▲ ཆབ་མདོ། འོད་འཛིན་མ།
དྲན་པ་དགུ་བརྩེགས་ཀྱི་རྒྱབ་ཕྱོགས་ཤིག་ན། །
གཉོམ་ཆུང་གཤིས་ཀ་ལ་འཛུམ་ཆུང་དོད་པའི། །
དྲིན་ཆེན་ཨ་མ་ཞེས་ལྷ་མོ་བཞུགས་སྟབས། །
ཚོར་མགུར་མེ་ཏོག་གི་འདབ་མ་གྲོལ་སོང་། །
རི་བོ་རི་ཕྲན་གྱི་ཕག་ཏུ་གནས་ཤིང་། །
ཆུ་བོ་ཆུ་ཕྲན་གྱིས་ཆོད་པའི་ཡུལ་ན། །
བླ་གོས་ཆུ་ཟིལ་གྱིས་བརླན་པའི་ལྷ་མོ། །
འཁོར་བའི་ཐབ་ཚང་ནས་བྲེལ་བཞིན་ཨེ་ཡོད། །
མཁའ་མཐའི་སྤྲིན་པ་དག་དེ་རུ་ཕྱོགས་ཚེ། །
དྲན་པའི་མིག་ཟུང་ལས་ཆུ་ཐིགས་འཛག་བཞིན། །
གདོང་ལ་དྲན་གདུང་གི་ན་བུན་འཁྲིགས་ཏེ། །
ཨ་མའི་སྐྲ་ཉག་དག་སེམས་སུ་ལྷུང་བྱུང་། །
སྦྲ་ནག་རྩིད་སྐུད་ཀྱི་གནས་མལ་སྲུང་བཞིན། །
ལྷས་རའི་ནོར་ཁྱུ་དང་ལྷན་དུ་འགྲོགས་ཏེ། །
དབྱར་གཞུང་མེ་ཏོག་གི་དྲི་ཞིམ་ཚོར་བའི། །
ཨ་མ་དབྱར་ས་རུ་བཞུགས་སྟངས་དྲན་བྱུང་། །
འཁོར་བའི་བྱ་གཞག་ལ་ཞེན་པ་བརྣག་ཞོར། །
བཟའ་ཚོའི་སྐྱིད་སྡུག་ལ་སེམས་ཚེགས་གནང་ཞོར། །
ད་དུང་ང་རང་ཞེས་སྙིང་བཞིན་གཅེས་ཏེ། །
ཟོལ་མེད་སེམས་ཁྲལ་གྱི་ངལ་བ་སོགས་ཡོད། །
བཀའ་དྲིན་གཞལ་མེད་ཀྱི་དྲིན་ཆེན་མ་ལོ། །
དཔྲལ་བའི་གཉེར་མ་ལ་བསུབ་རྒྱུ་མེད་ཀྱང་། །
བསླུ་མེད་མཆོག་གསུམ་ལ་དད་འདུན་ཆེ་བས། །
བདག་སེམས་སྙི་མོ་འདི་ཨེན་ཙམ་བདེ་འདུག །
ཤག་ཆུང་གྲུ་བཞི་ཡི་སྒེའུ་འགྲམ་ཞིག་ནས། །
བསིལ་རླུང་ཡན་མོ་ཞིག་དལ་གྱིས་ལྡང་ཞིང་། །
སྤྲིན་པ་ཐར་ཐོར་གྱིས་འདུ་འགོད་བགྱིས་པས། །
སྣང་བའི་གླུ་ཆུང་འདི་ཁྱེད་ལ་བསྐུར་ཡོད། །
ཉི་འོད་ས་ཆེན་གྱི་པང་ནས་བཞུད་ཅིང་། །
བྱ་ཚོགས་གནས་མལ་དུ་གཤོག་རྡང་སྒྲིག་དུས། །
འབྲོག་མོ་སྐྲ་ཆུང་ལ་གཡུ་ཆུང་ལྡན་མ། །
སེམས་ཀྱི་ས་མཐའ་རུ་ཡང་ཡང་འཁོར་བྱུང་། །
ཞི་འཇགས་དབེན་གནས་སུ་ལྷིང་འཇགས་གནས་ཏེ། །
སྣང་བ་ཁེར་རྐྱང་གིས་སྨྱུ་གུ་བཟུང་ཞིང་། །
ཀུན་རྟོག་དཀར་དམར་གྱི་ལུག་ཁྱུ་བདའ་ཞོར། །
བྱམས་ལྡན་མ་ལོ་ཁྱེད་དབྱངས་སུ་གྱེར་ཡོད། །
ཚོར་བ་ཚོར་སྣང་གི་རྟོག་སྒྲུང་སྙན་མོ། །
རྒྱང་རིང་རྒྱང་རིང་གི་ཡུལ་ན་བཞུགས་པའི། །
ཐ་སྙད་ཚིག་སྐམ་གྱིས་མཚོན་ཐབས་བྲལ་ཡང་། །
འཁོར་བའི་ལྷ་མོ་ཁྱེད་ཡང་གཅིག་བྲིས་ཡོད། །