སེམས་ཀྱི་རབ་བྱེད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

འཕུར་སྐྱོད། ཆབ་མདོ།

ཚེ་ཡི་དར་ཐག་རིང་ནས་ཆད་སོང་རུང་། །

ཡིད་ཀྱིས་ཁྱོད་རང་དྲན་པའི་འཚོ་བར་རོལ། །

ཁ་མིན་དོན་དུ་ཞེན་པའི་སེམས་པ་འདི། །

དཀར་ཡོལ་ཧྲལ་པོ་ཞིག་ལས་ཕྱི་རོལ་འཁྱམས། །

ཚིག་གི་བདུད་རྩི་ཞིམ་དང་མི་ཞིམ་རུང་། །

སེམས་པ་ཤོར་བའི་ཤིང་ལོ་གཡོ་འགུལ་ཅི། །

ཤད་ཀྱི་རྙི་ཡིས་ཟིན་པའི་ལག་ཡ་འདིས། །

ནམ་མཁའ་སྔོན་པོ་གང་ལ་གསང་ཐབས་བྲལ། །

སྐར་ཆུང་ཁོང་འདར་བརྒྱབ་པའི་ཕྱི་དྲོ་བཞིན། །

གདུང་བ་ཡོད་ཚད་གཟུགས་དང་དབྱེར་མེད་གྱུར། །

ཕོར་བ་ཧ་ཅང་ཆུང་ཡང་དེ་གའི་ནང་། །

སྐྱོ་གདུང་མིག་ཆུ་སྟོང་འགའ་འཁྱིལ་ནས་འདུག །

ཁྱོད་ཀྱི་བྱད་གཟུགས་ཤོང་བའི་ཡིད་སེམས་ན། །

གྱེས་པའི་ཟིལ་བ་ཙམ་ཡང་གནས་ཐབས་བྲལ། །

གློ་རྡེག་ས་གཞི་རལ་བའི་རང་བཞིན་ལས། །

མིག་འདི་འགྱེད་པའི་བློ་སྤོབས་གང་གིས་སྤྲོད། །

ཤི་གསོན་འགག་འཕྲང་ཞིག་ལས་ཐར་བའི་མི། །

ཉི་མ་ནུབ་པའི་ཕྱོགས་ལ་ཅིའི་ཕྱིར་བགྲོད། །

འུ་གཉིས་ཞེས་པའི་ཚིག་གི་བདེན་དོན་ལས། །

ང་ཡི་ལང་ཚོ་ཁྲག་དང་མཚོན་ལས་གྲུབ། །

ལུས་སྟོད་ཚེར་མས་མནར་བའི་ཀུ་ཅོ་ཞིག །

གཞོན་པའི་མེ་ལོང་ངོས་ནས་འདོན་ཐབས་ཟད། །

སྨུག་པ་ལང་ལོང་འཁྲིགས་པའི་མགུར་རྒྱན་གྱིས། །

བཅོས་མིན་ལུས་ལ་མཛེས་ཉམས་ག་ཙམ་སྦྱིན། །

བྲང་གཞུང་རླུང་གིས་འདེད་པའི་ལོ་མ་བཞིན། །

སང་ཉིན་གང་ཡོད་སུ་དང་སུ་ལ་འདྲི། །

རིག་པའི་མེ་ཏོག་ཐང་དུ་ལྷུང་བའི་སྒྲས། །

ག་ཞ་གླུ་དབྱངས་སྒྲོག་ལ་ངལ་དུབ་བཙལ། །

སྨིན་མ་འདོད་པས་བཟོས་པའི་ཐུན་མཚམས་ན། །

ཟླ་བ་ཡོད་ཚད་ཁྱོད་ཀྱི་རུམ་དུ་ཤར། །

ཡིད་ཀྱི་གཞུང་དུ་འཁྱིལ་བའི་ཕ་ཡུལ་གང་། །

ཤོག་བྱར་བྱས་ཏེ་གང་དུ་སྤུར་བར་བྱ། །

སེན་མོ་གས་པའི་ཀྱག་ཀྱོག་བྱིས་དུས་སུ། །

ཕ་སའི་ནམ་མཁའ་ཇི་འདྲ་ཡངས་པ་ལ། །

མི་རྟག་ཆུ་ཕྲན་སྡོད་མེད་མཐའ་ལ་བཞུར། །

ལུས་ཀྱི་སྒལ་ཚིགས་དལ་གྱིས་སྒུལ་བ་ན། །

ཕྱིར་མིག་འཁོར་ས་ཧ་ཅང་སྟོང་པ་ཉིད། །

ཞེ་འདྲིས་ཡིད་འདྲིས་ཅན་གྱི་འཕགས་མ་གང་། །

རྐྱེན་ངན་གྲོགས་སུ་བསྒྱུར་བའི་སྟ་གོན་ལས། །

རེ་ཞིག་གྱེས་པའི་མཆི་མ་ཁོག་ཏུ་མིད། །

གདུང་བ་རེ་ལ་ཡིད་ཀྱི་དམྱལ་ངན་རེ། །

མ་ཤི་བར་དུ་ཁེར་རྐྱང་གཟན་ལ་འཇུ། །

མ་ཉམས་བར་དུ་ཐ་སྙད་རྩེད་མོ་རྩེ། །

ང་ཡི་ཞེ་མཐུན་ལུས་ཕྲས་ཡིད་དུ་ཟུངས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།