ཞོགས་པར་གཉིད་ལས་སད་དུས་བདེ་ལྡན་དབང་མོ་མཐོང་སྣང་ན་མི་འདུག “བདེ་ལོག བདེ་ལོག ཝེ”བསམ་གྲུབ་ཚེ་རིང་གིས་མལ་སའི་ནང་གླལ་སྒྱིང་ཞིག་བྱས་རྗེས་དེ་ལྟར་ཐེངས་འགར་བོས། ཁང་པའི་ནང་དལ་ཅག་གེར་འདུག་ཅིང་ཉི་ཐིག་གི་གཙང་པོས་སྒེའུ་ཁུང་བརྟོལ་ཏེ་སྒེའུ་ཡོལ་གྱི་ངོས་ལ་ཤུགས་ཀྱིས་བཞུར་བས་ནང་རོལ་ཡང་དཀར་གསལ་ལེར་བྱེད། དེ་ནས་ཁོས་མོ་རང་གང་དུ་སོང་བ་འདྲི་བསམ་སྟེ། སྐད་འཕྲིན་སྒོ་ཕྱེ་ཡང་བསྟར་བསྒྲིགས་པའི་མིང་ཐོའི་ཁྲོད་ནས་བདེ་ལྡན་དབང་མོ་མ་རྙེད། ཁོ་རང་ཡ་མཚན་ནས་འཚོལ་བཤེར་ནང་དུ“སྙིང་ཉེ”ཞེས་གཏགས་པར་ཅི་ཡང་མ་ཤར། དེ་ནས་ཡང་བསྐྱར“བདེ་དབང”ཞེས་གཏགས་ཀྱང་ཅི་ཡང་མ་ཤར།
ཁོ་གཉིས་ངོ་ཤེས་སུ་གྱུར་ནས་ལོ་ངོ་དྲུག་ཙམ་སོང་ཟིན། དེ་ནི་མཐོ་འབྲིང་གི་སྐབས་ཡིན། ཁོ་གཉིས་ལྷན་དུ་འགྲོགས་ནས་ཀྱང་ལོ་ངོ་གཉིས་ལྷག་སོང་ཟིན་ཏེ། དེ་ནི་སློབ་ཆེན་ལོ་རིམ་བཞི་པའི་སྐབས་ཤིག་ཡིན། ཡིན་ནའང་། ཁོས་བདེ་ལྡན་དབང་མོའི་ཁ་པར་ཨང་གྲངས་མི་ཤེས། ཁོ་རང་ཡ་མཚན་སྐྱེས་ཏེ་ཁང་པའི་ནང་ཡར་འགྲོ་མར་འགྲོ་ཞིག་བྱས་ཤིང་དེ་ནས་གོས་སྒམ་ཁ་ཕྱེ་ནས་བལྟས་པས་ནང་དུ་མོའི་ལྭ་བ་གཅིག་ཀྱང་མི་འདུག ཁྲུས་ཁང་དུ་སོང་ཡང་དེ་རུའང་མོའི་ཅ་ལག་གཅིག་ཀྱང་མི་འདུག མདང་ནུབ་དགོང་ཇ་འཐུང་བྱེད་ཀྱི་དཀར་ཡོལ་ད་དུང་ཅོག་ཙེའི་སྟེང་བཞག་འདུག་མོད། དེ་ནའང་དཀར་ཡོལ་གཅིག་མ་གཏོགས་མི་འདུག ཁང་མིག་འདིར་བདེ་ལྡན་དབང་མོ་དང་འབྲེལ་བའི་དངོས་པོ་ཅི་ཡང་མི་འདུག་པ་འདྲ། ཁོ་རང་མལ་ཁྲིའི་གམ་དུ་སོང་ནས་བློ་ཞིབ་མོས་བདེ་ལྡན་དབང་མོའི་སྐྲ་ཉག་མ་དེ་དག་ཨེ་མཐོང་བལྟས། ནམ་རྒྱུན་ཡིན་ན་མལ་ཁྲིའི་སྟེང་དུ་མོའི་སྐྲ་ཉག་དག་གང་སར་འབྱར་ཡོད་པ་མཐོང་ཐུབ། འོན་ཀྱང་། དེ་རིང་། བསམ་གྲུབ་ཚེ་རིང་གིས་ཞིབ་ཀྱིས་བཙལ་ཡང་སྐྲ་ཉག་གཅིག་ཀྱང་མ་རྙེད། མོ་རང་གང་དུ་བུད་སོང་ངམ། མོ་རང་ཁོ་གཉིས་འཚོ་བ་རོལ་སའི་གྲོང་ཁྱེར་འདི་རུ་ཡོད་དམ། དེ་རིང་གཟའ་མཇུག་ཡིན་པས་ལས་ཚོགས་ལ་འགྲོ་མི་སྲིད་ཅིང་། དོན་དག་དམིགས་བསལ་བ་རེ་ཡོད་ནའང་ཁོ་ལ་བཤད་ཡོད་ངེས་སྙམ། ལྷག་པར་མདང་ནུབ་ཁོ་གཉིས་ཀྱི་བར་ལ་འགལ་བ་ཅི་ཡང་མ་བྱུང་བས་མོ་གློ་བུར་དུ་གར་སོང་ཆ་མེད་དུ་འགྲོ་དོན་མི་འདུག ཡང་ན། ཁོ་རང་གཉིད་ལོག་པའི་རྗེས་སུ་བདེ་ལྡན་དབང་མོས་ཁོའི་ཁ་པར་ནང་བསྔོགས་ཏེ་ཅི་ཞིག་མཐོང་སོང་བ་ཡིན་ནམ། དེའང་ཡིན་མི་སྲིད། ཁོའི་ཁ་པར་ནང་བུ་མོ་རེ་འགའ་ཡོད་ནའང་དེ་དག་ནི་ལས་གྲོགས་འབའ་ཞིག་སྟེ། ནམ་རྒྱུན་གྱི་ལས་ཀའི་ནང་དོན་ལས་འོས་མིན་གྱི་སྐད་ཆ་སོགས་ཅི་ཡང་བཤད་མ་མྱོང་། གཞན་འགའ་ཞིག་ནི་སྔོན་ཆད་ཀྱི་སློབ་གྲོགས་ཡིན། དེ་དག་ལ་ལོ་ངོ་གཉིས་ནས་གསུམ་རིང་འབྲེལ་བ་ཐེངས་གཅིག་ཀྱང་བྱས་མ་མྱོང་བས་མོས་མཐོང་མི་སྲིད། སྤྱིར་ཁོས་བར་ཐག་གིས་རིང་དུ་ཆོད་ལ་ཕན་ཚུན་བར་སྐད་ཆ་ཅི་ཡང་མེད་པའི་སློབ་གྲོགས་དེ་དག་སྐད་འཕྲིན་ནང་ནས་བསུབ་བསམས་མོད། འདི་ནི་ཁོ་ཚོའི་བར་གྱི་སྦྲེལ་ཐག་ཉག་གཅིག་སྟེ། སློབ་ཆེན་གྱི་འཚོ་བ་ནི་མངར་སྐྱུར་འདྲེས་མའི་ཕྱིར་དྲན་ཞིག་ཡིན་ཏེ། དེས་ཁོའི་ནང་སེམས་ཀྱི་སྟོང་ཆ་གང་ཞིག་བསྐངས་འགྲོ་བས། ཤུལ་དུ་ལྷག་པའི་འབྲེལ་གནས་འདི་བསུབ་ནས་ཤུལ་མེད་དུ་བཟོས་ཚེ། སྔོན་ཆད་ཀྱི་འདས་དོན་དེ་དག་ཀྱང་ནམ་མཁའི་དབྱིངས་སུ་གཏོར་བ་དང་འདྲ་ཞིང་། འཇིག་རྟེན་འདི་ཉིད་ཁོ་ཚོ་མ་ཕྲད་པའི་ཡར་སྔོན་གྱི་འཇིག་རྟེན་དུ་ཕྱིར་འཕོས་པ་དང་གཅིག་འདྲ་རེད་སྙམ།
བསམ་གྲུབ་ཚེ་རིང་འདང་རྒྱག་ནང་ལྷུང་ནས་སྒེའུ་ཡོལ་ཕར་དེད་པ་ན། ཉི་འོད་ནི་གཙང་པོའི་རགས་ཤོར་བ་བཞིན་ཁང་པའི་ནང་དུ་བླུགས་ཤིང་། ཁོའི་མིག་ཟུང་ཡང་དེ་མ་ཉིད་དུ་ཟུམ་པར་བྱས་སོང་།
2
གནམ་ངོ་ཐང་ཞིང་ཉི་འོད་ཚ་ལམ་ལམ་བྱེད། བསམ་གྲུབ་ཚེ་རིང་གིས་སྔ་དྲོ་ཧྲིལ་པོར་གྲོང་ཁྱེར་གྱི་གྲུ་ག་སོ་སོར་སོང་ནས་བཙལ། ཁོ་གཉིས་སྔོན་ཆད་སོང་མྱོང་སའི་གྲོང་དཀྱིལ་གྱི་ཚོང་ར་དང་གློག་བརྙན་ཁང་། སྤྱི་གླིང་། དཔེ་མཛོད་ཁང་། གཙང་འགྲམ། ཐ་ན་རླངས་འཁོར་ས་ཚིགས་ནས་ཀྱང་རྙེད་མ་སོང་། སྲང་ལམ་གྱི་མི་ཚོགས་ཁྲོད་དུ་བདེ་ལྡན་དབང་མོ་དང་འདྲ་བ་རེ་འགའ་ཞིག་འདུག ཁོས་བལྟས་པ་ཙམ་གྱིས་བདེ་ལྡན་དབང་མོ་མིན་པ་ཐག་གིས་ཆོད། བདེ་ལྡན་དབང་མོའི་རྒྱབ་གཟུགས་ཆུང་ལ་ཡིད་དུ་འོང་སྟེ། མཚོ་ངོས་བཞིན་དྲང་ཞིང་སྙོམས་པའི་སྒལ་གཞུང་དུ་ཅུང་འཇིལ་ལེར་འཁྱིལ་བའི་སྐྲ་ལོ་མཚོ་རླབས་དང་འདྲ་ལ། གོམ་པའི་གདེགས་འཇོག་དལ་ཞིང་འགྲོ་དུས་ལྡེམ་ལྡེམ་བྱེད་དེ། ལོ་ངོ་གཉིས་ཀྱི་ཡར་སྔོན་དུ། བསམ་གྲུབ་ཚེ་རིང་གིས་མོ་ལ་བསྐུར་པའི་འཕྲིན་པ་ཞིག་གི་ནང་དུའང་འདི་ལྟར་བྲིས་ཡོད་དེ། “སྙིང་སྡུག ཁྱོད་ཀྱི་མིག་ཟུང་དུ་འཇིག་རྟེན་གྱི་མཛེས་པ་ཧྲིལ་བོ་བསྐུངས་པས། ངའི་མིག་ཟུང་ཧྲིལ་བོ་ཁྱོད་ཀྱིས་ཁེངས། ཁྱོད་ཀྱི་མཛེས་ཤིང་སྙིང་དུ་སྡུག་པའི་རྒྱབ་གཟུགས་ལས། ངས་ཚེ་འདིའི་ལོག་ཕེབས་མཐོང་ཞིང་། ཡོབ་གླིང་གི་ཞིང་གྲོང་གླུ་གཞས་ཤིག་དང་འདྲ་བའི་ཁྱོད་ཀྱི་རྒྱབ་གཟུགས་ཀྱིས་ང་རང་སྨྲེང་བར་བྱས་སོང་།”
ཁོའི་མིག་ལམ་དུ་བདེ་ལྡན་དབང་མོ་དང་འདྲ་བའི་མི་ཇེ་མང་དུ་འགྲོ་བཞིན་འདུག རྒྱབ་གཟུགས་མང་པོ་མིག་ལ་མངོན་དུས། ཁོས་བདེ་ལྡན་དབང་མོའི་རྒྱབ་གཟུགས་དང་མི་ཚོགས་ཀྱི་རྒྱབ་གཟུགས་ལ་ཁྱད་པར་འབྱེད་མ་ཐུབ།
སྔོན་ཆད་ཡིན་ན།མི་ཚོགས་ཅི་འདྲ་མཐུག་ཀྱང་ཁོས་བདེ་ལྡན་དབང་མོའི་རྒྱབ་གཟུགས་འཆུག་མི་སྲིད། དེ་རིང་གློ་བུར་དུ་བདེ་ལྡན་དབང་མོའི་རྒྱབ་གཟུགས་ཀྱང་ཁེད་དཀའ་བར་གྱུར། རྒྱབ་གཟུགས་ཚང་མ་བདེ་ལྡན་དབང་མོའི་རྒྱབ་གཟུགས་དང་འདྲ།
ཡུན་རིང་ཉུལ་རྗེས། ཁོ་རང་རྡོ་གཅལ་སྟེང་བཙོག་ནས་བསམ་བློ་བཏང་། བདེ་ལྡན་དབང་མོའི་རྒྱབ་གཟུགས་ནི་བསམ་ནས་དྲན་རྒྱུ་ཡོད་པ་ཞིག་མ་ཡིན་པར་ཚོར་བས་ཚོར་དགོས་པ་ཞིག་ཡིན་ནམ། དེ་ལྟར་ཡིན་ཚེ་ད་ལྟ་ཁོའི་ལུས་ནས་ཚོར་ཤེས་དེ་ཉམས་ཀྱིན་འདུག མོའི་རྒྱབ་གཟུགས་རབ་རིབ་ཏུ་གྱུར་སོང་།
3
ཁོ་རང་ཕྱིར་ཁང་པའི་ནང་ལོག ངལ་དུབ་ཀྱིས་གཟིར་བས་མལ་ཁྲིའི་སྟེང་གན་རྐྱལ་དུ་ལོག ཁོ་གཉིས་ལྷན་དུ་བསྡད་ནས་ལོ་གཉིས་འགོར་བའི་རིང་ལ། ཕན་ཚུན་ཤ་འདྲེས་པགས་འདྲེས་སུ་གྱུར་ཡོད་ཀྱང་། ཁོ་ལ་བདེ་ལྡན་དབང་མོའི་ཁྱིམ་མི་དང་གྲོགས་མོ་སོགས་ཀྱི་འབྲེལ་གནས་ཅི་ཡང་མེད། དེ་ནི་ཁོས་བདེ་ལྡན་དབང་མོ་ལ་བཅངས་པའི་བརྩེ་དུང་གཙང་མ་གཙང་རྐྱང་ཡིན་ནའང་། མོ་དང་གཉེན་སྒྲིག་འདོད་པའི་བསམ་པ་འཁོར་མ་མྱོང་བས་ཡིན།
ནམ་རྒྱུན་བདེ་ལྡན་དབང་མོས་གཉེན་སྒྲིག་པའི་སྐོར་ལབ་ཡོང་དུས་ཁོས་སྐད་ཆ་མགོ་རྔ་མེད་པ་འབའ་ཞིག་བཤད་ནས་ཁ་བསྐོར་བར་བྱེད། ཡང་མཚམས་ལན་རེར“གཉེན་སྒྲིག་པ་ནི་བརྩེ་དུང་ལ་དུར་འཇུག་བྱས་པ་ཡིན”ཟེར་ནས་ད་ལྟའི་བརྩེ་དུང་གི་བདུད་རྩི་འདི་བློས་མི་ཐོངས་པའི་བཟོ་ལྟ་སྟོན།
གློ་བུར་དུ་འདྲ་པར་ཞིག་ཡིད་ལ་འཁོར། ཁོ་དེ་མ་ཐག་མལ་ཁྲི་ལས་ཡར་མཆོང་ཞིང་། ལག་གི་ཁ་པར་ཤུགས་ཀྱིས་ས་རུ་གཡུགས། ངག་ནས་ཨག་སྐད་ཤོར། པར་སྒྲོམ་གྱི་ནང་དུའང་བདེ་ལྡན་དབང་མོའི་འདྲ་པར་མི་འདུག ཁོ་གཉིས་ཀྱི་མཉམ་པར་དག་ནའང་ཁོ་རང་གཅིག་པུ་ལས་མི་འདུག ཁོའི་སེམས་ཁྲལ་དེ་དངངས་སྐྲག་ཏུ་གྱུར།
སྲང་ལམ་དུ་མི་ཚོགས་ཀྱི་རྦ་རླབས་འཕྱུར།རླངས་འཁོར་གྱི་དུང་བརྡ་བར་མེད་པར་སྒྲོག བསམ་གྲུབ་ཚེ་རིང་སུ་ཞིག་གིས་བདའ་འདེད་བྱེད་པ་བཞིན་སྡོད་མ་ཚུགས། ཁོ་རང་སྐྲག་ཐག་ཆོད་དེ་ངག་ནས“དཀོན་མཆོག་གསུམ་པོས་མཁྱེན། ……”ཞེས་ཡང་ཡང་ཤོར། རྔུལ་ནག་ཁྲོམ་ཁྲོམ་གྱིས་ཉེན་རྟོག་ཁང་གི་སྒོ་ཁར་ཐོན།
ཉེན་རྟོག་པ་གཉིས་ཀྱིས་ཅི་ཡང་ཧ་མ་གོ ཁོས་དོན་དག་གི་བརྒྱུད་རིམ་གཅིག་ཀྱང་མ་ལུས་པར་བཤད། ཉེན་རྟོག་པ་གཉིས་ཀྱིས“མི་ཞིག་འཚོལ་དགོས་པ་རེད་དམ། ཐོབ་དཔང་ཨང་གྲངས་དང་འདྲ་པར་སྟོན”ཟེར། ཁོའི་ཡིད་དུ་བདེ་ལྡན་དབང་མོ་དང་ཁོ་གཉིས་ལོ་ན་གཅིག་ཡིན་པ་མ་གཏོགས་དྲན་རྒྱུ་མ་བྱུང་ཁར། ཁ་པར་དུ་འདྲ་པར་གཅིག་ཀྱང་མི་མཐོང་བས། ཉེན་རྟོག་པར་ཡང་བྱ་ཐབས་ཟད་དེ། “ཁྱོད་སྨྱོས་ཡོད་དམ། ཉེན་རྟོག་པར་མགོ་སྐོར་བཏང་ན་ཁྲིམས་འགལ་ཡིན་པ་རེད”སྐྱེས་པ་དེས་ཁྲོ་བའི་ཉམས་དང་བཅས་དེ་ལྟར་བཤད། བསམ་གྲུབ་ཚེ་རིང་ངག་ལྐུགས་པར་གྱུར། ཡང་བསྐྱར་དེ་རིང་གི་དོན་དག་མཐའ་དག་ལ་ཕྱིར་འདང་བརྒྱབ།
བདེ་ལྡན་དབང་མོ་ནི་ཁོའི་མཛའ་མོ་ཡིན། མདང་ནུབ་ཁོ་དང་མཉམ་དུ་ཡོད། ཁོ་གཉིས་ལྷན་དུ་ལོ་ངོ་གཉིས་ཙམ་ལ་བསྡད་མྱོང་། ད་ནངས་ཞོགས་པར་གཉིད་ལས་སད་དུས་མོ་རང་མི་མཐོང་བར་གྱུར་སོང་། མོ་དང་འབྲེལ་བའི་དངོས་པོ་མཐའ་དག་ཀྱང་མི་མཐོང་བར་གྱུར་སོང་། མོ་རང་འཇིག་རྟེན་འདི་རུ་ཡོང་མ་མྱོང་བ་ལྟར་གྱུར། མཐའ་འཁོར་གྱི་མི་དང་མཐའ་འཁོར་གྱི་བྱ་དངོས་གང་གིས་ཀྱང་བདེ་ལྡན་དབང་མོ་འཇིག་རྟེན་འདིར་གསོན་མྱོང་བ་མཚོན་ཐབས་མི་འདུག ད་ལྟ་མོ་རང་ཁོའི་དྲན་པའི་ནང་དུ་གསོན་མྱོང་བ་ཙམ་དུ་གྱུར། ཁོས་རང་གི་དྲན་པའི་རྩིག་ལྡེབས་ངོས་ལ་ཡང་ཡང་བལྟས། བདེ་ལྡན་དབང་མོ་དང་འབྲེལ་བའི་དྲན་པ་དག་ཀྱང་མར་ལྷུང་གིན་འདུག
བདེ་ལྡན་དབང་མོ། རྒྱུས་ཡོད་འདྲ་ལ་རྒྱུས་མེད་འདྲ། དྲན་པའི་ནང་དུ་མི་ཞིག་གི་ཤ་ཚུགས་ཙམ་ལས་མི་ཡོང་བར་གྱུར། དེའང་མག་མོག་ཏུ་གྱུར་ཏེ་ཁོའི་དྲན་པ་སྟོང་བར་ལུས།
4
ཉི་འོད་ནི་ནུབ་ཀྱི་འཇིག་རྟེན་དེར་ཕྱིན་ཚར་ཅིང་། མཚན་སྨག་གི་གྲོང་ཁྱེར་དུ་གློག་འོད་དཀར་སེར་དམར་ལྗང་ལམ་ལམ་འཚེར། འོད་ངོགས་སུ་མི་རྣམས་སྔར་བཞིན་འཚོ་བར་བྲེལ་ཅིང་། རླངས་འཁོར་གྱི་དུང་བརྡ་དང་མི་ཚོགས་ཀྱི་འདུ་འཛི་ལྷག་ཏུ་རྒོད། ཁོ་ཚོར་སང་ཉིན་ཉི་མ་སྔར་བཞིན་འཆར་སྲིད་དམ་མི་སྲིད་སྙམ་པའི་དོགས་ཚོར་ཅི་ཡང་མི་འདུག་ལ། འཇིག་རྟེན་ནི་ཉི་མ་མ་ནུབ་པའི་ཡར་སྔོན་གྱི་འཇིག་རྟེན་དེར་ཕྱིར་འཕོས་པ་དང་འདྲ། །