སྙན་ངག་གི་རབ་བྱེད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཀན་ལྷོ། མ་རུའི་ཚེ་དཔག་སྐྱབས།

 

སྙན་ངག་འབྲི་བ་ནི།

དཔེ་ཀློག་གི་ཉིང་བཅུད་གཞིབ་པའི་རོ་ཡིན།

ཤེས་རབ་ཀྱི་བྲག་རི་བརྩིགས་པའི་གྱང་ཡིན།

འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་བྱ་མཐའ་དག

ཁྱེད་ཀྱི་རུམ་ཁ་ན་ཡོད་པས་སྙན་ངག་ཀློགས་ཤིག

མེས་པོའི་དབུ་རྒྱན་གྱི་ཐོར་ཅོག་སྙན་ངག་ཡིན།

སྙན་ངག་ནི་སྤྲུལ་བའི་གཟུགས་ཡིན།

ཐོས་འཛིན་སྒུལ་བྱེད་ཀྱི་སྒྲ་ཡིན།

ཙན་དན་བསུང་ཞིམ་བསྒོས་པའི་དྲི་ཡིན།

མངར་སྐྱུར་ལྗགས་ཀྱིས་ཟིན་པའི་རོ་ཡིན།

རྟོག་པའི་གཤོག་རླབས་རྩེན་པའི་རེག་བྱའང་ཡིན།

ཆོས་ནོར་ཐར་འདོད་ཀྱི་ཟ་མ་ཏོག་དེ་སྙན་ངག་ཡིན།

བློ་ལྡོག་རྣམ་བཞིའི་ཕུང་ཁམས་ཀྱི་སྐྱེད་འབྲས་སྙན་ངག་ཡིན།

སྲིད་གསུམ་འཇིག་རྟེན་གྱི་མེ་ལོང་སྙན་ངག་ཡིན།

སྙན་ངག་གིས་མ་འོངས་པ་ཚོད་བགམ་གྱིས་བྲི་ལ།

ད་ལྟ་བ་དང་འདས་པ་སྐྱེ་འགག་གིས་འབྲི།

དུས་གསུམ་གྱི་ལོ་ཟླ་སྙན་ངག་གིས་བལ་བཞིན་གསེད།

ཞེ་ལ་བརྣག་པའི་དུས་ཚོད་དང་ལང་ཚོ་སྣམ་བུ་ལྟར་འཐག

མི་ཚེའི་དགའ་སྐྱོའི་ཉི་ནུབ་སྙན་ངག་གི་རི་ན་ཡོད།

འཚོ་བའི་རང་བཞིན་གྱི་སྟ་གོན་སྙན་ངག་གི་ཨཱ་དར་ཤར་གསལ།

དེ་བས་སྙན་ངག་ཕྲིས་ཤིག

ཚོགས་དྲུག་སྣང་བ་རང་སར་ཞི་བའི་སྙན་ངག་ཕྲིས་ཤིག

འདོད་ཡོན་ཆང་གི་ལྦུ་རླབས་འཕྱོ་བའི་སྙན་ངག་ཕྲིས་ཤིག

སྤྲོས་བཅས་དང་སྤྲོས་མེད་ཀྱི་རལ་བའི་ཀློང་ནས་སྙན་ངག་ཕྲིས་ཤིག

སྙན་ངག་འདི། རྟོགས་ལྡན་དགྱེས་ཞལ་མཆོད་པའི་གླུ་དང་།

སྙན་ངག་འདི། དབྱངས་ཅན་རྒྱུད་སྐུད་བྱེ་བའི་གདངས་ཡིན།

མདོར་ན། སྙན་ངག་བྲི་ཐུབ་ན།

ཕ་ཡུལ་ནི་སྙན་ངག་ཡིན་ལ།

སྙན་ངག་ཀྱང་ཕ་ཡུལ་ཡིན།

ཕ་ཡུལ་དང་སྙན་ངག་ཐ་དད་དུ་གནས་པ་མིན།

མཛེས་སྡུག་གི་ལྷས་རར་ཐ་སྙད་ཀྱི་ནོར་ལུག་འདྲིལ་ཆོག

ལྕི་བ་དང་ཐ་སྙད་མཉམ་དུ་སྤུངས་ཆོག

ལྷས་ར་དང་ཤོག་བུ་གཅིག་ཏུ་སྣང་ཆོག

ཐ་མི་དད་པ་གང་ཞིག་སྣང་ཤེས་ལ་འབྱམས་སུ་ཀླས་པས།

གཡང་དཀར་དགོ་དང་འདྲེས་པ་ལས།

སྙན་ངག་ནང་གི་གནའ་ཁྱུར་འདྲེས་སླ།

དེ་བས། འཇིག་རྟེན་ཡོད་ཚད་སྙན་ངག་ཡིན།

སྒྱུ་རྩལ་གྱི་འབྲི་བཞེངས་རང་ལ་རག་ལས་ཕྱིར།

ཀ་རག་གི་ཚོན་རྩི་བཀྱེ་སྟངས་ཀྱང་རང་གི་བློ་མོས་ཀྱི་ཁམས་དང་བསྟུན་ཡོད།

གྲིམ་ལ་ལྷོད་ཆགས་པ་སྙན་ངག་གི་རང་བཞིན་ཨེ་ཡིན།

འཆར་ཡན་ལྕུག་ཕྲན་གྱི་འདབ་མ་བྱེར་བ་སྙན་ངག་གི་ཁྱད་ཆོས་ཡིན་ནམ།

མི་རེ་རེའི་བསམ་བློའི་སྒྱུ་རྩལ་གྱི་རྟོག་འགྱུ་དེ་ན།

སྙན་ངག་གི་ཕུང་ཁམས་རེ་རེ་མཆིས།

དེའི་ཕྱིར། སྙན་ངག་འཆར་ཡན་ངང་བྲི་བར་འཚལ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།