རྨ་ལྷོ། དབྱིངས།
མཚམས་སྤྲིན་དང་།
ལོངས་སྤྱོད་ཐམས་ཅད་མི་རྟག་པས་ཟོས་ཚེ།
ཁྱོད་ལ་སྐྱོ་ཡུས་དང་སྡུག་བསྔལ་མེད་པར་ཞུ།
ཐ་ན སྤང་ཐང་ཡངས་པོར་སྐྱེས་པའི
མེ་ཏོག་དང་སྐྱེད་མོས་ཚལ་དུ།
རང་ཉིད་ཀྱི་ཡོད་ཚད་སྔ་མོ་ནས་ཕུལ་ཟིན།
མཛེས་སྡུག་གི་བདེན་པ་ལགས།
རྟོག་བཏགས་ཀྱི་ལུས་པོ་དང་།
ངོ་གདོང་དག་ཀྱང་རི་དང་ཆུ་བོ་ལ་ཕུལ་ཟིན།
འཇིག་རྟེན་ནི་སྐྱོ་གདུང་གི་ཕུང་བོ་སྟེ།
དབུགས་གཏོང་ལེན་གྱི་ཁོམ་པ་ཞིག་མེད་རུང་།
སྟོན་ལྗོངས་སྐྱ་བོའི་ཁྲོད་དུ།
སྔར་བཞིན།
ཁྲུང་ཁྲུང་ཁྱུ་ཞིག་གི་འཕུར་ཤུལ་ནས།
རང་ཉིད་འཚོལ་དགོས།
སེམས་ཀྱི་ཁང་པ།
ངའི་སེམས་སུ
འདང་རྩིས་ཆེ་བའི
ཁང་པ་ཞིག་ཡོད
སྒེའུ་ཁུང་བཞི་དང
སྒོ་གཅིག་ཅན་གྱི་ཁང་པ་ཞིག་ཡོད
ཆེ་རྒྱུ་མེད་ལ་ཆུང་རྒྱུ་ཡང་མེད་པའི
ཁང་པ་ཞིག་ཡོད
ཁང་པའི་ནང
ངའི་དོན་ལྔ་སྣོད་དྲུག་བཀལ་ཡོད
ཤ་དང་རུས་པ་བཞག་ཡོད
མཛུབ་མོ་དང་སྐྲའི་ཉག་མ་ཡང་འདུག
སྒེའུ་ཁུང་བཞི་ཡི
ཕྱོགས་མི་འདྲ་བ་བཞི་ལས
འོད་ཟེར་མི་འདྲ་བ་བཞི་འཕྲོས
ངོ་ཚའི་འོད་ཟེར་ལྗང་གུ
ལ་རྒྱའི་འོད་ཟེར་དཀར་པོ
ཚུགས་ཐུབ་ཀྱི་འོད་ཟེར་སེར་པོ
ཤེས་རབ་ཀྱི་འོད་ཟེར་དམར་པོ
གཅིག་ཏུ་བསྡམས་རྗེས
འོད་ཟེར་དམར་སེར་ཞིག་གྲུབ
དེའི་མིང་ལ“མི་གཞི”འབོད།