ངག་དབང་མཐུ་སྟོབས་སེང་གེ ཆབ་མདོ།
སྤྱན་གཉིས་བར་གྱི་འོད་ཟེར་ཡུག་གཅིག་ང་ཡི་ལམ་གྱི་སྣེ་མོར་གསལ།།
ཞལ་གཅིག་ཕྱག་གཉིས་པདྨའི་སྟེང་དུ་བྱམས་བརྩེའི་མར་དང་རྩམ་པ་བསྣམས།།
གང་དགོས་དངོས་གྲུབ་སྟེར་རྐྱང་མཛད་པ་ས་ཡི་ལྷ་མོ་ཡུམ་ཆེན་མོ།།
ང་ཡི་བསོད་ནམས་བསྡུ་ལེན་བར་ནས་དངོས་མཇལ་ཞལ་སྟོན་ངོ་ཡང་མཚར།།
སྐལ་བའི་མགོ་རྔ་ཡར་མར་འདྲེས་ཀྱང་ལམ་འགྲོ་འདི་འདྲ་སྲིད་མི་སྲིད།།
དང་པོ་ལུས་སྦྱིན་བར་དུ་སྐོམ་སེལ་མཐའ་མར་འཁོར་བའི་ས་ལམ་གནང་།།
དྲིན་གྱི་བུ་ལོན་ཤ་ལྟར་ཆད་ཀྱང་འཇིགས་པ་མི་མངའ་སྲོག་ཀྱང་སྟེར།།
གནམ་ས་འདྲེས་པའི་ལས་སྐལ་ངོས་སུ་གཡུ་འབྲུག་འགྱིང་བའི་ཉམས་ཀྱང་བསྩལ།།
བརྩེ་བའི་དུ་ལྗང་ལྷོག་ལྷོག་ཁུལ་བའི་ཁྱིམ་གྱི་ཕུག་ལ་ཆང་བཞིན་བསྙལ།།
ཚ་བསིལ་གྲང་འཇམ་རེག་བྱ་དུ་མས་ང་ཡི་གཟུགས་ཁམས་གསོ་བར་སྤེལ།།
གཅེས་པའི་འོ་ཡིས་བསྣད་པར་དོགས་ནས་ལག་པ་ཡན་གྱིས་རེག་པར་སྐྲག།
གར་སོང་གར་འདུག་མིག་གིས་བལྟས་པར་བསམས་ན་བཤད་རིན་མི་འདུག་གོ།
དབུགས་དབྱུངས་རྒྱུ་བ་མང་ཉུང་ཙམ་གྱི་སེམས་ཁུལ་ནད་ཀྱིས་གཉིད་མི་ཟིན།།
ཆོས་བརྒྱད་ནགས་ཀླུང་རིང་མོའི་ཁུད་ནས་སྙིང་རྗེའི་རླུང་གི་ཆར་ཆེན་ལྡང་།།
བདེ་སྡུག་བརྗེ་བའི་སེམས་བསྐྱེད་དྲག་པོས་ལང་ཚོའི་མེ་ཏོག་ཐང་ལ་ཟགས།།
དྲོན་པོའི་ཁྱིམ་ནས་ལུས་ཀྱིས་བསྐྱངས་ཤིང་གྲང་བའི་རི་ནས་སེམས་ཀྱིས་བསྙོར།།
ཚེ་སྔོན་ལན་ཆགས་གསོད་ཚུལ་ཡིན་ནམ་ད་ལྟའི་ལས་ཀྱི་མཐུན་རྐྱེན་ནོ།།
སྙིང་གི་ནང་ལ་ཁྲག་བཞིན་འཁྱིལ་བའི་སྲོག་གི་མེ་ཏོག་ཁྲ་འཁྱིལ་བ།།
སྐྱེ་བའི་རྒུད་པ་མཐའ་རུ་སེལ་བའི་ཤེལ་དཀར་ཁ་བའི་ཟིལ་བ་འཐིབ།།
རླུང་རྟའི་གེ་སར་ནམ་མཁར་རྒྱུ་བའི་སྲུང་མདུད་དགྲ་ལྷའི་གོས་སྔོན་གཡོ།།
བུ་ཡི་ཆེད་དུ་གླེན་རྟགས་ཕུད་པ་བསམ་མེད་བྱིས་པའི་ཚུལ་ཡང་འཛིན།།
དད་པའི་འོད་ཀྱིས་རྒྱང་ནས་འབོད་དུས་བརྩེ་བའི་ཕྱག་གིས་ཉེ་བར་བཟུང་།།
སྙིང་རྗེའི་མགྲིན་པ་མཐོ་རུ་འདེགས་པའི་ཡིག་དྲུག་མ་ཎི་རང་འབབ་ལགས།།
དྲོན་པོའི་གོས་ཀྱིས་ཐེངས་གཅིག་གཡོག་པའི་བསམ་ཤེས་དྲིན་ལན་ཅུང་མ་སོད།།
ས་མཐའི་གད་ཁ་ཞབས་ཀྱི་བཅགས་པའི་མདོ་མེད་འཁྱམ་པོ་གཅེས་ལང་ཤོར།།
རི་ལུང་རྟ་ཕོའི་རྐང་པ་བཅག་སྟེ་ཁེར་རྐྱང་ལམ་གྱི་སྣེ་མོ་བཙལ།།
ཁ་ཉན་ངག་འཁྲིའི་བྱིན་རླབས་མ་ཚོར་ད་ཚོད་འགྱོད་པའི་སྤུ་ལོང་རྒྱས།།
སྐྱེ་འཆིའི་རབ་ཁར་ཉམས་ཀྱང་མ་བཞག་ཡང་ཡང་འཛོམས་པའི་ཁོག་ཡངས་ཀྱིས།།
མཇལ་ཡང་རྩིས་ཆེན་སྐེ་འཇུ་མ་བྱས་བྱ་བྱེད་སྐོར་གྱི་གླེང་མོལ་ཉུང་།།
གློག་རྡེག་ཤི་གསོན་ལམ་ནོར་ཤོར་བས་ཕྱིར་འདང་དྲག་པོ་དབུགས་ཀྱིས་ལེན།།
ཡངས་པའི་ས་ཡི་རྟེན་ཕུར་ཆག་སྟེ་གངས་རིའི་འདབ་གཤོག་དུམ་བུར་གས།།
ཅི་བྱས་ཆོས་སུ་འགྲོ་ཐབས་ཙམ་ལས་སྐད་ཙམ་གོ་བའི་བློ་མ་རྙེད།།
གནམ་སྔོན་ཉི་ཟླའི་འཇུ་ཐག་ཆད་དེ་ལྷ་ལམ་གོས་ཀྱི་མཇུག་མ་རལ།།
སྐྱོ་བའི་མིག་ཆུ་ཤག་ཤག་བར་ནས་ཁྱིམ་གྱི་ཕྱི་ནང་འདུར་བཞིན་བརྒྱུགས།།
མཆོད་མེ་རྐང་རེ་བཤུམས་པའི་ཚུལ་བཅས་དུ་ལྗང་ཞོར་དུ་གློ་བུར་གཟིམས།།
གུ་རུའི་དྲུང་དུ་གུས་གུས་བྱས་ཏེ་མཆོད་སྤྲིན་རྒྱ་མཚོའི་རླབས་ཕྲེང་བཀོད།།
སྟུག་པོ་བཀོད་ནས་སྐུ་ཁམས་བདེ་བའི་སྨོན་ལམ་ཐལ་མོ་ཁྲི་འབུམ་སྦྱར།།
ཁེར་རྐྱང་གི་གླུ།
སེམས་ཀྱི་ཡལ་ག་ལྗོན་པའི་རླུང་གིས་བསྒུལ།།
བྱ་ཁྱུ་འཕུར་ཤུལ་སྡོང་བོ་ཁེར་རྐྱང་ལུས།།
རང་གི་གྲིབ་མ་འདེད་བཞིན་རྒྱང་རིང་གི།
སྲང་ལམ་སྟོང་པ་རེ་ནས་ཁེར་རྐྱང་ཉུལ།།
ཆང་དཀར་པི་ཙེ་མཆོད་པའི་མཚན་གུང་ལ།།
ཡིད་ཀྱི་གདུང་བ་མཐའ་དག་གླུ་རུ་བླངས།།
ཁངས་སྐྱ་སིམ་སིམ་འབབ་པའི་རི་ངོགས་སུ།།
ད་ནི་འཆི་བར་རན་ཡང་འགྱོད་བློ་དོགས།།
སྙིང་གྲོགས་ཟླ་འོད་ལྷན་དུ་རི་རྩེར་འབྱོར།།
དར་ལྗང་དམར་སེར་ཀློང་ནས་ལག་བརྡ་བྱེད།།
མིག་མཐའི་སྐར་ཕྲན་དག་ཀྱང་འདར་བར་རྩོམ།།
བརྩེ་བའི་རི་དང་ལུང་པའི་གཙང་འགྲམ་གྱི།།
ཁྱེད་ཉིད་མེ་ཏོག་འཐུ་བཞིན་མིག་ཆུ་འདོན།།
ལས་ཀྱི་སྤྲིན་པ་འཐོར་བའི་ཉག་ག་ནས།།
རྟ་ཕོ་རྔོག་དཀར་གཟེང་བའི་རྨིག་སྒྲ་ཡིས།།
འུ་གཉིས་ད་དུང་འཕྲད་པའི་སྨོན་པ་བསྐྱེད།