གནའ་རྒྱའི་ཚེ་ལོའི་མི་ཚེའི་བསླབ་བྱའི་ཁྱད་ཆོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རྡོ་རྗེ་རབ་བརྟན། མཚོ་སྔོན་དགེ་འོས་སློབ་ཆེན།

གཅིག གླེང་གཞི།

དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པ་ནས་དམངས་ཁྲོད་རྩོམ་རིག་བསྡུ་སྒྲིག་དང་ཞིབ་འཇུག་གི་ལས་ཀ་བསྒྲུབས་པ་ནས་བཟུང་། བོད་འབྲེལ་ས་ཁུལ་གྱི་གང་སར་དམངས་ཁྲོད་རྩོམ་རིག་རྨད་དུ་བྱུང་བ་མང་པོ་ལག་སོན་བྱུང་བ་རེད།  ཁྱད་པར་དུ་རྨ་ལྷོ་དང་ཀན་ལྷོའི་ཕྱོགས་སུ་གྲགས་ཆེ་བའི་དམངས་ཁྲོད་གཏམ་རྒྱུདཡི་དྭགས་སྐེ་ལདངཡ་རིའི་ཨ་བསོད》《སྣང་རའི་སངས་རྒྱས》《གནའ་རྒྱའི་ཚེ་ལོ》《རྒན་རྒྱའི་སྐར་མ》《ཏཱ་ནི་སྟོད》《འབུམ་ཚང་བུ་མོ སོགས་བྱུང་ཡོད། འདི་དག་ལསགནའ་རྒྱའི་ཚེ་ལོཡི་བསླབ་བྱ་ནི་དམངས་ཁྲོད་དུ་གྲགས་ཆེ་ལ་ལྷག་པར་སྐལ་བཟང་གྲགས་པ་དང་དཔལ་མགོན་སོགས་ཀྱིས་གྱེར་ལེན་བྱས་པས་ས་ཕྱོགས་མང་པོར་དར་ཞིང་། ཞིབ་འཇུག་པའི་སྡེ་རུ་དེའི་ཕྱོགས་ལ་དཔྱད་རྩོམ་རེ་འགའ་ཡང་བྲིས་ཡོད་མོད། འོན་ཀྱང་ཁོའི་མི་ཚེའི་ལོ་རྒྱུས་ལ་དོ་སྣང་དང་ཞིབ་འཇུག་བྱས་ཡོད་མཁན་མེད་པས་དེ་འབྲེལ་གྱི་ལོ་རྒྱུས་རྒྱུ་ཆ་ཤིན་ཏུ་དཀོན། ཡིན་ནའང་། ཡིག་ཆ་རེ་འགའ་དང་རྒན་པའི་ངག་རྒྱུན། ཁོའི་བསླབ་བྱ་བཅས་ལས་ཁོ་རང་གི་ལོ་རྒྱུས་ཅུང་ཟད་ཤེས་ཐུབ། སྤྱིར་དམངས་ཁྲོད་རྩོམ་རིག་ནི་གཞན་འགྱུར་རང་བཞིན་ལྡན་པས་ཁོའི་མི་ཚེའི་བསླབ་བྱ་ལོ་རྒྱུས་ཀྱི་རྒྱབ་རྟེན་དུ་གཞི་བཅོལ་ན་ཡིད་རྟོན་འཕེར་བ་ཞིག་མིན་མོད། དེའི་ཁྲོད་བདེན་པའི་གཞི་འཛིན་ས་ཡང་ཡོད་ངེས་རེད།

གཉིས། གནའ་རྒྱའི་ཚེ་ལོའི་བསླབ་བྱའི་ནང་དོན།

དམངས་ཁྲོད་རྩོམ་རིག་ལ་ངག་ཐོག་རང་བཞིན་དང་མཉམ་སྡེབ་རང་བཞིན། འགྱུར་བའི་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། དམངས་ཁྲོད་རྩོམ་རིག་ནི་དམངས་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། གནའ་རྒྱའི་ཚེ་ལོ་ནི་དམངས་ཁྲོད་དུ་དར་ཆེ་བར་མ་ཟད། དཔལ་མགོན་དང་སྐལ་བཟང་གྲགས་པ་སོགས་ཀྱིས་གྱེར་ལེན་བྱས་པ་ལ་བརྟེན་ནས་ཨ་མདོའི་ཕྱོགས་སུ་དར་ཁྱབ་ཤིན་ཏུ་ཆེན་པོ་བྱུང་། དེར་བརྟེན་གནའ་རྒྱའི་ཚེ་ལོའི་བསླབ་བྱ་འདི་ཉིད་ཡི་གེར་འགོད་མཁན་ནམ་དམངས་ཁྲོད་དུ་འཆད་མཁན་གྱི་སྐོར་ལ་བཤད་སྲོལ་མི་འདྲ་བ་འགའ་ཡོད་དེ། ཁ་ཅིག་གིས་ཁོ་ཚང་གི་ཨ་མཆོད་དང་དཔོན་སོགས་ཡིན་པར་བཤད་ལ། ཁ་ཅིག་གིས་གནའ་རྒྱའི་ཚེ་ལོའི་ནང་མི་མཁའ་འགྲོ་དམར་ལྡང་གྲྭ་བ་ཡིན་དུས་ཡིག་ཐོག་ཏུ་བྲིས་པ་ཡིན་ཞིང་། མཁའ་འགྲོ་དམར་ལྡང་གིས་འབྲི་བཞིན་པ་ཁོའི་སྲིང་མོ་སྒྲོལ་མ་འཚོས་དངོས་སུ་མཐོང་བར་མ་ཟད། དུས་རྒྱུན་གནའ་རྒྱའི་ཚེ་ལོའི་བསླབ་བྱ་ངག་ནས་བཏོན་ཞིང་འཚོ་བའི་ཁྲོད་དུ་བཀོལ་ནས་གཞན་ལ་བླང་དོར་གྱི་གནས་སྟོན་པར་བྱས་ཤིང་ད་ལྟའི་བར་དུ་མ་ཉམས་པར་ངག་ནས་ངག་བརྒྱུད་དེ་དར་ཞིང་སྤེལ་བ་རེད་ཟེར་བས་རྗེས་མ་འདི་འཐད་ལྡན་དུ་འཛིན་མཁན་ཤུགས་ཆེ་བ་རེད།

མི་ཆོས་བསླབ་བྱ་འདིའི་ནང་དོན་གཙོ་བོ་ནི། རྒད་པོ་གནའ་རྒྱའི་ཚེ་ལོ་ཁོང་ཉིད་ཚེ་སྟོད་ལ་འབྲོག་ན་རྟ་ནོར་ལུག་གསུམ་གྱིས་བཀང་ཞིང་སྟོབས་འབྱོར་ལོངས་སྤྱོད་ལྡན་པ་ཞིག་ཡིན་མོད། ཚེ་སྨད་ལ་ཚ་བོ་དོན་གྲུབ་ཀྱིས་རྒྱུ་ནོར་ཡོད་ཚད་བརླགས་ཏེ་དབུལ་བོར་གྱུར་པ་དང་། རྒས་པའི་སྡུག་བསྔལ་གང་མང་ཞིག་མྱངས་བས་མི་ཚེ་མཐའ་ལ་འཁྱོལ་དུས་རང་གི་མི་ཚེའི་ཉམས་མྱོང་དང་བསྡོངས་ནས་འཇིག་རྟེན་གྱི་ཉམས་མྱོང་རྒན་པོའི་བསླབ་བྱ་འདི་བརྗོད་པར་གྲགས། མི་ཆོས་བསླབ་བྱ་འདིར་ཐུན་མིན་གྱི་ཁྱད་ཆོས་མང་པོ་ཞིག་ཡོད་ལ། དེ་ལས་ཀྱང་བསླབ་བྱ་སྤྱིའི་ཁྱད་ཆོས་ལྟར་ལེགས་ཉེས་བླང་དོར་གྱི་གནས་འདོམས་པ་གཙོར་བཟུང་ཡོད་མོད། འདིའི་སྐོར་གཞན་ཞིབ་འཇུག་པ་སྔ་མ་དག་གིས་གླེང་ཟིན་པས་ཡང་བསྐྱར་ཡིག་ཚོགས་སྤུངས་པའི་དགོས་པ་མ་མཆིས་པས། འདིར་གཙོ་བོ་བསླབ་བྱ་འདིའི་ཡུལ་སྐད་ཀྱི་སྐོར་ནས་གླེང་བར་བྱ།

གསུམ། གནའ་རྒྱའི་ཚེ་ལོའི་བསླབ་བྱའི་ཁྱད་ཆོས།

བསླབ་བྱ་འདི་ནི་ངག་བརྒྱུད་ཀྱི་བརྩམས་ཆོས་ཤིག་ཡིན་ཕྱིར། ཡུལ་སྐད་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པའི་ཆ་མང་པོ་ཞིག་ཡོད་དེ། དཔེར་ན།“མགོ་དཀར་པོར་གྱུར་པའི་ལོ་ལོན་ཚོ། །ལམ་ལུང་སྟོང་བཤད་པ་སྟོང་བ་རེད། །ཀུ་ཅ་ཧབ་ལོང་བྱས་པ་དོན་མེད་རེད། །བརྒྱུགས་བརྒྱུགས་ནས་བཙལ་བ་དོན་མེད་རེད། །ཁ་མ་ཎི་བཏོན་པ་རང་དོན་རེད། །ལག་ལས་ཀ་ལས་པ་གཞན་དོན་རེད། ། ”ཅེས་པ་འདིར་ཡང་དོན་གྱི་གཙོ་བོ་ལོ་ལོན་ཚོར་འཇིག་རྟེན་མི་རྟག་པའི་ཆོས་ཉིད་བཤད་པ་དང་ནམ་ཞིག་འཆི་བར་འགྱུར་ངེས་པས། དེ་དུས་རང་ལ་དགོས་པ་ནི་དམ་པའི་ལྷ་ཆོས་ཡིན་ཚུལ་བརྗོད་ཡོད་མོད། འདིའི་རྗོད་བྱེད་ཚིག་ནི་མངོན་བརྗོད་དང་རྒྱན་སོགས་ཀྱིས་སྤྲས་མེད་པར། ཡུལ་སྐད་ཁོ་ནའི་ལམ་ནས་ང་ཚོ་དང་འདྲིས་ཆེ་བའི་ཀུ་ཅ་ཧབ་ལོང་སོགས་ཀྱི་ཐ་སྙད་འདི་དག་བཀོལ་ནས་བརྗོད་བྱའི་དོན་མཚོན་པར་བྱས་ཡོད། གཞན་ཡང“གོས་ཡག་པ་ལུས་ཀྱིས་མི་ཤོང་གི །འགྲོ་གོམ་པས་རྒྱང་ཐག་མི་ཆོད་ཀི །ཙོག་བསྡད་ན་ཁ་མལ་མི་ལྕོགས་ཀི །ད་བདག་གཞན་དབྱེ་བ་མི་ཁོར་གི ། ”ཞེས་པར་ཚེ་ལོ་རང་ཉིད་ན་ཚོད་རྒས་ནས་འགྲོ་འདུག་གོམ་པས་མི་ཆོད་ཚུལ་བརྗོད་པ་ཞིག་ཡིན་ཞིང་། འདིར་བདག་གཞན་དབྱེ་བ་འབྱེད་མི་ཐུབ་པ་དེར་ཁ་སྐད་གཙོར་བཟུང་ནས་བདག་གཞན་དབྱེ་བ་མི་ཁོར་ཀི་ཞེས་བརྗོད་པ་སོགས་ཀྱི་ཁྱད་ཆོས་ལས་ཚིག་རྐང་འདིར་ཡང་བལྟས་མ་ཐག་ཏུ་བརྗོད་བྱའི་དོན་དེ་གོ་བར་བྱེད་ཐུབ།

གཞན“ཁྱོད་འཚུབ་བེ་འཚུབ་བེར་སོང་བར་ལྟོས།          །ཁྱོད་མ་དགའ་ལིམ་ལོག་བསྟན་པར་ལྟོས། །ཐོམ་དཀར་ཡོལ་གཉིས་ཀྱི་ཁྲོག་སྒྲར་ལྟོས། །དེ་མ་བྱེད་ཁྱིམ་བདག་བུ་མོ་ཚོ། །”ཞེས་པར་ཁྱིམ་བདག་བུ་མོ་རྣམས་ཀྱིས་རང་གི་ཕ་མ་གཉིས་རྒ་བའི་ཁུར་གྱིས་མནན་ཚེ་དེ་ལ་དྲིན་ལན་ལོག་འཇལ་བྱེད་མི་རུང་བ་བསྟན་ཚུལ་ལས་ཀྱང་དྲིན་ལན་ལོག་འཇལ་བྱས་པར་ལིམ་ལོག་ཅེས་པ་བཀོལ་ཡོད་པ་དང་།“སྐ་རགས་གཞུག་འཕྲར་བླངས་པར་ལྟོས། །ད་གྲི་རིང་ཕྲེད་འདོགས་བྱས་པར་ལྟོས། །མགོའི་ཞྭ་མོ་ཟུར་གྱོན་བྱས་པར་ལྟོས། །ཡང་འཁོར་གིན་འཁོར་གིན་འགྲོ་སྲོལ་ལྟོས། །གན་གཟར་རེ་གཟར་རེར་ལངས་པར་ལྟོས། །”ཞེས་པའང་གོང་དུ་གླེང་བ་དག་དང་འདྲ་བར་ཡུལ་སྐད་ཤིན་ཏུ་མང་ཞིང་། དེ་ལས་ཀྱང་ཁོ་རང་གི་ས་གནས་རང་བཞིན་ལྡན་པའི་ཡུལ་སྐད་མང་པོ་ཡོད་པས། གོང་གི་དེ་དག་ནི་དཔེར་མཚོན་ཙམ་དུ་དྲངས་པ་ཡིན།

གཞནགུང་ཐང་བསླབ་བྱདང་བསླབ་བྱནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིགདམངས་ཁྲོད་རྩོམ་རིགཡ་རིའི་ཨ་བསོདསོགས་ལ་མཚོན་ན་སློབ་གཉེར་པ་དང་ལས་གནས་པ་དག་ལ་ཁ་གཏད་ནས་བྲིས་པ་ཞིག་ཡིན་པས་བསླབ་བྱ་འདི་ཉམས་སུ་ལེན་མཁན་གྱི་མི་གང་དེར་གཏན་འཁེལ་རང་བཞིན་ཡོད་མོད། གནའ་རྒྱའི་ཚེ་ལོའི་བསླབ་བྱའི་ཁྱད་ཆོས་གཙོ་བོ་ནི་དེ་ལྟར་དུ་གཏན་འཁེལ་དང་ཚད་བཀག་རང་བཞིན་མེད་པར། བྱིས་པ་ནས་རྒན་པོའི་བར་དུ་ལེགས་ཉེས་བླང་དོར་གྱི་བསླབ་བྱ་བཏང་ཡོད། དཔེར་ན། བྱིས་པ་ཚོ་ལ“ཆུང་ཚེ་ཐག་རིང་བའི་བྱིས་པ་ཚོ། །ཁྱོད་གཉོམ་ལག་རྒྱས་ནས་ཡོང་དུས་སུ། །”ཞེས་པ་ནས“བགེགས་འཆི་བ་ནམ་མཁའི་གློག་དང་འདྲ། ། དམར་འཚུབ་སེ་ནམ་འགྲོ་མི་ཤེས་ཀི། །ནད་བྱུང་བ་ནགས་ཀློང་མེ་ཤོར་འདྲ། །མེ་ནམ་ཚད་འབར་འགྲོ་མི་ཤེས་ཀི། །རྐུས་བྱས་པ་ཕྱི་མའི་དོམ་བླངས་འདྲ། །དོམ་ནམ་ཚད་འཇལ་དགོས་མི་ཤེས་ཀི། །ཤོབ་གཏམ་པ་མུན་ནག་མདའ་འཕེན་འདྲ། །མདའ་གང་ལ་འཕོག་འགྲོ་མི་ཤེས་ཀི། །”ཞེས་བྱིས་པ་རྣམས་ཀྱིས་མི་ཚེའི་བདེ་སྐྱིད་ངོས་ཟིན་དགོས་ཚུལ་དང་། རྫུན་དང་ཕྲ་མ་སོགས་ཀྱི་མ་རུང་བའི་ཀུན་སྤྱོད་ལ་གཟབ་དགོས་པར་བསྟན་པ་ལྟ་བུ་དང་། དར་མ་རྣམས་ལ“རྐེད་འཁོར་གསུམ་ཅན་གྱི་ཕོ་གསར་ཚོ། །ངས་ཕོ་གསར་རྣམས་ལ་ཁ་ཏ་བྱེད། །”ཅེས་སྟག་ཤར་རྣམས་ཀྱིས་ཕ་མའི་དྲིན་ལན་དང་ལས་རྒྱུ་འབྲས་སོགས་ཀྱི་གནས་ལུགས་ཤེས་དགོས་ཚུལ་གདམས་པ། ལོ་ལོན་ཚོ་ལའང་འཇིག་རྟེན་འཁོར་བར་ཞེན་ཆགས་ཆུང་དགོས་ཚུལ་དང་དམ་པའི་ལྷ་ཆོས་ལ་འབད་དགོས་ཚུལ་སོགས་གདམས་པ་དང་། དེ་མ་ཟད་བུ་མོ་གོ་རྒས་དང་མནའ་མ་སོགས་ལའང་མི་ཆོས་བླང་དོར་གྱི་གནས་བསྟན་ཡོད་པ་སོགས་བསླབ་བྱ་འདི་ཉམས་སུ་ལེན་མཁན་གང་དེར་ཚད་བཀག་དང་གཏན་འཁེལ་རང་བཞིན་མེད་པ་ནི་མི་ཆོས་བསླབ་བྱ་འདིའི་ཐུན་མིན་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་རེད།

མདོར་ན། མི་ཆོས་བསླབ་བྱ་འདི་ནི་ལོ་རབས་གོང་མའི་སྐབས་དེའི་སྤྱི་ཚོགས་འཚོ་བ་གཏམ་གྱི་བརྗོད་གཞིར་བཟུང་སྟེ་བཤད་པ་ཞིག་ཡིན་ཞིང་། ཨ་མདོའི་ཡུལ་དུ་ཤིན་ཏུ་དར་ཁྱབ་ཆེ་བའི་དམངས་ཁྲོད་ངག་རྩོམ་རིང་མོ་ཞིག་ཀྱང་རེད། བསླབ་བྱ་འདིར་ནི་འཇིག་རྟེན་མི་ཆོས་ཀྱི་ལེགས་ཉེས་བླང་དོར་སྟོན་པ་གཙོ་བོར་བྱས་པ་ཞིག་ཀྱང་ཡིན་མོད། འདི་ནི་བོད་ཀྱི་སྔ་རབས་ལེགས་ཉེས་ཀྱི་བླང་དོར་སྟོན་པའི་བསྟན་བཅོས་ཁག་དང་མི་འདྲ་བར་གཙོ་བོ་ངག་ཐོག་ནས་བརྒྱུད་དེ་དར་ཞིང་སྤེལ་བ་ཡིན་པས། རྗོད་བྱེད་ཚིག་ནི་ཀུན་གྱིས་གོ་སླ་ཞིང་འཇུག་བདེ་བའི་ཡུལ་སྐད་ཀྱི་ཁྱད་ཆོས་དེ་འབུར་དུ་ཐོན་ཡོད་པར་མ་ཟད་ཉན་པ་པོ་ལ་གཏན་འཁེལ་རང་བཞིན་མེད་རྐྱེན་ཉན་པ་པོ་མང་པོ་ཞིག་ལ་མཉམ་ཚོར་གྱི་འདུ་ཤེས་བསྐྱེད་ཐུབ་པས། ཨ་མདོའི་དམངས་ཁྲོད་དུ་ངག་རྩོམ་འདི་ཉིད་ཤིན་ཏུ་དར་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན་ལ། མི་ཆོས་བསླབ་བྱ་འདིའི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་རེད། །

ཟུར་ལྟའི་དཔྱད་གཞི།

[1]སྲིང་བཞི་མ།གནའ་རྒྱའི་ཚེ་ལོའི་འབེལ་གཏམ་དང་འབྲེལ་ནས་སྤྱི་ཚོགས་སློབ་གསོའི་རིན་ཐང་ལ་དཔྱད་པ》བོད་ཀྱི་དམངས་སྲོལ་རིག་གནས།

[2] བློ་བཟང་གསུང་རབ། སེམས་དཀར་བསླབ་བྱཡུན་ནན་རིག་གནས་སྒྱུ་རྩལ་པར་སྐྲུན་ཁང་།

[3] ཚེ་དབང་རྡོ་རྗེ།རྨ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས་གསེར་གྱི་ཐང་མཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།