རང་རེའི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས19ཉིན། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཐེངས་བཅུ་བཞི”པའི་མི་རིགས་སྐད་ཡིག་དཔེ་སྐྲུན་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་དང་མི་རིགས་སྐད་ཡིག་དཔེ་སྐྲུན་གྱི་ཆེད་དམིགས་རོགས་དངུལ་རྣམ་གྲངས།《ཏུན་ཧོང་བོད་ཀྱི་གནའ་བོའི་ཡིག་ཆ་ཕྱོགས་བསྒྲིགས》པོད50ཡི(ཁྱོན་པོད100)དེབ་གསར་འགྲེམ་སྤེལ་མཛད་སྒོ་ཐེན་ཧྥུ་དཔེ་དེབ་འགྲེམ་སྟོན་གྱི་རྔ་བའི་འགྲེམ་སྟོན་ཁུལ་དུ་གཟབ་རྒྱས་ངང་སྤེལ། དཔེ་ཚོགས་གཙོ་སྒྲིག་པ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟོབས་ལྡན་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྷ་བྱམས། དེ་མིན་སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་ཆེན་རྡོ་རྗེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་སོགས་ཚོགས་འདུར་ཞུགས།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་ཤིས་ཚིག་ཏུ་བརྗོད་དོན། ཏུན་ཧོང་རིག་པ་འདི་ཉིད་འཕེལ་རྒྱས་སུ་སོང་ནས་ལོ་ངོ་བརྒྱ་ཕྲག་རིང་། ཞིབ་འཇུག་པའི་སྡེ་རུ་བྲག་བརྐོས་སྒྱུ་རྩལ་དང་ལོ་རྒྱུས་ཡིག་ཚང་སོགས་ཀྱི་ཁྱབ་ཁོངས་སུ་དཔྱད་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད་ན་ཡང་བྲག་ཕུག་ཁྲོད་ལྷག་པའི་མི་རིགས་ཀྱི་ཡི་གེ་ལ་མཐོང་ཆེན་དེ་འདྲ་གནང་མེད་པས་འབྲེལ་ཡོད་ཞིབ་འཇུག་ནི་སྔར་བཞིན“དར་མེད་སྟོང་ཉེའི་རིག་ཚན”ཏུ་གྱུར་ཡོད་པ་དང་། 《ཏུན་ཧོང་བོད་ཀྱི་གནའ་བོའི་ཡིག་ཆ་ཕྱོགས་བསྒྲིགས》ཀྱི་དཔེ་སྐྲུན་ནི་རྩ་ཆེའི་ཡིག་ཚང་དེ་དག་བསྡུ་སྒྲིག་བྱས་ཏེ་ཞིབ་འཇུག་གི་སྟོང་ཆ་སྐོང་ནས་མི་རིགས་སྐད་ཡིག་གི་ཡིག་ཆ་ཞིབ་འཇུག་ལ་སྐུལ་འདེད་དང་ཁྱབ་ཁོངས་རྒྱ་བསྐྱེད་པ་ཞིག་རེད་ཅེས་བཤད།
དཔེ་ཚོགས་གཙོ་སྒྲིག་པ་དགེ་རྒན་ཆེན་མོ་ལྷ་བྱམས་ཀྱིས་དཔེ་ཚོགས་བསྡུ་སྒྲིག་དང་ཞིབ་འཇུག་དོན་སྙིང་སྐོར་ནས་བརྗོད་དོན། དཔེ་ཚོགས་འདི་ཉིད་ནི་མ་ལག་ལྡན་པའི་སྒོ་ནས་ཕྱི་རྒྱལ་དུ་ཉར་བའི་ཐང་རྒྱལ་རབས་སྐབས་ཀྱི་ཏུན་ཧོང་བོད་ཀྱི་གནའ་བོའི་ཡིག་ཆ་སྟེ། ལག་བྲིས་དང་པར་དེབ་སོགས་པར་མ་སྣ་མང་བསྡུ་རུབ་བྱས་ཡོད་ཅིང་། ནང་དོན་ཐད་བོན་དཔེ་དང་ཆོས་དཔེ། རུའུ་ལུགས་གནའ་དཔེ། ཏའོ་ལུགས་གནའ་དཔེ་སོགས་རིག་གནས་ཀྱི་ཁྱབ་ཁོངས་སྣ་མང་ཡོད་པས་ཏུན་ཧོང་ཡིག་ཆའི་བསྡུ་སྒྲིག་དང་ཞིབ་འཇུག་སྐོར་གྱི་ལམ་ཚད་ཀྱི་རྡོ་རིང་ལྟ་བུ་རེད་ཅེས་བརྗོད།
སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་ཆེན་རྡོ་རྗེས་ཀློག་པ་པོའི་མཐོང་སྣེ་ནས་དཔེ་ཚོགས་ལ་འགྲེལ་བཤད་བྱས་ཤིང་། ཁོང་གིས་ཐེངས་འདིའི་དཔེ་ཚོགས་ཀྱི་དཔེ་སྐྲུན་གྱིས་ཞིབ་འཇུག་པའི་སྡེ་རུ་ཐོག་མའི་རྒྱུ་ཆ་གལ་ཆེན་མཁོ་འདོན་གནང་ཡོད་པ་མ་ཟད། སྤྱིར་བཏང་ཀློག་པ་པོ་ལའང་གནའ་བོའི་མི་རིགས་ཀྱི་རིག་གནས་འབྲེལ་འདྲེས་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ལྟ་བུ་ཡིན་པས། དེར་རིག་གནས་ཁྱབ་སྤེལ་དང་སློབ་གསོའི་དོན་སྙིང་གལ་ཆེན་ལྡན་པ་རེད་ཅེས་བཤད།
རང་རྒྱལ་གྱི་ཏུན་ཧོང་ཡིག་ཆའི་བསྡུ་སྒྲིག་གི་གྲུབ་འབྲས་གལ་ཆེན་འདི་ཉིད་ནི་སི་ཁྲོན་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་ཀྱི་ཆེད་མཁས་པ་གང་མང་གིས་མཉམ་འབྲེལ་སྒོས་ཡིག་ཆའི་ཁ་བྱང་དང་ནང་དོན་ལ་དཔེ་བསྡུར་གང་ལེགས་བྱས་ཡོད་པ་དང་། མིག་སྔར་པོད50དཔེ་སྐྲུན་དང་འགྲེམ་སྤེལ་བྱས་ཤིང་རྗེས་མར་ཡང་པོད50བསྡུ་སྒྲིག་དང་ཁ་སྣོན་བྱས་ནས་དཔེ་སྐྲུན་བྱ་འཆར་རེད།