ཡེ་ཤེས་བཟང་མོ་དང་ན་གཞོན་གྲོགས་པོ་གཞན་དག་ལ།
འཇིག་རྟེན་འཁོར་བ་སྐྱོང་མཁན་ཞིག་ཡིན་ཚེ།
ཉི་མ་རེ་རེའི་འཚོ་བ་ནི་སྐྱས་འདེགས་པ་དང་མཚུངས་པས།
ང་ཚོ་དབྱར་ས་རུ་འབྱོར་དུས།
དཔྱིད་ས་དེ་སྡུག་རབས་མ་བརྗོད་རོགས།
དབྱར་སའི་ཁུ་བྱུག་ནི་དཔྱིད་ཀྱིས་བསུས་འོངས་པ་རེད་ལ།
དཔྱིད་ཀྱི་མེ་ཏོག་ཀྱང་དབྱར་ས་རུ་རྣམ་པར་བཞད་འདུག་པ་མཐོང་དགོས།
རང་ཉིད་སྟོན་ས་རུ་བབས་རྗེས།
དགུན་ས་ཞིག་མི་དགོས་མ་སྙམ་ཨ།
སྟོན་སའི་ནམ་ཟླ་དགུན་ཁ་ལས་དྲོ་བ་འདྲ་ཡང་།
དགུན་གྱི་གྲང་རླུང་ནི་སྟོན་ས་ནས་ཆས་ཡོང་པ་དྲན་དགོས།
དབང་ཕྱུག་ཚེ་བརྟན་དང་ན་གཞོན་གྲོགས་པོ་གཞན་དག་ལ།
གངས་ལྗོངས་སུ་དབྱར་དགུན་སྟོན་དཔྱིད་ཆ་ཚང་ཡོད་མོད།
གནམ་འོག་གཅིག་ཀྱང་སྤྲིན་འོག་མ་གཅིག་ཚེ།
ས་ཆ་མང་ཤོས་ལ་མཚོན་ན།
དུས་ཚིགས་བཞི་གའི་མཚམས་གསལ་དུ་དབྱེ་དཀའ་བས།
དབྱར་དགུན་ནི་ང་ཚོ་སྐྱེ་ས་དང་རྒ་སའི་ཕ་ཡུལ་ཡིན་ལ།
སྟོན་དཔྱིད་ནི་ང་ཚོས་སྨོན་འདུན་དང་རེ་བ་འཆང་སའི།
བཞུད་ལམ་དེ་ཆགས་ཡོད་པ་རེད།
དུས་དང་གནས་གང་ལ་སླེབས་ཀྱང་།
དེ་རུ་གཏན་དུ་སྡོད་པའི་བློ་དོར་ནས།
གནའ་མི་བཞིན་དུ་ང་ཚོས་ནམ་ཡང་འགྲོ་ཆས་བརྒྱབ་ན་འགྲིག