དགེ་རྒན་དུས་ཆེན་ལ་ཕུལ་བའི་ཚིག་གི་མཆོད་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཡི་གེའི་ནགས་ཚལ་གྱི་ཁྱུང་ཆེན།

སྐབས་ཞེ་གཅིག་པའི་དགེ་རྒན་དུས་ཆེན་ལ་དམིགས་སུ་བྲིས།

མགར་ཐང་དཀར། མཚོ་ལྷོ།

གོ་ཚོད་དུ། དགེ་རྒན་ནི་མིའི་རིགས་ཀྱི་རྣམ་ཤེས་གསར་པའི་བཟོ་སྐྲུན་པ་ཡིན་ཟེར། དེ་ཡི་དབང་གིས། དགེ་རྒན་གྱིས་གོ་གནས་ཕལ་བ་ཞིག་ཏུ་ལས་འགན་མཐོན་པོ་ཞིག་བཟུང་ཡོད། དཀའ་སྡུག་དང་སུན་སྣང་རྒྱབ་ཏུ་དོར་ནས། བཟའ་མི་དང་ཁྱིམ་ཚང་གཡས་སུ་བསྐྱུར་ཏེ།མིའི་རིགས་ཀྱི་མ་འོངས་པ་རྩོམ་བཞིན་ཡོད། དགེ་རྒན་གྱིས་སྐད་ཆ་བརྗིད་པོ་ལབ་སྟེ་མགོ་བོ་མཐོ་མཐོ་མི་བྱེད། རྒྱུ་མཚན་ནི་དགེ་རྒན་གྱིས་ཁེ་གྲགས་འབའ་ཞིག་སྙེག་པ་མིན། དགེ་རྒན་གྱིས་མི་ཡུལ་གྱི་འཛུམ་མདངས་དེའི་དོན་དུ་མ་འོངས་པའི་རེ་སྨོན་ཁྲི་ཕྲག་ལ་གཤོག་པ་འཛུགས་པར་བརྩོན། ད་དུང་དགེ་རྒན་གྱིས་རྣམ་དཔྱོད་གསར་པའི་དཔུང་སྡེ་དེའི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ།

སྤྱིར་བཤད་ན་དགེ་རྒན་ཡང་ལས་ཕོགས་ལེན་མཁན་གྱི་གྲས་སུ་ཐེ། འོན་ཀྱང་དགེ་རྒན་གྱིས་མི་རིགས་དང་མེས་རྒྱལ་གྱི་དར་ཆ་ཁུར་ཡོད་པས། དགེ་རྒན་གྱིས་ད་གཟོད་ལས་ཕོགས་ལ་འོས་མེད་བྱས་མྱོང་མེད། ཡང་གཅིག་བཤད་ན་དགེ་རྒན་གྱིས་མིའི་རིགས་ཀྱི་འདས་པ་བསྐྱངས་མྱོང་ཡོད་ལ། ད་ལྟ་བ་དང་མ་འོངས་པའང་དེ་བཞིན་ཡིན། དེ་བས་དགེ་རྒན་ནི་དུས་རབས་གསར་པའི་གདོང་ལེན་པ་ཡིན་ཆོག་ལ། ཤེས་རིག་གསར་པའི་སྔོན་སྐྱོད་པ་ཡིན་ཆོག མ་ཟད་དགེ་རྒན་གྱིས་འོད་སྟོང་འབར་བའི་སྤྱི་ཚོགས་ལ་ཆེས་ཐོག་མའི་ལག་འཇུ་བྱས་ཆོག་ལ། ཆེས་མཐའ་མའི་བསླབ་བྱ་གནང་ཆོག འདི་ནི་གཟེངས་སུ་ཐོན་པའི་མིང་རྟགས་ཤིག་གི་རྒྱབ་ལྗོངས་ཀྱི་རིན་ཐང་ཡིན་ལ། ནུབ་པ་མེད་པའི་ལོ་རྒྱུས་ཤིག་གི་ཆུ་རྒྱུན་གྱི་འབབ་ལུགས་རེད། 

དྲང་མོར་བཤད་ན། དགེ་རྒན་ནི་དམིགས་བསལ་གྱི་མི་སྣ་ཞིག་མིན་ཡང་། དགེ་རྒན་གྱིས་མཚམས་མ་བཅད་པར་དམིགས་བསལ་གྱི་ལས་འགན་ལྕི་མོ་ཞིག་སྒྲུབ་བཞིན་ཡོད་པས། དགེ་རྒན་མིའི་རིག་དང་སྤྱི་ཚོགས་ལ་དྲིན་ཆེ་ཞིང་། དུས་རབས་གསར་པའི་འཕེལ་རྒྱས་དང་རྒྱལ་ཁར་འབྲལ་དུ་མེད། དེའི་ཕྱིར་ང་ཚོས་དགེ་རྒན་ཞེས་པའི་ཐ་སྙད་འདི་ཆེས་འཚམ་པའི་ཤེས་རིག་གི་ཐང་ཆེན་དུ་བརྡལ་ནས། རྣམ་དཔྱོད་དང་ཚན་རྟོག་ལ་བརྟེན་ནས་ཡང་ཡང་བརྟག་དཔྱད་བཏང་ཆོག  དེ་ལྟར་བྱས་ན་ད་གཟོད་དགེ་རྒན་གྱི་རིན་ཐང་ལ་ནོར་དུ་མེད་པའི་ངོས་འཛིན་ཡང་དག་ཅིག་གནང་ཐུབ་ལ། ཁས་ལེན་ཟེར་བའི་སྒེར་སྡོམ་གྱི་སྐད་ཆ་དེ་ཡང་བག་མེད་ཆུད་ཟོས་སུ་འགྲོ་མི་སྲིད་པའི་གདེང་ཚོད་ཀྱང་ངང་གིས་སྐྱེས་ཡོང་། 

ང་ཚོ་མི་སུ་ཡིན་ཡང་། ཕྱི་བལྟས་རྫིག་མདོག་ཚ་བའི་སྣང་བརྙན་ལས་ཅི་ཡང་འགྲེལ་རྒྱག་མི་ཐུབ་པ་ཤེས་པ་ཡིན་ན། དགེ་རྒན་ཞེས་པའི་ཕལ་བའི་མི་ལ་ནང་སེམས་ནས་ཉེ་བར་བཅར་ཏེ་བརྟག་དཔྱད་བཏང་ན། དགེ་རྒན་གྱི་དམིགས་བསལ་མ་ཡིན་པའི་ལས་འགན་དེས་ད་གཟོད་ང་ཚོ་མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་ལ་ཕན་འབྲས་ཅི་ཙམ་ཐོན་ཡོད་པ་དང་། ཤེས་རིག་བཟོ་སྐྲུན་གྱི་སྟོབས་ཤུགས་དེས་མིའི་རིགས་ཀྱི་ལོ་རྒྱུས་ལ་ཟིན་ཐོ་ག་འདྲ་བསྐྲུན་ཡོད་པ་གསལ་བོ་རྟོགས་ཐུབ། ཅུང་འཕྲོས་ཏེ་གླེང་ན་དགེ་རྒན་ནི་མུན་ནག་ནང་གི་འོད་སྣང་ཐོག་མ་དེ་ཡིན་ལ། རྐང་ལམ་ཕྲ་མོའི་སྟེང་གི་འགྲུལ་བཞུད་པ་དང་པོ་དེ་ཡིན་སྲིད། དགེ་རྒན་གྱིས་མུན་ནག་གི་འཇིག་རྟེན་ལ་ཁ་དོག་རྣམ་པར་བཀྲ་བའི་འོད་སྣང་སྦྱིན་ཡོད་ལ། བདག་མེད་ཀྱི་རྐང་ལམ་སྟེང་དུ་གསོན་ཤུགས་རབ་ཏུ་འབར་བའི་ཚེ་སྲོག་གྲངས་མེད་ཅིག་ལ་བློ་མིག་གསར་པའི་གཤོག་ཟུང་སྤྲད་ཡོད། དེ་བས་དགེ་རྒན་ལ་སྐར་ཚོགས་ཁྲོད་ཀྱི་ཟླ་བ་དང་། སྤྲིན་དཀར་གསེབ་ཀྱི་ཉི་འོད་ཅེས་བཏགས་ཀྱང་འུད་བསྟོད་ཀྱི་མཚན་ཉིད་ཅིག་མིན་པ་བདེན་དཔང་བྱ་ཐུབ་སྙམ། 

འགྲན་རྩོད་ཀྱི་འདུ་འཛི་རྒོད་པའི་དུས་རབས་འདིར། མི་མང་པོ་ཞིག་གིས་དྲང་བདེན་དང་ལས་འབྲས་ཆོ་མེད་དུ་གཡུག་སྟེ་འགྲོ། ཡིན་ཡང་དགེ་རྒན་ཟེར་བའི་སྐྱེ་བོ་འདིས་རྣམ་དཔྱོད་ཀྱི་རྩལ་དང་ཤེས་རིག་གི་སྟོབས་ལ་བརྟེན་ནས་སྤྱི་ཚོགས་ལ་དོ་དམ་དང་ཕྱོགས་སྟོན་བྱེད་བཞིན་ཡོད་ལ། མེ་ཏོག་ལྟ་བུའི་འུ་ཅག་གི་སང་ཉིན་ཏེ་སྣོད་ལྡན་གྱི་སློབ་མའི་དཔུང་ཚོགས་ལོ་ཟླ་རིང་མོའི་ཆུ་རྒྱུན་དང་ལྷན་དུ་ས་ཆེན་པོའི་ཕང་བ་རུ་འབྲས་སྐལ་དུ་གནང་བཞིན་ཡོད། འདི་ནི་ལས་གནས་ཆུང་ཆུང་ཞིག་ནས་བཏེགས་པའི་སྨོན་ལམ་གྱི་དར་ཆ་ཆེན་པོ་ཞིག་ཡིན་ལ། ལས་ཕོགས་ཉུང་ཉུང་ཞིག་གིས་བསྐྲུན་པའི་གཟི་བརྗིད་ཀྱི་དཔང་རྟགས་ངོ་མ་ཞིག་མ་ཡིན་ནམ། ཞིབ་ཏུ་བསམས་ན་དགེ་བའི་བཤེས་གཉེན་རྣམས་དང་བསྡུར་ན་དཔུང་ཤ་མཐུག་ལ་ལྟོ་བ་ལྡིར་བའི་ང་ཚོ་ནི་ཅི་ཡང་མིན་ཏེ། ང་ཚོས་ཀྱང་འབྱུང་འགྱུར་སོམ་ཉི་མེད་པར་ཤེས་རིག་གི་སྣེ་ཤན་པ་སྟེ་རླབས་ཆེན་གྱི་དགེ་རྒན་རྣམས་ལ་སྤོབས་པ་ཆེན་པོས་དུས་གསུམ་གྱི་ཆད་རྟགས་སྐོང་བར་ཞབས་འདེགས་ཞུ་དགོས་ཡོད། 

རེད་དེ་དགེ་རྒན་ལགས། བརྩེ་ཆེན་གྱི་མར་མེ་ཚེ་འབར། ཁྱོད་ལ་ལོ་རྒྱུས་ཀྱི་ནག་ཉེས་དང་དུས་རབས་ཀྱི་བཀའ་བཀྱོན་མ་ཐེབས་ཀྱང་། སྤྱི་ཚོགས་ཀྱི་ཉེས་འགལ་དང་མི་ཁ་ཡི་དྲག་རླུང་ཕོག་པ་ནི་བཟང་བའི་ཆོས་ལ་ཐེབས་པའི་ཆོས་ཉིད་ཡིན། གང་ལྟར་ཁྱོད་ནི་ཡི་གེའི་ནགས་ཚལ་གྱི་ཁྱུང་ཆེན་ཞིག་སྟེ། ཁྱོད་ཀྱི་ནམ་འཕང་ནི་ཕྱོགས་མཚམས་སུ་བསྲིངས་ཡོད་པས། ཁྱོད་ལ་བློ་ཕམ་དང་ཡིད་ཆད་མི་དགོས་ལ། ཁྱོད་ཀྱིས་རེ་སྨོན་དང་ཞེ་སྤོབས་བྱང་ཁོག་སྟོད་དུ་བཅུག་སྟེ། ཤེས་རབ་ཀྱི་རལ་གྲི་རྣོན་པོ་མཁའ་རུ་ཕྱར་ནས་རྨོངས་འཐོམ་གྱི་མུན་པ་གཏིབ་པར་ཅིས་ཀྱང་བརྩོན་དགོས་ཡོད། འདི་ནི་ལོ་རྒྱུས་ཀྱིས་ར་སྤྲད་པའི་ཁྱོད་ཀྱི་དཔང་ཚད་ཡིན་ལ། དུས་རབས་ཀྱི་ཁ་ན་འབར་བའི་ཁྱོད་ཀྱི་གཟི་བྱིན་ཡིན་ལགས། །

༢༠༢༥.༩.༥

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།