ཟླ10པའི་ཚེས10ཉིན་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དོ་དམ་ཨུ་ལྷན་གྱི་མཛུབ་ཁྲིད་དང་བོད་ལྗོངས་ཐང་གའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གིས་གཙོ་གཉེར་བྱས་པའི་བོད་ལྗོངས་ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་སྐབས་དང་པོ་དང་གནའ་རྫས་བཤམས་སྟོན་ཆེན་མོ་བོད་ལྗོངས་ཐང་གའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས། ད་ཐེངས་ཀྱི་བྱེད་སྒོ་འགྲེམས་སྟོན་དང་། འཆད་འཁྲིད། ཚོང་ར། ཧབ་ཚོང་སྐུལ་བ་བཅས་ཁག་ཆེན་པོ་བཞི་ལྟེ་བར་བྱས་ནས་རིམ་པ་མང་བའི་རིག་གནས་སྤེལ་རེས་ཀྱི་ལས་སྟེགས་བཏོད་ཡོད།
འགོ་ཚུགས་མཛད་སྒོའི་ཡུལ་དངོས།
བྱེད་སྒོའི་ཡུལ་དངོས་སུ“ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་སྤུས་ལེགས་བཤམས་སྟོན། ལོ་ངོ་སྟོང་གི་འདུ་འཛོམས་དང་གནའ་བོའི་མཛེས་ཆོས་རྒྱུད་འཛིན”ཞེས་པའི་གནའ་བོའི་རྩེད་ཆས་ཉར་ཚགས་དངོས་རྫས2000ལྷག་ཙམ་འགྲེམས་སྟོན་བྱས་པ་དེའི་ནང་ཐབ་ཆས་དང་། རྟ་ཆས། བོད་རུམ། ཤིང་སྒམ་སོགས་རིགས་མང་པོ་ཚུད་ཡོད། གཅེས་ནོར་དེ་དག་གཅིག་སྡུད་འགྲེམས་སྟོན་བྱས་པ་དེས་ཡུལ་དངོས་ཀྱི་ལྟད་མོ་བའི་ཡིད་དབང་འཕྲོག་ཅིང་། ཡུལ་དངོས་ཀྱི་ལྟད་མོ་བས་གནའ་བོའི་དངོས་རྫས་ཁྲོད་གནའ་ཉམས་དང་གངས་ལྗོངས་ཀྱི་བཟོ་བོའི་ལག་ཤེས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་ཡོད། ཁྲོམ་རའི་ས་ཁོངས་ཀྱི་ཁྲོམ་སྟེགས200ལྷག་ཙམ་གྱི་མདུན་དུ་གནའ་བོའི་རྩེད་ཆས་དང་རིག་གནས་གསར་གཏོད་ཀྱིས་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། སྤྱི་ཕན་རང་བཞིན་གྱི་གནའ་བོའི་རྩེད་ཆས་ཤེས་བྱ་ཁྱབ་གདལ་གཏོང་བའི་ཁྲོམ་སྟེགས་ཀྱི་མདུན་དུ་མཁས་པ་རྒན་གྲས་ཚོས་དངོས་པོ་ལག་ཏུ་བཟུང་ནས་ལག་རྩལ་འགྲེལ་བཤད་རྒྱག་པ་དང་། ཁྱིམ་བདག་གིས་ཕྲུ་གུ་ཁྲིད་ནས་ནན་ཏན་གྱིས་ཉན་ཏེ། མིག་མཐོང་ལག་ཟིན་དང་སྤེལ་རེས་བྱེད་རིང་རིག་གནས་ཀྱི་གསོན་ཤུགས་གསར་པ་མྱོང་རོལ་བྱས་ཡོད།
བཤམས་སྟོན་བྱས་པའི་རྟ་ཆས།
བཤམས་སྟོན་བྱས་པའི་བོད་རུམ།
སླད་ཕྱིན་ཉིན་འགའི་ནང་། བོད་ལྗོངས་ཐང་གའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གིས་ད་དུང་རིག་གཞུང་འཆད་ཁྲིད་ཐེངས་མང་འཚོག་རྒྱུ་ཡིན་ཞིང་། བོད་རིགས་ཀྱི་མཛེས་རྩལ་ལོ་རྒྱུས་དང་། དམངས་སྲོལ་རིག་པ། རིག་གནས་འགྲེམས་ཚོགས་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་མཁས་དབང་གིས“ཐང་ག་གཟིགས་དཔྱད་དང་གཟིགས་སྟོན”དང“དབུས་གཙང་རྒྱན་གོས་ཀྱི་གུས་ལུགས་ལམ་ལུགས”སོགས་བརྗོད་དོན་གཙོ་བོར་དམིགས་ནས་མཉམ་སྤྱོད་བྱས་ཏེ། རིག་གནས་རྒྱུན་འཛིན་དང་གསར་གཏོད་ཐབས་ལམ་དཔྱད་བསྡུར་བྱས་ནས་ལོ་ངོ་སྟོང་ལས་བརྒལ་བའི་སྒྱུ་རྩལ་གྱི་སྐད་ཆ་ཤོད་རེས་ཀྱི་ཚ་རླབས་ཤིག་འཕྱུར་རྒྱུ་རེད། རྒྱུས་ལོན་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ཧབ་ཚོང་གི་སྐབས་སུ་སྤུས་ལེགས་འགྲན་རྩོད་བྱས་ནས་རྩ་ཆེའི་ཉར་ཚགས་དངོས་རྫས་ལ་དངོས་གནས་དགའ་པོ་ཡོད་མཁན་ལ་འཚོང་ཐུབ་པ་བྱ་རྒྱུ་རེད། གླེང་རིན་ཡོད་པ་ཞིག་ནི་ད་ཐེངས་ཀྱི་ཧབ་ཚོང་ནི་དགེ་སྒྲུབ་ཧབ་ཚོང་ཡིན་པ་དང་། ཧབ་ཚོང་བྱས་པ་ལས་བྱུང་བའི་ཐོབ་ཆ་ཚང་མ་བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་རྒྱུ་རེད།
བཤམས་སྟོན་བྱས་པའི་ཤིང་སྒམ་དང་ཡོ་བྱད།
ལོ་ངོ་སྟོང་གི་གནའ་བོའི་དངོས་པོ་ནས་དེང་རབས་གསར་རྩོམ་བར། རིག་གཞུང་བསམ་གཞིགས་ནས་མང་ཚོགས་ཀྱི་ཉམས་ལེན་བར། ད་ཐེངས་ཀྱི་བཤམས་སྟོན་གྱིས་ས་མཐོའི་སྒྱུ་རྩལ་དེ“གླང་སོའི་མཆོད་རྟེན”ནས་ཐོན་ཏེ་དེ་བས་གསོན་ཉམས་ལྡན་པའི་རྣམ་འགྱུར་ལས་མང་ཚོགས་ཀྱི་འཚོ་བའི་ནང་འདྲེས་ཐུབ་ཡོད། འབྱུང་འགྱུར་བོད་ལྗོངས་ཐང་གའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཁྱབ་ཁོངས་མུ་མཐུད་གཏིང་ཟབ་སྤེལ་ནས། རིག་གནས་སྤེལ་རེས་ཀྱི་སྟེགས་བུ་དེ་བས་མང་བ་བསྐྲུན་ཏེ། བོད་ལྗོངས་ཀྱི་རིག་གནས་ཡིད་ཆེས་དང་སྒྱུ་རྩལ་གྱི་རླབས་རྒྱུན་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་དུ་བསྐྱོད་ཐུབ་པ་དང་ས་ཁོངས་ཀྱི་རིག་གནས་དར་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཡུན་རིང་སྣོན་རྒྱུ་རེད།