ཟླ10པའི་ཚེས12ཉིན་གྱི་དགོང་མོར། སྐབས43པའི་སྨི་ལན་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་བརྙན་འཕྲིན་དུས་ཆེན་གྱི་རྟིང་རྩོད་འགྲན་བསྡུར་གྱི་བྱ་དགའ་སྟེར་པའི་མཛད་སྒོ་དབྱི་ཐ་ལིའི་སྨི་ལན་ལུན་པ་ཏི་ཁུལ་ཆེན་པོའི་ཚོགས་ཁང་དུ་འཚོགས་པ་རེད། གོ་ལ་ཧྲིལ་པོའི་ལུས་རྩལ་གློག་བརྙན་དང་བརྙན་འཕྲིན་ལས་དོན་པ600ཙམ་མཉམ་དུ་འཛོམས་ནས་གཟི་བརྗིད་ཁག་སོ་སོ་འབྱུང་བར་མཉམ་དུ་བདེན་དཔང་བྱས།
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ནས་བཟོས་པའི་དངོས་བཤུས་གློག་བརྙན《མཐོ་སྒང་གི་གཙོད——ཀྲུང་གོའི་བོད་རིགས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཆོས་དབྱངས་སྐྱིད་ཀྱི་ཕུགས་འདུན་དོན་གཉེར་གྱི་འགྲུལ་བཞུད》ལ་སྐབས་འདིའི་གློག་བརྙན་དུས་ཆེན་གྱི་གཟི་བརྗིད་ཆེ་ཤོས“གསེར་གྱི་མེ་ཏོག་གི་བྱ་དགའ་ཆེན་པོ”ཐོབ་པ་རེད།
གཞན་ཡང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཕབ་སྐྲུན་བྱས་པའི《ཕ་རི་སིའི་དབྱར་ཁ》དང་། ཞིན་ཧྭ་གསར་འགྱུར་ཁང་གིས་ཕབ་སྐྲུན་བྱས་པའི《ཁྲའོ་ཡོའི》དེ་བཞིན་ཐེན་ཅིན་ཧའེ་ཧོ་སྨྱན་སྦྱོར་ལྟེ་གནས་དང་ཐེན་ཅིན་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པའི《འདུར་རྒྱུག་གི་མི་ཚེ》སོ་སོར་མིང་འདོན་བྱ་དགའ་ཐོབ་པ་རེད།།