ཉེ་ལམ། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་ལྟར་ན། ད་ལོའི་ཟླ6པའི་ཟླ་མཇུག་བར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་གཙོ་སྒྲིག་དང་བོད་ལྗོངས་མི་དམངས་པར་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་སྙིང་ཀུན་བཏུས》དེབ80པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། བསྡོམས་པས་དཔེ་རྙིང་རིགས1828དང་པར་བླངས་ནས་དཔར་བརྒྱབ་པའི་ཤོག་ལྷེ་ཁྲི11། ཡིག་འབྲུ་ཁྲི6100བཅས་སྡུད་ལེན་བྱས་ཡོད། པར་སྐྲུན་བྱས་ཟིན་པའི་དེབ80ཡི་ཁྲོད་དུ་མཐོང་དཀོན་པའི་ལག་བྲིས་དཔེ་ཆ་དཀོན་པོ་དང་དཔེ་དེབ་རྩ་ཆེན། རྨེག་མེད་དུ་གྱུར་བའི་དེབ་བཅས་མི་ཉུང་བ་ཞིག་ཡོད།
ཤེས་གསལ་ལྟར་ན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན2010ལོར་བཙུགས་པ་ནས་གླང་མཐོང·རྡོ་རྗེ་སྒྲོལ་དཀར་གྱིས་གཙོ་འགན་འཁུར་བའི་བོད་ལུགས་གསོ་རིག་དང་གནམ་དཔྱད་སྐར་རྩིས་དཔེ་སྙིང་ཡིག་ཚགས་འཚོལ་སྡུད་དང་ལེགས་སྒྲིག ཞིབ་འཇུག་ཚན་ཆུང་གིས་བོད་ལུགས་གསོ་རིག་དཔེ་རྙིང་དང་ཡིག་ཚགས་འཚོལ་སྡུད་ལེགས་སྒྲིག་དང་། ཉམས་གསོ་སྲུང་སྐྱོང་། པར་བླངས་པའི་པར་གཞི་དཔེ་སྐྲུན་གྱི་རྒྱང་སྐྱོད་ལམ་དུ་སྐྱོད་མགོ་ཚུགས་པ་རེད། ད་བར་ལོ་ངོ16འགོར་བའི་རིང་ཞིབ་འཇུག་བྱ་གཞི་ཚན་ཆུང་གི་རྐང་རྗེས་བོད་ལྗོངས་ཀྱི་རྫོང74(གྲོང་ཁྱེར་དང་ཆུས)དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ལིའོ་ཉིང་། པེ་ཅིན། ཧྲང་ཧའེ། ནང་སོག་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་དུ་ཁྱབ་ནས་ལམ་ཐག་སྤྱི་ལེ་ཁྲི14ལྷག་བརྒྱུད་ཡོད།
གླང་མཐོང·རྡོ་རྗེ་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་པ་ལྟར་ན། 《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་སྙིང་ཀུན་བཏུས》ནང་སྡུད་ལེན་བྱས་པའི་ཡིག་ཚགས་ཡོད་ཚད་གདོད་མའི་རྣམ་པའི་ཕྱིར་མངོན་ཡོད་ཅིང་། དེ་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་བོའི་བོད་ལུགས་གསོ་རིག་དང་གནམ་དཔྱད་སྐར་རྩིས་ཁྱབ་ཁོངས་སུ་པར་གཞི་དཔེ་སྐྲུན་བྱས་པའི་གཞི་ཁྱོན་ཆེ་ཤོས་དང་ཆ་ཚང་ཤོས། རྩ་ཆེ་ཤོས་ཀྱི་ཚོན་མདོག་པར་བླངས་པར་བརྒྱབ་དཔེ་རྙིང་ཡིག་ཚགས་ཀྱི་ཕྱོགས་བསྡུས་སུ་འགྱུར་ངེས། དེའི་ཁྲོད་གནའ་དཔེ་རྩ་ཆེན་དང་རྨེག་མེད་དུ་གྱུར་བའི་དེབ། དཔེ་དེབ་རྩ་ཆེན། དཔེ་ཆ་དཀོན་པོ་བཅས་ཀྱི་བསྡུར་ཚད་ཅུང་མཐོ་བ་རེད། དཔེ་རྙིང་ཡིག་ཚགས་འདི་དག་ཐོག་མའི་རྟོག་ཞིབ་འཚོལ་སྡུད་ནས་པར་སྐྲུན་འགྲེམ་སྤེལ་བར་བཤར་འབེབས་དང་ཉམས་གསོ། ཚོན་དཔར། ཞུ་དག པར་སྒྲིག་སོགས་ལས་རིམ30ལྷག་བརྒྱུད་དགོས། ཞིབ་འཇུག་བྱ་གཞི་ཚན་ཆུང་གིས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོབ་དང་བེད་སྤྱོད་གཉིས་མཐོང་ཆེན”གྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་དང་། དེང་རབས་ལག་རྩལ་ཐབས་ལམ་ལ་བརྟེན་པ། ཐུག་རེག་བྱེད་མི་དགོས་པའི་བཤར་འབེབས་ལག་རྩལ་སྤྱོད་པ། གློག་ཀླད་ཀྱིས་ཉམས་གསོ་བཅས་བྱས་པ་བརྒྱུད་དཔེ་རྙིང་ལ་གཏོར་བརླག་ཐེངས་གཉིས་པ་ཐེབས་པར་གཡོལ་ཐབས་བྱས་ཡོད། །