བར་སྐོར་གྱི་མཚན་མོ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ལན་ཀྲོའུ། ཉྭ་སྲིན་པོ།

 

ངོ་གདོང་མང་པོ་སྐར་ཕྲན་མང་པོར་གྱུར།

སྐར་ཕྲན་མང་པོ་འགུལ་བཞིན་པའི་ལྗོན་པ་རེ་རེར་གྱུར།

ཡལ་ག་དང་ཡལ་ག་སོ་སོར་འདྲེས་པ་མ་ཡིན་ཏེ།

རྣམ་ཤེས་ཀྱི་རྩ་ལག་ཕན་ཚུན་གཅིག་ཏུ་འཁྱུད་འདུག

ཆེས་སྙིང་དུ་སྡུག་པ་ནི་མི་ཚོགས་མ་ཡིན་པར།

སོ་སོའི་གཏིང་རིང་བའི་ནང་སེམས་ཁུར་བའི་གྲིབ་མ་དག་རེད།

དེ་དག་ལ་ཁ་དོག་དཀར་པོ་དང་སེར་པོ་གཉིས་སུ་སྣང་།

དཔེར་ན། ངང་ངུར་དང་སྤྲིན་པ། མར་གསར་དང་ཞོ་དཀར་ལྟ་བུའོ། །

སེམས་པ་ལྷོད་ལ་བབས་ནས་ལྟ་དུས།

ངའི་མདུན་དུ་འགྲོ་མཁན་དེ་ནི་ང་རང་སྟེ།

གཞུག་ཏུ་འོང་གིན་པ་དེའང་ང་རང་ངོ་། །

ཡང་ན་ང་ནི་རང་གི་མདུན་དུ་འགྲོ་མཁན་གང་རུང་ངམ།

གཞུག་ཏུ་བཏུད་འོང་གིན་པ་དེ་དག་གོ །

གཡས་གཡོན་གྱི་ལྷ་ཁང་དང་ཆང་ཁང་། ཇ་ཁང་དང་ཚོང་ཁང་དག་ཀྱང་།

བར་སྐོར་གྱི་མི་ཚོགས་ནང་བཞིན་ལྗིད་ཏིག་གེར་འགྲེང་འདུག

དེ་རུ། ངས་ཀྱང་རང་གི་ལྗིད་ཚད་ཚོར་བྱུང་།

རི་རབ་བཞིན། ཡང་ན་མཚོ་མོ་བཞིན། ཡང་ན་རང་གི་ནང་སེམས་བཞིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།