཆེན་པོ་པོ་ཏོ་བ་རིན་ཆེན་གསལ་ནི་སྤྲས་ཀྱི་ལུང་བར་འཁྲུངས་ཤིང་། ཁོང་གིས་ཕྱག་བཏབ་པའི་པོ་ཏོ་དགོན་ཡང་སྤྲས་ཀྱི་ལུང་བར་མཆིས། སྤྱིར་སྤྲས་ནི་རྒྱན་ཆ་སོགས་ཀྱིས་བརྒྱན་པའི་དོན་དུ་འཇུག་ཀྱང་། སྤྲས་ཀྱི་དགེ་འདུན་པ་ཞིག་གིས་སྤྲས་ནི་ཡུལ་འདིའི་སྐད་དུ་དཀར་པོའི་དོན་སྟོན་ཞེས་པར་གཞིགས་ན། སྤྲས་ལ་སྐད་གདངས་ཆ་ཉེ་བའི་འབྲི་ལུགས་གཞན་ཞིག་ཡོད་ཀྱང་སྲིད། ཨ་ཀྱཱ་ཡོངས་འཛིན་གྱིས་མཛད་པའི《དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་བཀྲོལ》ལས། “དེ་ཡང་པོ་ཏོ་བ་ཞེས་པ་ནི། འཕན་ཡུལ་སྤྲས་ཀྱི་བའོ་ཐང་ཞེས་པའི་སར་རི་པོ་ཏོ་སྟེ་པོ་ཐོ་ལྟ་བུ་ཞིག་གི་སྟེང་དུ་དགོན་པ་བཏབ་ནས་བཞུགས་པས་པོ་ཏོ་བའམ་པུ་ཏོ་བ་ཞེས་གྲགས”གསུངས་པར་གཞིགས་ན། སྤྲས་ནི་སྔོན་ཆད་ཀྱི་བརྡ་རྙིང་ཞིག་ཡིན་པ་རྟོགས་ནུས། གང་ལྟར་ཀྱང་སྤྲས་ཀྱི་ལུང་བ་ནི་ཆོས་དང་རིག་གནས་དར་སྔ་བའི་ཡུལ་གྲུ་ཞིག་ཡིན་པར་ཐེ་ཚོམ་མེད།
སྤྲས་ཀྱི་ལུང་མདོའི་སྒང་པ་གྲོང་སྡེ་ཆགས་པའི་རི་ངོས་སུ་དགོན་པ་ཆུང་ངུ་ཞིག་མཆིས། ངག་རྒྱུན་དུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སྐུ་འཁོར་དང་བཅས་པ་རྭ་སྒྲེང་དུ་ཕྱག་ཕེབས་དུས། སྤྲས་ཀྱི་ལུང་མདོར་འབྱོར་སྐབས་མུན་རུབ་ཅིང་། རི་རྐེད་ཀྱི་བྲག་ཕུག་ལས་རིན་པོ་ཆེ་འོད་འཕྲོ་བ་ཞིག་གཟིགས་པས་རིན་ཆེན་བྲག་ཏུ་ཐོགས་པར་གྲགས།ཕྱིས་སུ་དགོན་པ་ཉམས་རྒུད་དུ་ཕྱིན་པར་བྱང་སྟག་ལུང་དགོན་པའི་ཁྲི་རབས་བཅུ་གཅིག་པ་བཀྲ་ཤིས་དཔལ་འོད་ཀྱིས་བསྐྱངས། འཕན་པོའི་ཉན་པོ་ཤཱཀྱ་རྒྱལ་མཚན་གྱི་སྐུ་དུས་སུ་དགེ་ལུགས་པར་བསྒྱུར། སྤྲས་རིན་ཆེན་བྲག་དགོན་པར་སླེབས་དུས་ཕྱི་དྲོར་ལོན་འདུག ལྷ་ཁང་དུ་དགེ་འདུན་པ་བགྲེས་པོ་གཅིག་ལས་མི་བཞུགས། ཁོང་ལ་ཕར་དབུས་སྐད་ཀྱིས་དྲི་བ་ཞུས་ཀྱང་། ཚུར་འཕན་སྐད་དག་མོས་དགོན་གྱི་ལོ་རྒྱུས་ལབ་པ་ཅུང་གོ་དཀའ་བར་འདུག ཡང་དང་བསྐྱར་དུ་ཕར་ལབ་ཚུར་ལབ་བྱས་པས་བརྡ་འཕྲོད་པ་ཙམ་བྱུང་། མགོན་ཁང་དུ་སྔར་སོག་པོ་ཇུན་གར་གྱི་དམག་གིས་གཟོང་བུས་བསྣུན་པས་ཨ་ཚ་ཞེས་གསུང་འབྱོན་པར་གྲགས་པའི་ཐུབ་དབང་རྡོར་གདན་མའི་སྐུ་བརྙན་ཞིག་བཞུགས་པ་ལ་མཇལ་མ་ནུས་ཀྱང་། འཇིགས་བྱེད་ཀྱི་བླ་རྡོ་རྙིང་བ་བྱིན་ཅན་དེར་མཇལ།
སྤྲས་ཀྱི་ལུང་བའི་ཕུ་ལ་སེང་གེ་ནང་དུ་འབོད།ཕལ་ཆེར་རི་བོའི་ཆགས་དབྱིབས་ཀྱི་ཆ་ནས་བཏགས་པ་འདྲ། སྤྲས་སེང་གེ་ནང་དུ་དགེ་བཤེས་པོ་ཏོ་བའི་ཆོས་ཀྱི་གདན་ས་པོ་ཏོ་དགོན་ཡོད།ཐེངས་འདིའི་འཕན་ཡུལ་གྱི་ཡུལ་དངོས་རྟོག་ཞིབ་ལས། ཕྲན་ལ་ཆེས་སྤྲོ་བ་ཆེ་བའི་གནས་ནི་པོ་ཏོ་དགོན་ཡིན། ཐོག་མར་འཕན་ཡུལ་དུ་ཕྱིན་དུས་པོ་ཏོ་དགོན་ནི་འཕན་ཡུལ་གྱི་བས་མཐའ་ཞིག་ཏུ་ཆགས་འདུག་པར་བསམས་མོད། དོན་དུ་སྤྲས་ཀྱི་ལུང་མདོར་ཆགས་པའི་སྤྲས་རིན་ཆེན་བྲག་དགོན་པ་ལས། བྱང་ཤར་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་ཕྱིན་ན་པོ་ཏོ་དགོན་པར་སླེབས་ཐུབ། དེའི་མུར་རླངས་འཁོར་བསྐོར་ཏེ་དགེ་བཤེས་པོ་ཏོ་བའི་གདན་ས་པོ་ཏོ་དགོན་གྱི་ཕྱོགས་སུ་བསྐྱོད། ཕྲན་གྱིས་དགེ་བཤེས་པོ་ཏོ་བ་ནི་དམའ་འབྲིང་སྐབས་སུ་ཐོག་མར་ཐོས་མྱོང་། ཁོང་གིས་མཛད་པའི《སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག》ཅེས་པའི་སློབ་ཚན་དེ། དགེ་རྒན་གྱིས་ཐོགས་རྡུགས་མེད་པ་ཞིག་བློར་འཛིན་དུ་བཅུག་མྱོང་། དེ་དུས་དཀའ་ལས་མང་བོ་བརྒྱབ་ཡོད་ས་རེད། གནད་ཅན་གྱི་ཚིག་དུམ་སྐོར་ཞིག་ད་ལྟའང་སེམས་སུ་དྲན་གྱིན་འདུག
པོ་ཏོ་དགོན་ནི་སྤྲས་ལུང་བའི་སྟོད་ཀྱི་རི་དེའུ་དབྱིབས་པོ་ཏོའམ་པོ་ཐོ་འདྲ་བ་ཞིག་ཏུ་ཕྱག་བཏབ་པས་ཐོགས། དགེ་བཤེས་ཉིད་ཀྱང་སྤྲས་ལུང་བར་སྐུ་འཁྲུངས། པོ་ཏོ་བའི་རྣམ་ཐར་དུ་འཁོད་པ་ལྟར་ན། ཁོང་ཆུང་དུས་ནས་གཞན་སྡུག་བསྔལ་བ་གཟིགས་ན་གཏིང་ནས་མི་དགའ་ཞིང་། གཞན་བདེ་བ་གཟིགས་ན་ཐུགས་དགའ་ཞིང་བདེ་བ་དེ་ནམ་ཡང་མི་ཉམས་པར་གོང་དུ་འཕེལ་བར་བསམ་པ་ཞིག་ཏུ་གྲགས། དགུང་ལོ་ཉེར་བརྒྱད་པར་རྭ་སྒྲེང་དུ་འབྲོམ་སྟོན་པའི་སྤྱན་སྔར་གདམས་ངག་ཞུས། ལོ་ངོ་བདུན་གྱི་རིང་ལ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་བྱང་ཆུབ་ལམ་རིམ་ཞུས། འབྲོམ་གཤེགས་ནས་ཀྱང་ལོ་བཅོ་བརྒྱད་རིང་རྭ་སྒྲེང་དུ་བཞུགས། དགུང་ལོ་རེ་གཅིག་ལོར་སྤྲས་ལུང་བར་བྱོན་ནས་པོ་ཏོ་དགོན་ཕྱག་བཏབ། དེར་ད་ལྟ་ཁང་བ་སེར་པོ་ཞིག་བཞུགས་པ་ནི་པོ་ཏོ་བའི་སྒྲུབ་ཁང་དུ་བཤད། སྒྲུབ་གནས་བྱིན་ཅན་དུ་སྨྲ་བས་ཅིས་ཀྱང་མཆོད་མཇལ་བྱ་དགོས་པ་ཞིག་ཡིན། པོ་ཏོ་དགོན་གྱི་མར་ལམ་སྟེ་ཤར་ངོས་བྲག་རྒྱབ་ཏུ་དགོན་པ་ཞིག་ཡོད་པ་དེར་བྲག་རྒྱབ་དགོན་དུ་གྲགས། པོ་ཏོ་དགོན་ནི་དགེ་བཤེས་པོ་ཏོ་བའི་དབྱར་གྱི་གདན་ས་དང་བྲག་རྒྱབ་དགོན་ནི་དགུན་གྱི་གདན་སར་མཛད། བྲག་རྒྱབ་དགོན་དུ་ད་ལྟ་ལྷ་ཁང་ཆུང་ངུ་ཞིག་ལས་མེད་ཀྱང་། ལྷ་ཁང་འདིའི་དཀོར་གཉེར་གྱིས་སྔར་དགོན་པ་འདིར་དགེ་འདུན་པ་སུམ་སྟོང་ལྷག་འདུས་པའི་ངག་རྒྱུན་མཆིས་ཤིང་། ཉེ་ལོགས་སུ་སྔར་གྱི་དགོན་ཤུལ་གྱི་གདུང་མ་དང་སོ་ཕག་སོགས་རྙེད་ཐུབ་པར་བཤད། ད་ལྟ་དགོན་པ་འདི་གཉིས་ནི་བྲག་རྒྱབ་སྐུ་ཕྲེང་རིམ་བྱོན་གྱིས་སྐྱོང་བཞིན་མཆིས། དགོན་པའི་དཀོར་གཉེར་གྱིས་བྲག་རྒྱབ་རིན་པོ་ཆེ་ནི་དགེ་བཤེས་པོ་ཏོ་བའི་སྐུ་སྐྱེ་ཡིན་པར་བཤད་ཀྱང་། ས་གནས་ཀྱི་ལོ་རྒྱུས་ཡིག་ཚང་དུ་དངོས་སུ་འཁོད་འདུག་པ་མིག་སྔར་མཐོང་མ་བྱུང་།
《བཀའ་གདམས་གླེགས་བམ》ལས། དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བ་རིན་ཆེན་གསལ་གྱིས་པོ་ཏོ་དགོན་ཕྱག་བཏབ་པ་ནས་སྐུ་མྱ་ངན་ལས་འདས་པའི་བར་སྤྲས་ཀྱི་ལུང་བ་འདིར་བཀའ་གདམས་པའི་ལུགས་བསྐྱངས། བཀའ་གདམས་པ་ཞེས་འབོད་པའང་སྐབས་དེ་ནས་བཟུང་ཆགས། ད་ལྟ་པོ་ཏོ་དགོན་ནི་འཕན་པོ་ཡུལ་གྱི་འདུས་སྡེ་གཞན་དང་འདྲ་བར་བཙུན་མའི་དགོན་པར་གྱུར་ཅིང་། དགོན་པ་ཉིད་ཀྱང་ལྷ་ཁང་གི་བྱེད་ནུས་ཙམ་ལས་ཆོས་འཆད་ཉན་གནང་བའི་སྲོལ་སྔར་ནས་ཉམས་དམས་སུ་ཕྱིན་ཡོད། ཤེས་རིག་ཅིག་གི་དར་རྒུད་ནི་རྒྱ་མཚོའི་རྦ་རླབས་སྐྱོམ་པ་བཞིན་སྐབས་རེར་མཐོ་ཞིང་སྐབས་རེར་དམའ་བར་གྱུར་པ་ནི་འཕེལ་འགྱུར་གྱི་ཆོས་ཉིད་ཡིན་ལ། ད་ལྟ་ལོ་ངོ་དགུ་བརྒྱའི་ཡར་སྔོན་ལ་ལུང་བ་འདིར་བཀའ་གདམས་གཞུང་དྲུག་གི་འཆད་ཉན་མཛད་པའི་གནས་སུ་སྨྲས་ན། རང་རེའི་ཕྱི་ཐོག་པ་རྣམས་བློས་འཁེལ་བའི་ཡིད་ཆེས་གཙང་མ་ཞིག་སྐྱེ་སྲིད་དམ།
རྒྱལ་བའི་གསུང་རབ་དཔེ་ཡིས་སྟོན་མཁས་སྤྲས་ཀྱི་དགེ་བཤེས་པོ་ཏོ་བ།
འཕན་པོ་སྤྲས་ཀྱི་ལུང་བར་ཆོས་ཀྱི་གནས་ལུགས་ཟབ་མོ་ཉིད་འཇིག་རྟེན་གྱི་དཔེ་དང་སྦྱར་ཏེ་སློབ་མའི་ཚོགས་ལ་སློབ་སྟོན་མཛད་མཁས་པར་མ་ཟད། གདུལ་བྱའི་བློ་ཁ་དང་འཚམ་པར་སློབ་བུ་མང་དུ་སྐྱོང་བར་མཁས་པའི་དགེ་བཤེས་ཆེན་པོ་ཞིག་བཞུགས་མྱོང་། ཁོང་ནི་དུས་རབས་བཅུ་གཅིག་པར་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་མོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་དངོས་སློབ། བཀའ་གདམས་པའི་སྐུ་མཆེད་རྣམ་གསུམ་གྱི་ཡ་གྱལ་དུ་བགྲང་བའི་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བ་རིན་ཆེན་གསལ་དུ་འབོད་པའི་སྐྱེས་མཆོག་དེ་ཡིན། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དང་མཁས་པའི་གསུང་གི་བདུད་རྩི་ལས་ཀྱང་། བཀའ་གདམས་པའི་དགེ་བཤེས་ལས་སློབ་མར་ཆོས་འཆད་པ་ལ་མཁས་པ་མཆོག་ཏུ་གྱུར་པ་དགེ་བཤེས་པོ་ཏོ་བ་གྲགས་ཆེ། དགེ་བཤེས་པོ་ཏོ་བ་ནི་ཙི་ནའི་ཡུལ་གྱི་སློབ་དཔོན་ཁུང་ཙི་བཞིན་སློབ་མའི་བློ་ཁ་དང་འཚམ་པའི་སྒོ་ནས་ཆོས་འཆད་པ་ལས། རྩམ་སྐྱ་རླུང་ལ་གཏོར་བ་བཞིན་དམིགས་ཡུལ་མེད་པར་འཆད་པ་ཞིག་མིན། དུས་རབས་ཉེར་གཅིག་པའི་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་དག་གིས་ཀྱང་། དགེ་བཤེས་པོ་ཏོ་བའི་རྗེས་སུ་འབྲངས་ཏེ་སློབ་མའི་བློ་ཁ་དང་འཚམ་པའི་སློབ་ཁྲིད་ཀྱི་མུ་སྐྱོང་ནུས་ཚེ། ད་ལྟའི་བོད་སྐད་ཡིག་འདི་ཉམས་དམས་ཤིང་ཉག་ཕྲ་བའི་དུས་སྐབས་ཤིག་ཏུ་སླེབས་མེད་ཀྱང་སྲིད། དེ་བས་ཐེངས་འདིར་འཕན་པོ་སྤྲས་ཀྱི་ལུང་བར་ཡུལ་དངོས་རྟོག་ཞིབ་ཏུ་ཕྱིན་པའི་སྐབས་དང་བསྟུན་ཏེ། དགེ་བཤེས་པོ་ཏོ་བ་མཆོག་གིས་སློབ་མར་ཆོས་འཆད་པའི་ཐབས་དང་ཤེས་རབ་སྐོར་ལ་གོ་བ་ཟབ་མོ་ཞིག་ལེན་དགོས་པར་འདུག
དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱིས་སྤྲས་ཀྱི་ལུང་བར་སློབ་ཚོགས་བསྐྱངས་ནས་སློབ་མ་དག་ལ《བྱང་ཆུབ་ལམ་གྱི་སྒྲོན་མ》ཁྲིད་དུས། དགེ་བཤེས་པོ་ཏོ་བས་ཆོས་ཀྱི་གནས་ལུགས་ཟབ་མོ་དང་ལམ་གྱི་རིམ་པ་དཔེ་སྣ་ཚོགས་ལ་སྦྱར་ནས་བསྟན་པ་དེ། ཀུན་གྱིས་སེམས་སུ་འཛིན་བདེ་ཞིང་རྟོགས་སླ་ལ། སྤྲོ་བ་སྐྱེད་པའི་གཏམ་རྒྱུད་ལ་བརྟེན་ནས་ལམ་རིམ་གྱི་དོན་གསལ་བར་བྱེད་པས། དབང་རྟུལ་དང་བློ་དམན་དག་གི་དོན་དུ་ལྷག་པར་འགྱུར།དེ་ནི་ཆོས་འཆད་པའི་ཐབས་ཁྱད་པར་བ་ཞིག་ཀྱང་ཡིན། པོ་ཏོ་བས་དཔེ་དང་སྦྱར་བའི་ལམ་རིམ་འཆད་པའི་གསུང་སྒྲོས་རྣམས་ཁོང་གི་བུ་སློབ་དག་གིས་ཕྱོགས་གཅིག་ཏུ་བསྡུས་ནས་ཟིན་བྲིས་སུ་བཏབ་པ་ལ། པོ་ཏོ་བའི་དཔེ་ཆོས་ཞེས་ཤིན་ཏུ་གྲགས་ཆེ། སྐབས་དེ་ནས་བཟུང་བོད་ལ་དཔེ་ཡི་སྒོ་ནས་དམ་པའི་ཆོས་ཀྱི་སྙིང་བོ་སྟོན་པའི་བརྡ་ཆད་ཡན་གར་བ་ཞིག་བྱུང་། དེ་ནི་དཔེ་ཆོས་ཀྱི་བསྟན་བཅོས་ཐོག་མའང་ཡིན། དཔེ་ཆོས་བྱ་བའི་བརྡ་ཆད་ཀྱང་སྐབས་དེ་ནས་བཟུང་ཁྱབ་གདལ་དུ་ཕྱིན། དཔེ་ཆོས་ཡིག་ཚང་གི་ལོ་རྒྱུས་ལྟར་ན། དགེ་བཤེས་པོ་ཏོ་བས་བྱང་ཆུབ་ལམ་གྱི་རིམ་པའི་བརྗོད་བྱ་ཡོངས་སུ་རྫོགས་པ་དེ། འཇིག་རྟེན་ཡོངས་གྲགས་ཀྱི་ཁ་དཔེར་སྦྱར་ཏེ་མཛད་པར་གནང་བའི་དཔེ་ཆོས་ལ་ཁོང་གི་བུ་སློབ་རྣམས་ཀྱིས་འགྲེལ་བ་མཛད་པ་ལས། གྲུབ་ཐོབ་ལྕེ་སྒོམ་རྫོང་པ་ཤེས་རབ་རྡོ་རྗེས་མཛད་པའི《དཔེ་ཆོས་རིན་ཆེན་སྤུངས་པ》དང་། དོལ་པ་ཤེས་རབ་རྒྱ་མཚོས་མཛད་པའི《བེའུ་བུམ་སྔོན་པོ》གཉིས་གྲགས་ཆེ། དེང་རབས་མཁས་པ་ལ་ལས་ཙི་ནའི་ཚིག་དུམ་བཞི་མ་དང་སྦྱར་ཏེ། བོད་ཀྱི་ཚེག་ཁྱིམ་བཞི་ཅན་གྱི་མིང་བརྡ་ལ་དཔེ་ཆོས་ཞེས་པའི་བརྡ་ཆད་གཅིག་མཐུན་ཞིག་སྦྱར་འདུག་ཀྱང་། དོན་དུ་དེ་ནི་དཔེ་ཆོས་ཀྱི་གོ་བ་ལེན་སྟངས་ཡན་གར་བ་ཞིག་ཡིན།
པོ་ཏོ་བས་གོ་སླ་བའི་དཔེ་ཆོས་ལ་སྦྱར་ནས་ལམ་རིམ་གྱི་དོན་གསལ་བར་བསྟན་པའི་འཆད་ཐབས་ལ་རྒྱུས་ཅུང་ཟད་གནང་བ་བརྒྱུད་དེ། ལོ་ངོ་མང་བོར་སློབ་ཆེན་གྱི་ཁྲིད་སྟེགས་སུ་འགྱིང་བའི་ཕྲན་ལ་བསམ་གཞིག་ལྕི་མོ་དང་གནོན་ཤུགས་དྲག་པོ་ཞིག་བྱིན་སོང་། ད་ལྟའི་དུས་རབས་འདིར་དགེ་བཤེས་པོ་ཏོ་བས་ཆོས་ཀྱི་གནས་ལུགས་ཟབ་མོ་དཔེ་ཆོས་སྣ་ཚོགས་ལ་སྦྱར་ནས་བསྟན་པའི་ཐབས་ཤེས་ཁྱད་པར་བ་དེ། ཇི་ལྟར་དུས་རབས་གསར་བའི་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་ལེན་དགོས་སམ། གལ་སྲིད་ང་ཚོས་ཀྱང་བསླབ་ཚན་སོ་སོའི་ནང་དོན་གྱི་གནད་ཕྱོགས་གཅིག་ཏུ་དྲིལ་ཏེ། དཔེ་ཆོས་ཀྱི་སྤྲོ་བ་སྐྱེད་པའི་གཏམ་རྒྱུད་ལ་བརྟེན་ནས། སློབ་མས་རྟོགས་སླ་ཞིང་སེམས་ལ་འཛིན་བདེ་བ་ཞིག་འཆད་ནུས་ཤིང་། ལྷག་པར་སློབ་ཁྲིད་ཀྱི་ནང་དོན་ཡང་དབང་རྟུལ་དང་བློ་དམན་ལ་ཁ་ཕྱོགས་ཐུབ་ཚེ། སློབ་མར་རབ་འབྲིང་ཐ་མའི་དབྱེ་བ་ཞིག་འབྱུང་མི་སྲིད་ལ། བོད་ཡིག་ནི་གོ་དཀའ་བ་དང་སྦྱང་མི་འདོད་པའི་བསླབ་ཚན་ཞིག་ཏུའང་འགྱུར་ག་ལ་སྲིད། མདོར་དྲིལ་ན་ང་ཚོས་དུས་རབས་དང་སྤྱི་ཚོགས་ལ་ཁག་བཀལ་ནས་འདུག་པ་ལས། རང་ཉིད་ཉམས་ཞན་དུ་ཕྱིན་པའི་གནད་དོན་གྱི་གསང་མིག་དེ་འཚོལ་བ་དང་བཅོས་ཐབས་ཕྱོགས་ལ་ཤུགས་འདོན་དགོས་པར་འདུག
ནུབ་ཁའི་ཉི་ཟེར་དང་ལྷན་དུ་སྣེའུ་ཟུར་དགོན་དུ་སླེབས།
སྤྲས་ལུང་བའི་དགོན་སྡེ་གསུམ་ལ་རྟོག་ཞིབ་བྱས་ཚར་རྗེས། ཉི་མ་ཡང་ནུབ་ཁའི་མཚམས་སྤྲིན་དང་བསྡོངས་ཏེ་རི་རྒྱབ་ཏུ་ཡལ་ལ་ཉེ། སྤྲས་ལུང་བའི་ཁ་གཏད་ཀྱི་རི་ངོས་སུ་ཆགས་པའི་སྣེའུ་ཟུར་དགོན་ནི་ནུབ་ཁའི་ཉི་ཟེར་འོག་འོད་ལམ་ལམ་བྱེད། གྲོང་མི་དག་གིས་ཀྱང་བ་ལང་དང་ར་ལུག་རྣམས་དེད་ནས་ཁྱིམ་དུ་ལོག་བཞིན་མཆིས། མོས་པ་དང་དུང་བ་གང་ཞིག་གིས་བསླངས་པ་མི་ཤེས་ཀྱང་། ལུང་གཞུང་གི་གྲོང་སྡེའི་རྒྱུད་ཀྱི་གཞུང་ལམ་ཕྲན་བུ་དེར་ཞུགས་ནས་རི་ངོས་ཀྱི་སྣེའུ་ཟུར་དགོན་གྱི་ཕྱོགས་སུ་ཆས། ཉི་མ་ནུབ་རིར་ཡལ་ལ་ཉེ་བས་ཕལ་ཆེར་དགོན་པའི་ལྷ་ཁང་དག་གི་སྒོ་ཡང་རྒྱག་ངེས་པར་བསམས་ཏེ། རླངས་འཁོར་གྱི་སྣུམ་སྒོ་ཤུགས་ཀྱིས་མནན་ནས་མགྱོགས་པོར་སྣེའུ་ཟུར་དགོན་གྱི་ཕྱོགས་སུ་བསྐྱོད།
སྣེའུ་ཟུར་དགོན་ནི་གྲོང་སྡེ་དང་ཁད་ཅུང་རིང་བའི་རི་ངོས་སུ་ཆགས་ཡོད། ལྗོན་ཤིང་གིས་དཀྲིགས་པའི་དབེན་གནས་འདི་ཟབ་མོ་ཏིང་འཛིན་བརྟན་པའི་དགེ་བཤེས་སྣེའུ་ཟུར་པ་ཡེ་ཤེས་འབར་གྱི་གདན་ས་ཡིན། དགེ་བཤེས་སྣེའུ་ཟུར་པ་ནི་དགོན་པ་བ་དང་པོ་ཏོ་བའི་སྲས་ཀྱི་ཐུ་བོར་གྲགས། ཏིང་འཛིན་ཤིན་ཏུ་བརྟན་པས་རྗེ་བཙུན་མི་ལ་རས་པ་དང་གཉིས་སུ་མེད་པའི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན། 《བཀའ་གདམས་ཆོས་འབྱུང》དུ། སྣེའུ་ཟུར་པས་མི་ལོ་བཞི་བཅུའི་རིང་ལ་སྐ་རགས་ལུས་ནས་བཀྲོལ་མ་མྱོང་བའི་རྣམ་ཐར་བཞུགས། སྣེའུ་ཟུར་དགོན་པའི་འདུ་ཁང་དུ་སྣེའུ་ཟུར་པ་ཡེ་ཤེས་འབར་གྱི་སྐུ་བརྙན་མིའི་ལུས་ཚད་ལས་ཆེ་བ་ཞིག་བཞེངས་ཡོད། སྣེའུ་ཟུར་པ་ལ་ཆེད་དུ་བརྩམས་པའི་རྣམ་ཐར་མ་མཐོང་། ཕལ་ཆེར《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》དང《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར》གཉིས་སུ་འཁོད་པའི་རྣམ་ཐར་གཞིར་བཟུང་ནས་བཞེངས་པ་འདྲ།སྣེའུ་ཟུར་དགོན་གྱི་འབུམ་པའི་མཆོད་རྟེན་བཅུ་གཉིས་ཤིན་ཏུ་གྲགས་ཆེ། ཤར་ནས་བརྩིས་པའི་མཆོད་རྟེན་དགུ་པ་དང་བཅུ་པ། བཅུ་གཅིག་པ་གསུམ་ནི་དགེ་བཤེས་སྣེའུ་ཟུར་པའི་ལྗགས་དང་ཐུགས། སྤྱན་གཟུངས་གཞུག་ཏུ་ཡོད་པའི་མཆོད་རྟེན་བྱིན་ཅན་ཡིན། བཅུ་གཉིས་པ་ལ་མཆོད་རྟེན་འབུམ་པོ་ཆེ་ཟེར། དེ་ནི་སྣེའུ་ཟུར་པ་སྐུ་མཚམས་ལ་བཞུགས་དུས་ཀྱི་ཐུན་མཚམས་སུ་སཱཙྪ་འབུམ་ཕྲག་གཅིག་བཏབ་པ་གཟུངས་སུ་ཕུལ་བའི་མཆོད་རྟེན་དུ་གྲགས། སྣེའུ་ཟུར་དགོན་གྱི་མཆོད་རྟེན་བཅུ་གཉིས་ལས་ཨ་མ་ར་གཅིག་མའི་མཆོད་རྟེན་ཡང་ཤིན་ཏུ་གྲགས་ཆེ། ཡུལ་འདིའི་ངག་རྒྱུན་ལ་ཨ་མ་རྒན་མོ་ཞིག་ལ་ར་མ་གཅིག་ལས་མེད་ཀྱང་། དེའི་འོ་མས་དགོན་པའི་དགེ་འདུན་པ་མང་བོར་གསོལ་ཞོ་ཕུལ་ཐུབ། ཨ་མ་ར་གཅིག་མའི་མཆོད་ཡོན་རྒྱུན་མི་ཆད་པའི་རྟེན་འབྲེལ་གྱི་ཆེད་དུ་མཆོད་རྟེན་དེ་བཞེངས་པར་གྲགས། ཡུལ་འདིར་དགེ་བཤེས་སྣེའུ་ཟུར་པ་ནི་ཨ་མ་ར་གཅིག་མའི་སྲས་སུ་འཁྲུངས་པའི་ངག་རྒྱུན་ཡང་མཆིས་སྐད། སྣེའུ་ཟུར་དགོན་གྱི་ལྷ་ཁང་དང་མཆོད་རྟེན་དག་ལ་རགས་མཇལ་བྱས་རྗེས་སྨག་ཡོངས་སུ་རུབ་སོང་། རྒྱང་རིང་གི་རི་རྒྱུད་དག་ཀྱང་ནག་རོག་གེར་འདུག་ལ། སྐབས་རེར་གློད་འོད་དང་འདྲ་བའི་སེར་ཐིག་འགའ་མིག་ལམ་དུ་གསལ་ལ་མི་གསལ་བ་ཞིག་འཚེར་བ་མཐོང་ཐུབ། སྣེའུ་ཟུར་དགོན་ནས་ལྷུན་གྲུབ་རྫོང་དུ་སྤྱི་ལེ་བཅུ་ཙམ་ཡོད་པས། དེའི་མུར་གྲོང་སྡེའི་གཞུང་ལམ་ཀྱག་ཀྱོག་དེ་དེད་ནས་རྫོང་གི་ཕྱོགས་སུ་བསྐྱོད།
ཆག་ལ་རི་བོའི་བྱང་རྒྱབ།
ཆག་ལ་རི་བོ་ནི་སྲིད་པའི་ལྷ་ཆེན་པོ་གཉན་ཆེན་ཐང་ལྷའི་རི་རྒྱུད་ཅིག་ཡིན། འཕན་པོའི་ཡུལ་ལ་མཚོན་ན། ཆག་ལ་རི་བོ་ནི་འཕན་པོར་ལྷོ་བྱང་གཉིས་སུ་དགར་བའི་ས་ཡི་དབྱེ་མཚམས་ཤིག་ཡིན་པར་མ་ཟད། བྱང་ནི་འདོད་རྒུ་གཡང་དུ་ཆགས་པའི་འབྲོག་ས་དང་ལྷོ་ནི་འབྲུ་དྲུག་ལོ་ལེགས་འབྱུང་བའི་རོང་སར་གཏོགས་པའི་རོང་འབྲོག་གི་དབྱེ་མཚམས་ཤིག་ཀྱང་ཡིན། 《བོད་ཀྱི་ཆོས་འབྱུང་ལོ་རྒྱུས》ལས། བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་དང་བྱང་སྟག་ལུང་རྡོ་རྗེ་གདན་ཞེས་དགོན་མིང་གི་སྔོན་ལ་ཁ་ཕྱོགས་སྟོན་པའི་བྱང་ཡིག་ཅིག་སྦྱར་བ་དེ་ལ། སྔར་དོ་སྣང་ཆེར་བྱས་མྱོང་མེད། ད་རེས་འཕན་པོ་ཡུལ་དུ་རྟོག་ཞིབ་གནང་བ་བརྒྱུད་དེ། ཡུལ་དེར་ཆགས་པའི་ནང་པའི་བསྟན་པའི་གནས་གཞི་དག་ལ་བྱང་ཡིག་སྦྱར་བ་ནི་འཕན་པོ་ཆག་ལ་རི་བོའི་བྱང་དུ་ཆགས་པར་བསྟན་པའི་ས་ཁམས་ཀྱི་གནས་ཚད་ཅིག་ཏུ་ངེས་པ་གཞི་ནས་རྟོགས།
ཆག་ལ་རི་བོའི་བྱང་རྒྱབ་ཏུ་འཕན་པོ་ལྷུན་གྲུབ་རྫོང་ཁོངས་ཀྱི་ཕོད་མདོ་དང་ངར་ནང་། ཐང་མགོ་བཅས་པའི་ཡུལ་ཚོ་གསུམ་ཆགས་ཡོད། དེ་གསུམ་ལས་ཕོད་མདོ་ཡུལ་ཚོ་རུ་སྟག་ལུང་དགོན་དང་དྲིའུ་ལུང་དགོན། སེ་བ་ལུང་། སེང་གླིང་དགོན་ནམ་སེ་ལི་རྒོད་ཚང་བཅས་དགོན་པ་བཞི་ཡོད། ངར་ནང་ཡུལ་ཚོ་རུ་འབའ་ཚག་དགོན་དང་ཇོ་གདན་དགོན། དཔལ་འབར་དགོན། ཀ་མ་དགོན་བཅས་དགོན་པ་བཞི་ཡོད། ཐང་མགོ་ཡུལ་ཚོ་རུ་རྭ་སྒྲེང་དང་བསམ་གཏན་གླིང་བཅས་དགོན་པ་གཉིས་ཡོད། ས་བབ་ཀྱི་ཆ་ནས་བརྗོད་ན། སྔར་སྟག་ལུང་ལུང་བ་དང་རྭ་སྒྲེང་ལུང་བ། དབུ་རུ་ལུང་བ་གསུམ་གྱི་ཕུ་ལས་འབབ་པའི་ཆུ་བོ་གསུམ་ཕོད་མདོ་འགག་ནས་གཅིག་ཏུ་འདྲེས་ཏེ། ངར་ནང་ལུང་བ་བརྒྱུད་ནས་སྐྱིད་ཆུའི་སྟོད་དུ་འབབ་བཞིན་ཡོད་ཀྱང་། ད་ལྟ་ཕོད་མདོ་འགག་ཏུ་ཆུ་མཛོད་ཆེན་པོ་ཞིག་བཟོས་འདུག་ལ། ད་སྐབས་དེ་ལས་ཆུ་ཕྲན་ཞིག་ངར་ནང་ལུང་བ་བརྒྱུད་ནས་ནུབ་ཕྱོགས་སུ་འབབ་ཀྱིན་འདུག་ཀྱང་སྐྱིད་ཆུར་འདྲེས་ཀྱིན་མེད་པ་འདྲ། ཆག་ལ་རི་བོའི་བྱང་རྒྱུད་ཀྱི་དགོན་སྡེ་བཅུ་པོ་དེ། ཕལ་ཆེ་བ་སྟག་ལུང་ལུང་བ་དང་རྭ་སྒྲེང་ལུང་བ། ངར་ནང་ལུང་བའི་རྒྱུད་དུ་ཆགས་ཡོད། ཐེངས་འདིར་དུས་ཚོད་ཀྱིས་གཏུགས་ཏེ་བྱང་རྒྱུད་ཀྱི་དགོན་པ་ཚང་མར་འགྲོ་མ་ནུས་ཀྱང་།བསྟན་པ་དང་གྲུབ་མཐའི་མཆེད་ཁུངས་སུ་མངའ་བའི་གནས་གཞི་དག་ལ་ཅིས་ཀྱང་འགྲོ་དགོས་བསམས་ནས་རྟོག་ཞིབ་ཀྱི་འཆར་འགོད་བཟོས།
ཆག་ལ་རི་བོའི་བྱང་རྒྱབ་ལ་འགྲོ་བའི་ལམ་ཐག་རིང་བའི་ཁར། དགོན་སྡེ་དག་ཀྱང་ལུང་བའི་ཕུ་དང་རི་རྩེར་ཆགས་པས་རྟོག་ཞིབ་ཀྱི་དུས་ཚོད་མང་བོ་སྤྱད་དགོས་ཕྱིར། ཞོགས་སྔ་མོར་འཕན་ཡུལ་ལྷུན་གྲུབ་རྫོང་ནས་ལམ་ལ་ཆས་ཏེ། སུམ་ཕྲེང་ལུང་བ་བརྒྱུད་ནས་ཆག་ལ་རི་བོའི་བྱང་རྒྱབ་ཏུ་ཕྱིན། ལུང་ཞབས་ལས་ཡར་དཀྱོག་མར་དཀྱོག་ཅན་གྱི་གཞུང་ལམ་ཞིག་རི་རྩེར་འཐེན་འདུག་པ་མཐོང་། ནམ་ཞིག་ལ་སླེབས་སྲིད་དམ་སྙམ་པའི་དུབ་སྣང་ཞིག་སྐྱེས་བྱུང་མོད། རླངས་འཁོར་གྱི་སྣུམ་སྒོ་ཤུགས་ཀྱིས་མནན་ནས་ཆུ་ཚོད་ཕྱེད་ཙམ་གྱིས་ཆག་ལའི་ཉག་གར་སླེབས་བྱུང་། ཆག་ལའི་ཉག་གར་དར་ལྕོག་དང་བསང་ཁྲི། རྡེའུ་འབུམ་གྱིས་ཁེངས་འདུག བྱང་ཕྱོགས་ཀྱི་རི་ངོས་སུ་འབྲོག་པའི་དུད་ཁྱིམ་འགའི་ཁང་མིག་ཕུབ་འདུག་ཅིང་། ནོར་ཁྱུ་སྐོར་ཞིག་རི་ངོས་སུ་གྲམ་ནས་དལ་བུར་ཡར་འགོ་བཞིན་འདུག ཚུལ་དེ་འཕན་པོའི་ལྷོ་རྒྱུད་ཀྱི་ལུང་གཞུང་དག་ནས་ཤིན་ཏུ་མཐོང་དཀའ། ཆག་ལ་རི་བོའི་བྱང་རྒྱབ་ཀྱི་འབྲོག་ས་དག་ཕ་ཡུལ་གྱི་ལུང་བ་དང་གཉིས་སུ་མེད་པ་ལྟར་སྣང་བས། སེམས་ཀྱི་སྣང་ངོར་དབང་མེད་དུ་ཕ་ཡུལ་གྱི་རྩྭ་ཐང་དང་ནོར་ལུག་དག་འཁོར་བྱུང་།
ཆག་ལ་རི་བོའི་ཉག་ལམ་ནི་སྔོན་ཆད་ཀྱང་ཁམས་དང་ཨ་མདོའི་ཕྱོགས་ཀྱི་དབུས་ལམ་གཙོ་བོ་ཞིག་ཡིན། དེང་སང་ཡང་མདོ་སྨད་ནས་རྐང་ཐང་དུ་དབུས་ལ་འགྲོ་བའི་མཆོད་མཇལ་པ་རྣམས་ཆག་ལ་རི་བོའི་ཉག་ལམ་བརྒྱུད་ནས་འཕན་པོ་ལུང་བར་བབས། དེ་ནས་ལུང་གཞུང་བརྒྱུད་ནས་དབུས་ཉི་མ་ལྷ་སའི་ཕྱོགས་སུ་འགྲོ་བཞིན་འདུག ང་ཚོ་ཉག་ག་དེར་རྫ་ཆུ་ཁའི་རྐང་ཐང་མཇལ་པ་གསར་བུ་ལོ་ཆུང་གཉིས་ལ་ཕྲད་སོང་། ཚུར་སྐོམ་ཆུ་ཞིག་བསླངས་པ་ལ། ཕར་ཁོ་ཧྥེ་དང་རྒུན་འབྲུམ། སྒོར་བརྒྱའི་ལམ་རྒྱགས་བྱིན་པ་ན། ཁོ་གཉིས་ཀྱང་སྤྲོ་བའི་ངང་མགྱོགས་པོར་ཐུར་ལམ་དུ་ཞུགས་ནས་འཕན་པོའི་ཁོག་ཏུ་ཆས་སོང་། ངས་ཀྱང་རླངས་འཁོར་གྱི་སྣུམ་སྒོ་མནན་ནས་མགྱོགས་པོར་བྱང་རྭ་སྒྲེང་དང་སྟག་ལུང་དགོན་གྱི་ཕྱོགས་སུ་ཕྱིན།
བྱང་སྟག་ལུང་ཕུ་མདའི་བཀའ་བརྒྱུད་པའི་དགོན་སྡེ།
ཆག་ལ་རི་བོའི་བྱང་རྒྱབ་ཏུ་ཆགས་པའི་ཕོད་མདོ་ཡུལ་ཚོ་ནི་སྟག་ལུང་ལུང་བ་དང་རྭ་སྒྲེང་ལུང་བ། དབུ་རུ་ལུང་བ་གསུམ་གྱི་ཕུ་ལས་མདོར་ཆགས་པས་ཕུ་མདོ་ཞེས་བྲིས་ན་དག་པར་བསམས་ཀྱང་། ཡུལ་འདིའི་ལོ་རྒྱུས་ཡིག་ཚང་དག་ཏུ་ཕོད་མདོ་ཞེས་འཁོད་འདུག
ཕལ་ཆེར་མདོ་མཁར་པས་མཛད་པའི《མི་དབང་རྟོགས་བརྗོད》དུ་འཁོད་པར་གཞི་བཅོལ་བ་འདྲ། དེང་སང་སྟག་ལུང་དང་རྭ་སྒྲེང་། དབུ་རུའི་ཕུ་གསུམ་ལས་མདོ་དེར་ཆུ་མཛོད་ཆེན་པོ་ཞིག་བཟོས་པའི་ངོས་ལ། ཕུ་མདོ་ཆུ་མཛོད་ཅེས་ཕུ་ཡིག་བྲིས་པ་ནི་མ་དག་རྒྱུན་འབྱམས་སུ་ཆགས་པ་ལེགས་བཅོས་གནང་བ་ཞིག་ཡིན་སྲིད་སྙམ། འཕན་ཡུལ་ཕོད་མདོ་ཡུལ་ཚོའི་ཁོངས་སུ་སྟག་ལུང་དགོན་དང་དྲིའུ་ལུང་དགོན། སེ་བ་ལུང་། སེང་གླིང་དགོན་བཅས་སྟག་ལུང་བཀའ་བརྒྱུད་པའི་དགོན་སྡེ་བཞི་ཡོད། དེ་དག་སྟག་ལུང་ལུང་བའི་རྒྱུད་དུ་བསྟར་མར་ཆགས་འདུག སྟག་ལུང་དགོན་པ་ནི་སྟག་ལུང་བཀའ་བརྒྱུད་ཀྱི་མ་དགོན་ཡིན། སྟག་ལུང་ལུང་བའི་དགོན་ཕྱི་མ་གསུམ་ཡང་འདིའི་དགོན་ལག་ཏུ་གཏོགས།
སྟག་ལུང་བྱ་བ་ནི་ས་མིང་རྙིང་བ་ཞིག་སྟེ། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི《སྟག་ལུང་ཆོས་འབྱུང》སོགས་ཆོས་འབྱུང་ཁུངས་བཙུན་དག་ལས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལུང་བ་འདིར་འཇིགས་སུ་རུང་བའི་སྟག་གི་རྔམ་པའི་ང་རོ་སྒྲོག་པའི་ཚུལ་གྱིས་ཆོས་ཀྱི་དགོངས་པ་བསྟན་པས་སྟག་ལུང་དུ་ཐོགས་པར་གཞིགས་ན། ཐོག་མའི་དུས་སུ་སྟག་ལུང་གིས་ཡུལ་འདི་སྔ་འགྱུར་རྙིང་མའི་ལུགས་ཀྱི་བསྟི་གནས་སུ་ཆགས་ཤིང་ཕྱིས་བཀའ་བརྒྱུད་དུ་གྱུར་པར་མངོན། སྟག་ལུང་དགོན་པའི་ཉེ་ལོགས་ཀྱི་དྲིའུ་ལུང་དབེན་གནས་ཀྱང་། ཐོག་མའི་དུས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྒྲུབ་པ་ཉམས་ལེན་མཛད་པའི་སྒྲུབ་གནས་ཡིན་ཞིང་། སྟག་ལུང་དགོན་པའི་གདན་རབས་ཉེར་ལྔ་པ་མ་སྤྲུལ་བསྟན་འཛིན་རྣམ་རྒྱལ་གྱིས་ལྷ་ཁང་བརྩིགས་ནས་བཀའ་བརྒྱུད་པའི་ལུགས་སུ་བསྒྱུར། ད་ལྟའང་ཚེས་བཅུའི་སྒྲུབ་མཆོད་ལ་གུ་རུ་གཙོ་འཁོར་གསུམ་གྱི་གོས་སྐུ་བཤམས་པ་སོགས་སྔ་འགྱུར་རྙིང་མའི་ལུགས་ཀྱི་ཆོས་རྒྱུན་མ་ཉམས་པར་མཆིས།
ས་གནས་ཀྱི་ངག་རྒྱུན་ལྟར་ན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བློན་དབས་སྟག་རྣའི་མངའ་རིས་དབུ་རུའི་བྱང་ཕྱོགས་ཀྱི་ཡུལ་འདིར་ཡོད་པས་དཔོན་མིང་ཡུལ་དུ་ཐོགས་པའི་བཤད་རྒྱུན་ཡང་མཆིས་ཕྱིར། ས་གནས་ལོ་རྒྱུས་ཁྲོད་དུས་རིམ་གྱི་རྒྱུན་ཐག་ཐོར་བའི་གནད་ཞིབ་ཚགས་སུ་གཏོང་བའི་ཆ་མང་དུ་མཆིས་པར་བསམས་ཀྱང་། ད་ལྟ་མི་ཕལ་ཆེ་བས་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱིས་སྟག་ལུང་དགོན་ཕྱག་བཏབ་པ་ནས་བཟུང་སྟག་ལུང་དུ་ཐོགས་པར་འདོད།
སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ནི་སྟག་ལུང་བཀའ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་པ་ཡིན།ཕྲན་དེ་སྔར་སྟག་ལུང་བཀའ་བརྒྱུད་ཀྱི་དགོན་སྡེ་ལ་རྒྱུས་ཆེན་པོ་མེད། ད་རེས་འཕན་ཡུལ་འགྲིམས་པའི་ཡུལ་དངོས་རྟོག་ཞིབ་ལས། སྟག་ལུང་བཀའ་བརྒྱུད་ལུགས་ཀྱི་དགོན་སྡེ་མང་བོར་ཕྱིན་པ་དང་།ལྷག་པར་སྟག་ལུང་བཀའ་བརྒྱུད་ཀྱི་ཆོས་འབྱུང་དང་རྣམ་ཐར་ལ་མཇལ་བ་བརྒྱུད་དེ། སྟག་ལུང་ཐང་པ་བཀྲ་ཤིས་དཔལ་དང་ཁོང་གིས་ཕྱག་བཏབ་པའི་བྱང་སྟག་ལུང་རྡོ་རྗེ་གདན་གྱིས་བོད་ཀྱི་ཆོས་སྲིད་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་ཞིག་བཟུང་འདུག་པ་གཞི་ནས་རྟོགས། 《སྟག་ལུང་ཆོས་འབྱུང》དུ་འཁོད་པ་ལྟར་ན། སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ནི་ཁམས་སྟོད་དུ་སྐུ་འཁྲུངས། ཁོང་གིས་ལོ་བདུན་གྱི་རིང་ལ་ཕག་མོ་གྲུ་པའི་ཉེ་གནས་སུ་བསྟེན་ནས་གདམས་པ་མ་ལུས་རྫོགས་པར་གསན། སེང་གླིང་དང་སེ་བ་ལུང་སོགས་སུ་ཕུག་སྒོ་འདག་སྦྱར་གྱིས་སྒྲུབ་པ་ཉམས་ལེན་མཛད། དགུང་ལོ་སོ་དགུ་པར་དད་ལྡན་པས་སྤྱན་དྲངས་ནས་སྟག་ལུང་བཀའ་བརྒྱུད་ཀྱི་མ་དགོན་དཔལ་སྟག་ལུང་རྡོ་རྗེ་གདན་ཕྱག་བཏབ། དམ་པ་འདིའི་མཛད་པ་འཕྲིན་ལས་ཀྱི་རྣམ་ཐར་ནི《སྟག་ལུང་ཐང་པའི་རྣམ་ཐར་ཆེན་མོ་མོས་གུས་སྙེ་མ》དང《སྟག་ལུང་ཐང་པའི་རྣམ་ཐར་རྒྱས་པ》ལས་ཞིབ་མོར་མཇལ་ཐུབ་སྐད། སྟག་ལུང་དགོན་པའི་རུང་ཁང་དུ་དགེ་འདུན་པ་ཞིག་ལ་བཀའ་འདྲི་ཞུ་དུས། ཁོང་ལ་སྟག་ལུང་ཐང་པའི་རྣམ་ཐར་ཞིག་འདུག་ཀྱང་ཇི་ལྟར་བཙལ་ཡང་རྙེད་མ་སོང་། གཞན་ལ་ངག་བཅོལ་བྱས་པའང་གོ་འཛོལ་བྱུང་ནས་ལག་སོན་མ་བྱུང་། དགེ་གྲོགས་ཤིག་གིས《སྟག་ལུང་དག་ཡིག》གི་དཔར་ཡིག་ཅིག་དགོན་པ་འདིར་བཞུགས་པའི་སྐོར་རྩད་གཅོད་གནང་བར་ངག་བཅོལ་ཡང་ཡང་གནང་མོད། རྒྱུས་མངའ་བ་གཅིག་ཀྱང་མི་འདུག་པས་ལག་སྟོང་དུ་ཕྱིར་ལོག་པ་ལས་ཐབས་མེད་པར་གྱུར།
བྲག་ལ་བརྐོས་པའི་སེང་གླིང་དགོན།
གནའ་བོའི་དུས་སུ་བོད་ཀྱི་དགོན་པ་དང་ལྷ་ཁང་ནི་ཐང་དང་གཞུང་དུ་བཏབ་པ་ཤུགས་ཆེ། ཕྱིས་རི་བོ་དང་བྲག་ཏུ་འདེབས་པ་རྒྱུགས་ཆེ་བར་གྱུར། བྲག་ཏུ་བཏབ་པ་ནི་ཕལ་ཆེ་བ་སྒྲུབ་ཁང་དང་ཕུག་པའི་རིགས་སུ་གཏོགས། འཕན་ཡུལ་བྱང་དུ་ཡོད་པའི་དབེན་གནས་ཉམས་དགའ་བ་སེང་གླིང་རྡོ་རྗེ་རྫོང་ནི་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ཟབ་མོ་ཏིང་ངེ་འཛིན་ལ་བཞུགས་པའི་གནས་སུ་གྲགས།
དབེན་གནས་འདི་སེང་གེ་རྣམ་པར་འགྱིང་བའི་སྟབས་ཀྱིས་བཞུགས་པའི་གླིང་དུ་ཆགས་པས་སེང་གླིང་དགོན་དུ་ཐོགས། མདོ་སྨད་དུ་སེ་ལི་རྒོད་ཚང་གི་འབོད་ལུགས་རྒྱུན་འབྱམས་སུ་ཆགས་ཡོད། ཕལ་ཆེར་རི་ཤིང་སེ་བས་གླིང་འདི་རབ་ཏུ་བཏུམས་པས་སེ་གླིང་དུ་ཐོགས་པ་ལ། ཨམ་སྐད་དུ་སྒྲ་འགྱུར་ནས་སེ་ལིར་གྱུར་པ་འདྲ།
ཨ་མདོ་ཙོང་ཁའི་ཡུལ་དུ་དམར་གཙང་བྲག་དང་ཏན་ཏིག་བྲག ལོ་རྡོ་རྗེ་བྲག ཕུ་ལ་ཡང་རྫོང་བྲག་སོགས་བསྟན་པ་ཕྱི་དར་སྐབས་ཀྱི་ལྷ་ཁང་བྲག་ཏུ་བཏབ་པ་མང་བོ་ཞིག་མཐོང་ཐུབ་ཀྱང་། སེང་གླིང་དགོན་ལྟར་བྲག་དམར་པོའི་གཡང་གཟར་གྱེན་དུ་ཕྱོགས་པའི་ངོས་སུ་མདའ་ཟུག་པ་བཞིན་ལྷ་ཁང་བཞེངས་འདུག་པ་ཞིག་ཕྲན་གྱིས་ད་སྔ་བར་མཐོང་མྱོང་མེད། ཐག་རིང་པོ་ནས་རྒྱང་ལྟ་བྱེད་དུས་བྲག་ཏུ་རི་མོ་བརྐོས་པ་བཞིན་མཛེས་པར་སྣང་བས། དེ་ཉིད་ལྷས་བྱས་པ་ལས་མིས་བརྩིགས་པར་སྨྲ་ག་ལ་ནུས་སྙམ། དགོན་པ་འདིའི་མིང་ལ་རྒོད་ཚང་དུ་བཏགས་པ་ཅི་འདྲའི་དོན་ལ་གནས་པ་ཞིག་རེད་ཨང་། མཐོ་ཞིང་གཟར་བའི་བྲག་ངོས་འདི་ནི་བྱ་རྒྱལ་རྒོད་པོའི་ཚང་བྱེད་པའི་གནས་ཁོ་ན་ལས་མ་འདས།
《སྟག་ལུང་ཐང་པའི་རྣམ་ཐར》ལས། སྟག་ལུང་ཐང་པ་མཉམ་མེད་བཀྲ་ཤིས་དཔལ་གྱིས་སེང་གླིང་རྡོ་རྗེ་བྲག་ནི་ཉིན་མོར་སྐྱེ་བོའི་རྒྱུ་ལུགས་དང་མཚན་མོར་སྒྲའི་གླག་ཅོར་མེད་པ། ཕྱིའི་བྱ་བྱེད་དང་ནང་སེམས་ཀྱི་རྣམ་པར་གཡེང་བ་ཐམས་ཅད་བྲལ་བའི་རི་སུལ་ཉམས་དགའ་བ་དགེ་སྦྱོར་འཕེལ་བའི་གནས་ངོ་མཚར་ཅན་དུ་བསྔགས་པར་གཞིགས་ན། ཟབ་མོ་སྒྲུབ་པ་མཛད་སའི་དགའ་ཚལ་ཞིག་ཏུ་སྣང་།
སེང་གླིང་དགོན་གྱི་བྲག་ངོས་ཀྱི་ཆེས་མཐོ་བའི་འདུ་ཁང་དུ་སྐུ་བརྙན་རྩ་ཆེ་བ་མང་དུ་བཞུགས། འདུ་ཁང་གི་གནས་གཞིའི་མཐོ་ཚད་ལ་མཚོ་འཕགས་སྨི་བཞི་སྟོང་ལྔ་བརྒྱ་ཙམ་མཆིས། འདུ་ཁང་གི་གམ་དུ་སླེབས་དུས་ཆུང་མ་ལ་ས་མཐོས་མགོ་ཡུ་འཁོར་ནས་གདོང་སྐྱ་བོར་གྱུར་འདུག མོ་རི་ངོས་སུ་མར་འབབ་ཏུ་བཅུག་རྗེས། ངས་མྱུར་མོར་འདུ་ཁང་དུ་རགས་མཇལ་ཐེངས་ཤིག་བྱས། དེར་ཚོང་དཔོན་ནོར་བུ་བཟང་བོའི་སྐུ་བརྙན་བཀའ་བརྒྱུད་བླ་མའི་ཆ་ལུགས་སུ་བཞེངས་པ་ཞིག་བཞུགས། ཚོང་དཔོན་ནོར་བཟང་གི་ཕྱག་མདའ་མི་འདྲ་བ་གཉིས་ཀྱང་བཞུགས་མོད། ཕྲན་གྱིས་བྲེལ་འཚུབ་སྒོས་རགས་མཇལ་ཙམ་བྱས་པས་མདའ་གཉིས་མཐོང་མ་བྱུང་། བྲག་ངོས་ནས་གཞུང་དུ་བབས་ཏེ་དགེ་འདུན་པ་ཞིག་ལ་ཚོང་དཔོན་ནོར་བུ་བཟང་བོའི་སྐོར་གྱི་ངག་རྒྱུན་བཀའ་འདྲི་ཐུང་ངུ་ཞིག་བྱེད་དུས། ད་གཟོད་ཚོང་དཔོན་གྱི་ཕྱག་མདའ་མི་འདྲ་བ་གཉིས་ནི་འདུ་ཁང་གི་ཆེས་སྟེང་མར་བཞུགས་པ་ཤེས། ཡང་བསྐྱར་བྲག་ངོས་སུ་འཛེགས་པའི་ལུས་ཤུགས་ཟད་ཅིང་། ཕྱིར་འཕན་ཡུལ་དུ་ལོག་པའི་ལམ་ཐག་ཀྱང་རིང་བས། སླད་མར་མཇལ་བའི་སྨོན་ལམ་བཏབ་ནས་ཕྱིར་ལོག་པའི་ལམ་དུ་ཆས།
རྭ་སྒྲེང་ཕ་བོང་ཐང་།
བཀའ་གདམས་བསྟན་པའི་ཆུ་མགོ་རྭ་སྒྲེང་དགོན་རྒྱལ་བའི་དབེན་གནས་ནི་འཕན་ཡུལ་གྱི་ཆེས་བྱང་མཐར་གནས་ཤིང་། དབུས་ལྷ་སའི་ཡུལ་ནས་ཆག་ལ་རི་བོར་བརྒལ་ཏེ་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཙམ་བསྐྱོད་དགོས། ཐེངས་འདིར་འཕན་ཡུལ་གྱི་བྱང་རྒྱུད་དུ་ཕྱིན་པའི་དམིགས་ཡུལ་ཡང་རྭ་སྒྲེང་དགོན་དུ་རྟོག་ཞིབ་བྱ་ཆེད་ཡིན། ཞོགས་པར་འཕན་པོ་ལྷུན་གྲུབ་རྫོང་ནས་ལམ་དུ་ཆས་ཏེ་བྱང་ཕྱོགས་སུ་བསྐྱོད། སེང་གླིང་དགོན་གྱི་འདབས་བརྒྱུད་ནས་ཕོད་མདོ་ཡུལ་ཚོར་སླེབས་ཤིང་། དེ་ནས་ཆུ་མཛོད་འགྲམ་ངོགས་ཀྱི་བགྲོད་ལམ་གཡང་གཟར་ཅན་ལ་ཞུགས་ཏེ་སྤྱི་ལེ་སུམ་ཅུ་ཙམ་བསྐྱོད་ན་རྭ་སྒྲེང་ཕ་བོང་ཐང་དུ་སླེབས་ཐུབ། རྭ་སྒྲེང་ཕ་བོང་ཐང་ནི་དགོན་པའི་མདུན་ཕྱོགས་སུ་མཆིས་ཤིང་། ཐང་འདིར་སྟག་དང་སེང་གེ་སོགས་ཀྱི་གཟུགས་དང་འདྲ་བའི་ཕ་བོང་གིས་ཁེངས་འདུག་པས་དེ་ལྟར་ཐོགས། དུས་ཆེན་ལ་ཐང་འདིར་དགོན་པས་ཚོགས་བཤམས། དགེ་འདུན་པས་འཆམ་སྟེག དམངས་ཀྱིས་རྩེད་མོ་ཅི་རིགས་རྩེ་བའི་སྲོལ་མཆིས།
འབྲོམ་སྟོན་པ་དང་ཁྲི་ཆེན་ངག་དབང་མཆོག་ལྡན་གཉིས་ལུག་ལོར་རྭ་སྒྲེང་དུ་ཕེབས་ཕྱིར། རྟེན་འབྲེལ་ཉིས་བརྩེགས་ཀྱིས་ལུག་ལོ་ཕ་བོང་ཐང་སྐོར་ཞེས་དད་ལྡན་པས་ཉིན་བདུན་ལ་ཕྱག་དང་སྐོར་བ་བྱེད་སྲོལ་མཆིས། རྭ་སྒྲེང་ནས་ཕྱིར་ལོག་དུས་ཐང་འདིར་ངལ་གསོས་ཤིང་། རྟེན་སྐལ་དུ་རྭ་སྒྲེང་དགོན་གྱི་རྒྱབ་རི་དང་མཚུངས་པའི་རྡེའུ་རི་མོ་ཅན་ཞིག་བཏུས་ནས་ལོག
རྭ་སྒྲེང་དགོན་ནི1057ལོར། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཐོག་མར་ཕྱག་བཏབ།ལོ་དགུ་ལ་གདན་ས་བསྐྱངས། སྐུ་མཆེད་གསུམ་གཙོས་པའི་བུ་སློབ་མཐའ་ཡས་པ་བསྐྱངས། རྗེ་ཉིད་བཀའ་གདམས་བསྟན་པའི་བདག་པོ་དང་དགོན་འདི་བཀའ་གདམས་བསྟན་པའི་འབྱུང་གནས་སུ་གྱུར། 1400ལོར། རྗེ་ཙོང་ཁ་པ་རྭ་སྒྲེང་དུ་ཕེབས། ཕྱི་ལོར་ཡང་དགོན་རི་ཁྲོད་ཕྱག་བཏབ།དེའི་ཕྱི་ལོར《བྱང་ཆུབ་ལམ་རིམ་ཆེན་མོ》གནས་དེར་བརྩམས། བར་སྐབས་སུ་ཉམས་ཆག་ཤོར་བར་པཎ་ཆེན་བློ་བཟང་ཆོས་རྒྱན་དང་ལྔ་པ་ཆེན་མོས་དྲིན་གྱིས་བསྐྱངས། རྒྱལ་མཆོག་བདུན་པའི་ཡོངས་འཛིན་ཁྲི་ཆེན་ང་བཞི་པ་ངག་དབང་མཆོག་ལྡན་གྱིས་རེ་ཞུ་མཛད་པ་ལྟར་བདག་པོར་བསྩལ་བ་ནས་བཟུང་རྭ་སྒྲེང་རིམ་བྱོན་གྱིས་བསྐྱངས་པའི་སྲོལ་བྱུང་།
རྭ་སྒྲེང་དགོན་དུ་རྟེན་ཁྱད་པར་ཅན་མང་དུ་བཞུགས་པ་ལས། ཇོ་བོ་རྗེས་རྒྱ་གར་ནས་ཁྱེར་འོང་ཞིང་། ཕྱིས་འབྲོམ་ལ་གནང་བའི་འཇམ་དཔལ་རྡོ་རྗེའི་སྐུ་བརྙན་གསུང་འབྱོན་མ་དེ་ཤིན་ཏུ་གྲགས་ཆེ། རྒྱལ་དབང་ལྔ་པ་ཆེན་པོ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་སྐུ་འདིའི་མདུན་དུ་ཟན་རིལ་བསྒྲིལ་ནས་ངོས་འཛིན་མཛད་པར་གྲགས། ཤུག་སྡོང་ཉིས་ཁྲིས་བརྒྱན་པའི་ཤུག་པའི་ནགས་ཚལ་འདིར་འབྲོམ་སྟོན་པ་གཙོས་སྐྱེས་ཆེན་དམ་པའི་གདུང་རྟེན་སོགས་རྟེན་བྱིན་ཅན་མང་དུ་བཞུགས་ཀྱང་། རེ་རེ་བཞིན་མཇལ་བའི་དུས་ཚོད་ཀྱི་སྐལ་བ་ཤིན་ཏུ་ཕྲ་བས། ལས་གཞི་དང་འབྲེལ་བའི་ཡིག་ཚང་སྐོར་ཞིག་འཚོལ་སྡུད་བྱས་རྗེས། སླར་ཡང་འཕན་ཡུལ་ལྷོ་རྒྱུད་དུ་བསྐྱོད་པའི་ལམ་ལ་ཆས།
སླད་མའི་རྟོག་ཞིབ་ལྷག་འཕྲོ་མ།
དབུས་ལྷ་ལྡན་གྱི་བྱང་ཕྱོགས་སུ་ཆགས་པའི་རྒྱལ་བ་བཀའ་གདམས་པའི་བསྟན་པའི་འབྱུང་གནས་སུ་གྲགས་པའི་འཕན་པོ་ལུང་བར་བཀའ་གདམས་དགེ་བཤེས་ཀྱི་གནས་གཞི་བདུན་དང་བྱམས་པ་སྤུན་གསུམ། མགོན་པོ་སྤུན་གསུམ། སྒྲུབ་གནས་ཆེན་པོ་གསུམ། དབེན་གནས་གསུམ། རྟེན་ཁྱད་འཕགས་ཅན་རྣམ་གསུམ། ཀླུང་ཤོད་ཀྱི་གནས་གཞི་གསུམ། དབུ་མའི་གདན་ས་གཉིས།ངོ་མཚར་བའི་གནས་བརྒྱད་སོགས་ཆོས་ཀྱི་བསྟན་པའི་གནས་གཞི་མང་བོ་ཞིག་ཆགས་པ་ལས།ཐེངས་འདིར་དུས་ཚོད་ཀྱི་དབང་གིས་གནས་གཞི་མང་བོ་ཞིག་རྟོག་ཞིབ་ཀྱི་ལྷག་འཕྲོས་སུ་གྱུར་ཏེ།སླད་མའི་རྟོག་ཞིབ་ཀྱི་འཆར་གཞི་ཁྲོད་མི་འཇོག་ཐབས་མེད་བྱུང་། ལྷག་པར་འཕན་ཡུལ་ཆག་ལ་རི་བོའི་ལྷོ་རྒྱུད་དང་ངས་ཆུ་གཙང་བོའི་འགྲམ་ངོགས་ཀྱི་ལུང་གཞུང་དག་ཏུ་ཆགས་པའི་བསྟན་པའི་གནས་གཞི་མང་བོ་ཞིག་ལ་ཡུལ་དངོས་རྟོག་ཞིབ་བྱ་མ་ནུས། ལྷག་པར་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་སྲས་ཀྱི་ཐུ་བོ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་དགེ་བསྙེན་གྱི་སྡོམ་པ་གནང་མཁན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཞང་གི་རིགས་རྒྱུད་ཕྱི་མར་སྐུ་འཁྲུངས་པའི་སྐྱེས་ཆེན་དམ་པ་སྟེ། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་བཞེངས་པའི་རྒྱལ་ལྷ་ཁང་དང་ར་མ་བྱམས་ཁང་དུ་འགྲོ་མ་ཐུབ་པ་ཤིན་ཏུ་ཕངས།
དེ་ལས་གཞན་ད་དུང་རོང་སྟོན་སྨྲ་བའི་སེང་གེས་ཕྱག་བཏབ་པའི་དཔལ་ལྡན་ས་སྐྱའི་ཚུར་ལུགས་ཀྱི་གདན་ས་ཆེན་མོ་དཔལ་ནཱ་ལེནྡྲ་དང་བཀའ་གདམས་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བ་རིན་ཆེན་གསལ་གྱི་དངོས་སློབ་གྲུབ་ཐོབ་གླང་རི་ཐང་པ་རྡོ་རྗེ་སེངྒེས་ཕྱག་བཏབ་པའི་འཕན་པོ་གླང་ཐང་དགོན་སོགས་ལའང་འགྲོ་མ་ནུས། འཕན་ཡུལ་ནས་ཕྱིར་ལོག་པའི་ལམ་དུ་ཕངས་སེམས་དང་མནངས་ཆེ་བའི་ཚོར་འདུ་མང་བོ་ཞིག་བྱུང་ཡང་།ད་རེས་རྟོག་ཞིབ་ཀྱི་ས་ཁོངས་རྒྱ་ཆེ་བ་དང་། ནང་དོན་མང་བ། དུས་ཚོད་ཐུང་བ་སོགས་ཀྱི་རྐྱེན་དུ་མས་མ་ནུས་པར་ལྷག་འཕྲོས་སུ་གྱུར་པ་མང་བས། ཐེངས་འདིར་གུན་ཁུར་བ་ལ་སླད་མར་ཅིས་ཀྱང་ཁ་གསབ་བྱ་བའི་ཆོད་སེམས་དང་དམ་བཅའ་སེམས་སུ་ཡང་ཡང་འཕོས་བྱུང་།
རྡོ་དཀར་ཚེ་དཔལ་སྟོབས་ལྡན། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། མིའི་རིགས་རིག་པའི་འབུམ་རམས་པ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣ་དང་མཚོ་སྔོན་ཞིང་ཆེན་ཁུ་ནུའི་མཛངས་མི་མཐོ་རིམ་གསར་གཏོད་མི་སྣའི་སྣེ་ཁྲིད་ཤེས་ལྡན་པ་ཡིན། སྔ་ཕྱིར་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གླིང་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་སོགས་འགྲིམས། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་དུ་སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀ་གཉེར་མུས་སུ་མཆིས།