སྐྱེ་བོ་གང་མང་ཞིག་ནི་བརྙན་འཕྲིན་ལ་ལྟ་བའི་འཚོ་བར་ལོབས་ཡོད་དེ། བརྙན་འཕྲིན་གྱི་ཁ་ཕྱེ་ཚེ། ཁྲ་ཁྲ་རིག་རིག་གི་འཇིག་རྟེན་གྱིས་མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་ཕྲོགས་ཏེ། འགྲོ་བ་མིའི་བསམ་གཞིག་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། 1925ལོར་དབྱིན་ཇིའི་གསར་གཏོད་མཁན་པོ་པེ་ཨར་ཏིས་ཐོག་དང་པོར་རང་ཉིད་ཀྱི་བརྙན་འཕྲིན་མ་ལག་བཏོན་པའི་སྐབས་སུ། དུས་དེང་སང་འགྲོ་བ་མིའི་འཚོ་བ་ལ་བརྙན་འཕྲིན་གྱིས་འདི་འདྲའི་ཤུགས་རྐྱེན་ཆེན་པོ་ཐེབས་སུ་འཇུག་ཐུབ་པ་དེ་ནི་བློ་ཡུལ་དུ་འཆར་དཀའ་བ་ཞིག་ཡིན་ནའང་ཐང་ངོ་། །
བརྙན་འཕྲིན་བུད་པ་དེ་ནི། དུས་རབས20པའི་ནང་འགྲོ་བ་མིའི་ཆེས་རླབས་ཆེ་བའི་གསར་གཏོད་ནང་གི་གཅིག་ཡིན། 1925ལོར་དབྱིན་ཇིའི་སུའུ་ཀི་ལན་གྱི་གསར་གཏོད་པ་ཡུའེ་ཧན·པེ་ཨར་ཏིས་རང་ཉིད་ཀྱིས་སྒྲིག་སྦྱོར་བྱས་པའི་བརྙན་འཕྲིན་སྒྲིག་ཆས་ལས་ཐེངས་དང་པོར་འགུལ་བའི་བརྙན་རིས་སྡུད་ལེན་འཕྲུལ་ཆས་རྒྱང་རིང་དུ་བཞག་ཡོད་སའི་ཡུལ་དངོས་ལ་བསྐྱལ་བ་རེད། དུས་སྐབས་དེར་ཁོང་གི་ལས་ཀ་དེས་ཚན་རིག་ལོ་རྒྱུས་སྟེང་གི་ལག་རྩལ་གསར་པ་གསར་རྐྱང་ཞིག་གསར་གཏོད་བྱས་ཏེ། དེང་རབས་ཀྱི་འགྲོ་བ་མིའི་འཚོ་བ་ལ་ཤུགས་རྐྱེན་ཆེན་པོ་འདི་འདྲ་ཞིག་བསྐྱེད་ཅིང་སྐྱེད་ཀྱིན་ཡོད་པ་ཁོང་གི་ཡིད་ལའང་ཤར་མེད་ན་ཐང་།
ཡུའེ་ཧན·པེ་ཨར་ཏི(1888—1946)དབྱིན་ཇིའི་གསར་གཏོད་པ་ཡིན། འཕྲུལ་འཁོར་གྱི་བརྙན་འཕྲིན་མ་ལག་ཕུད། 1929ལོར་ཁོང་ཉིད་ཀྱིས་ད་རུང་སྒྲ་ལྡན་བརྙན་འཕྲིན་གསར་གཏོད་བྱས་པ་དང་། 1941ལོའི་ཟླ12པའི་ནང་དུ་ཚོན་ལྡན་བརྙན་འཕྲིན་མ་ལག་གསར་གཏོད་བྱས།
བརྙན་འཕྲིན་དང་འབྲེལ་བའི་ཞིབ་འཇུག་ནི་དུས་རབས19པའི་དུས་མཇུག་ནས་མགོ་ཚུགས། 1900ལོར་བརྙན་འཕྲིན(Tele viesion)ཞེས་པའི་ཐ་སྙད་འདི་ཐོག་མར་བྱུང་། བརྙན་འཕྲིན་གསར་གཏོད་ལ་ཆ་མཚོན་ན། དང་ཐོག་གི་སྟོང་བསམ་པ་ལ་ལས་བསམ་ཚོད་འདྲ་མི་འདྲ་གང་མང་ཞིག་བཏོན་པ་སྟེ། ཁོ་ཚོ་འགའ་ཞིག་གིས་གློག་གི་བྱེད་སྟངས་སྤྱད་དེ་བརྙན་རིས་སྐྱེལ་བར་བསམ་གཞིག་བཏང་བ་དང་། ཁ་ཅིག་གིས་སྡེར་མ་གོར་མོས་བཤེར་འབེབས་བྱེད་པའི་ཐབས་ཀྱིས་བརྙན་འཕྲིན་བཤེར་འབེབས་ཀྱི་ཚད་ལྡན་གྱི་ཐབས་ཤེས་བཏོན།
དབུལ་ཕོངས་ཉམས་ཞན་གྱི་ཁྱིམ་ནས་སྐྱེས་པའི་པེ་ཨར་ཏི་ནི་སྟོང་བསམ་རྒྱག་པར་དགའ་ཞིང་སྤྲོ་སེམས་ཀྱིས་ཁེངས་པའི་གཞོན་ནུ་ཞིག་ཡིན་པ་དང་། ཁོང་ཉིད་ནི་མ་དངུལ་གྱིས་དབུལ་བ་ཞིག་ཡིན་ནའང་། སྔར་མུས་བཞིན་བརྙན་འཕྲིན་གསར་གཏོད་བྱེད་པའི་སྟེང་དུ་མགོ་འཁོར་ནས་འདུག ཁོང་གིས་རང་གི་ལག་པ་འགུལ་ནས་མཉམ་སྒྲིག་འོད་ཟེར་གྱིས་དངོས་གཟུགས་བཤེར་འབེབས་བྱེད་ཐུབ་པའི་བརྙན་ལེན་འཕྲུལ་འཁོར་ཞིག་བཟོས་པ་དང་། འོད་གློག་སྦུ་གུ་ཞིག་གིས་འདྲ་བཤེར་འབེབས་བྱས་ཟིན་པའི་དངོས་གཟུགས་ཀྱི་མུན་ནག་ཡིན་སའི་ཆ་ཤས་དེ་གློག་ཡིན་པར་བསྒྱུར་ཐོག བརྒྱུད་རིམ་དེ་ཕྱི་ལྡོག་རྒྱག་ཐུབ་པའི་སྡུད་ལེན་འཕྲུལ་འཁོར་ཞིག་བཟོས་པ་ལས་གཞན། གདོད་མའི་འཕྲུལ་འཁོར་གྱི་སྒྲིག་ཆས་ཤིག་ཇུས་འགོད་བྱས་པ་སྟེ། ཟུར་འཇོག་བྱེད་པ་དང་སྟེང་དུ་བུ་ག་འགའ་ཤས་བཏོད་ཡོད་པའི་སྡེར་མ་ཞིག་སྤྱད་དེ་དངོས་གཟུགས་བཤེར་འབེབས་བྱས་པ་དང་། འོད་དེ་བཤེར་འབེབས་འོད་ཐིག་ཏུ་བསྒྱུར་བ་དང་ཆབས་ཅིག་ཏུ། བཤེར་འབེབས་འོད་ཐིག་དེ་འོད་འཕྲོ་བར་བྱེད་ཆོག་པའི་མ་གཞིའི་དངོས་གཟུགས་ཀྱི་བརྙན་རིས་སུ་བསྒྱུར་བ་རེད།
མི་རྣམས་ཀྱིས་སྤྱིར་བཏང་དུ1925ལོའི་ཟླ10པའི་ཚེས2ཉིན་པེ་ཨར་ཏིས(འདྲ་པར་སྟེང་ལངས་ནས་འདུག་མཁན་དེ་ཡིན)ཤིང་བཟོས་འདྲ་གཟུགས་ཀྱི་མགོ་བོ“བཤེར་འབེབས”བྱས་པ་དེ་བརྙན་འཕྲིན་དངོས་སུ་བུད་པའི་མཚོན་རྟགས་སུ་ཁས་ལེན་པ་ཡིན་ཞིང་། རྒྱུ་མཚན་དེའི་དབང་གིས་པེ་ཨར་ཏི་ལ“བརྙན་འཕྲིན་གྱི་ཡབ”ཅེས་པའི་མཚན་སྙན་གསོལ་ཡོད།
1925ལོའི་ཟླ10པའི་ཚེས2ཉིན། དབྱིན་ཇིའི་ལོན་ཏོན་གྱི་ཐོག་ཁང་ཞིག་གི་ཀླད་ཐོག་གི་གནས་སྐབས་ཀྱི་དངོས་བརྟག་ཁང་ཞིག་གི་ནང་དུ། པེ་ཨར་ཏིས་བརྙན་ལེན་འཕྲུལ་འཁོར་སྤྱད་ནས་ཤིང་བཟོས་འདྲ་གཟུགས་ཀྱི་མགོ་བོ་བཤེར་འབེབས་བྱས། ཁོང་གིས་དགའ་སྤྲོའི་ངང་མཐོང་བ་ཞིག་ནི་ཤིང་བཟོས་འདྲ་གཟུགས་དེའི་མགོ་བོ་དེ་ཁོང་ཉིད་ཀྱིས་ཁང་བ་གཞན་པ་ཞིག་གི་ནང་དུ་བཞག་ཡོད་པའི་བརྙན་ཡོལ་སྟེང་དུ་འོད་ཁྱུག་ཁྱུག་ངང་གཡོ་འགུལ་དང་བཅས་ཏེ་ཤར་ཡོད་པ་མཐོང་། དེ་ནས་ཁོང་ཉིད་བྱ་འཕུར་བ་ནང་བཞིན་དངོས་བརྟག་ཁང་གི་ཕྱི་རུ་བརྒྱུགས་ཏེ། ཕོ་གསར་ཞིག་གནས་སྐབས་ཙམ་ལ་གླས་ནས་ཁོང་གི་བརྙན་ལེན་འཕྲུལ་འཁོར་སྔུན་དུ་སྡོད་དུ་བཅུག་སྟེ་ཁོང་གི་ཚོད་ལྟ་དེ་བསྐྱར་ཟློས་བྱས། མིང་ལ་ཝེ་ལེན·ཐའེ་དབྱིན་ཏུན་ཟེར་བའི་ཕོ་གསར་དེ་རྒྱུ་རྐྱེན་དེའི་དབང་གིས་བསོད་བདེ་ཆེན་པོའི་ངང་ལོ་རྒྱུས་སྟེང་བརྙན་འཕྲིན་ནང་དུ་ཤར་བའི་མི་ཨང་དང་པོར་གྱུར།
པེ་ཨར་ཏིས་ཕྱི་ཕྱོགས་ལ་རང་ཉིད་ཀྱིས་གསར་གཏོད་བྱས་པའི་བརྙན་འཕྲིན་མ་ལག་མ་གསང་བར་བསྟན་པ་དང་། དེའི་རྗེས་སུ་ད་རུང་མ་ལག་དེ་ཆག་མེད་དུ་ལེགས་སྒྱུར་བྱས་པ་རེད། ཡིན་ཡང་དང་ཐོག་གསར་གཏོད་བྱས་པའི་བརྙན་འཕྲིན་ལ་གློག་རྡུལ་ཅན་དང་འཕྲུལ་ཆས་ཅན་རིགས་གཉིས་ཡོད། དེའི་ནང་ནས་པེ་ཨར་ཏི་ནི་འཕྲུལ་འཁོར་གྱིས་བརྗེ་བའི་སྒྲིག་ཆས་ལ་བརྟེན་ནས་བརྙན་རིས་སྐྱེལ་བ་དང་སྡུད་ལེན་བྱེད་པའི་རིགས་དེ་ཡིན། དེ་དང་དུས་མཚུངས་སུ་གསར་གཏོད་པ་མི་ཉུང་བ་ཞིག་གིས་ཀྱང་གློག་རྡུལ་གྱི་བརྙན་འཕྲིན་མ་ལག་འཚོལ་ཞིབ་བྱེད་མགོ་བརྩམས་ཡོད། 1923ལོར། ཨ་རིའི་གསར་གཏོད་མཁན་པོ་སི་ཧྥུ་ལུའོ་ཅིན་གྱིས་བརྙན་འཕྲིན་གཏོང་སྦུག་ཨང་དང་པོ—འོད་གློག་བརྙན་ལེན་སྦུག་བཟོ་སྐྲུན་བྱས། ལོ་གཅིག་གི་རྗེས་སུ། ཁོང་གིས་ཡང་གློག་རྡུལ་གྱི་བརྙན་འཆར་ཤེལ་སྦུག་གསར་གཏོད་བྱས་ཤིང་། དེ་ནི་དེང་རབས་བརྙན་འཕྲིན་སྡུད་ལེན་ཤེལ་སྦུག་གི་མ་དཔེ་ཡིན། 1936ལོར། དབྱིན་ཇིའི་རྒྱང་སྒྲོག་སྤྱི་གཉེར་ཁང་གིས་འཛམ་གླིང་ཡོངས་སུ་སྔ་ཤོས་ཡིན་པའི་གསལ་ཚད་མཐོ་བའི་སྤྱི་པའི་བརྙན་འཕྲིན་ལེ་ཚན་གཏོང་མགོ་ཚུགས། 1939ལོའི་ཟླ4པའི་ཚེས30ཉིན། ཨ་རི་པས་ཐེངས་དང་པོར་བརྙན་འཕྲིན་ལེ་ཚན་ནང་ནས་སྲིད་འཛིན་ལུའོ་སི་ཧྥུ་ཡིས་བཤམས་སྟོན་འདུ་ཚོགས་ཚོགས་མགོ་ཚུགས་པའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བའི་གནས་ཚུལ་བཏང་། བསྟུད་མར་ཉིན་འགའི་རིང་ལ་ལྟ་མཁན་ཁྲི་སྟོང་མང་པོ་མན་ཧ་ཏུན་ཟོང་མང་ཚོང་ཁང་དུ་འཚང་ཁ་བརྒྱབ་ནས། ཨ་རིའི་སྐུད་མེད་གློག་སྤྱི་གཉེར་ཁང་གིས་དབྱིན་ཚུན9×12ཅན་གྱི་བརྙན་ཡོལ་གྱི་སྔུན་དུ་རུབ་ནས་བརྙན་འཕྲིན་ལེ་ཚན་ལ་བལྟས།
དུས་དེ་ནས་བཟུང་བརྙན་འཕྲིན་འགྲོ་བ་མིའི་འཚོ་བའི་ནང་དུ་ཕྱིན་ནས་སྤྱིར་བཏང་གི་འཚོ་བ་ལ་དགའ་སྤྲོ་ཚད་མེད་བསྣན། དུས་ད་ལྟ་དྲ་བའི་དུས་རབས་སུ་ཕྱིན་ཏེ་ཚོན་མེད་བརྙན་འཕྲིན་ནི་ཕལ་ཆེར་གསེས་འདོར་བཏང་བ་དང་། ཚོན་ལྡན་བརྙན་འཕྲིན་ཡང་རྒྱུན་ཆད་མེད་པར་རིམ་འཕར་རབས་བརྗེ་བྱུང་སྟེ། བརྙན་ཡོལ་ཆུང་བ་ནས་ཆེ་བར་གྱུར་ཅིང་། ཆེ་ཆུང་ཚུན14ཅན་དང20ཅན། 25ཅན་བཅས་ནས་ཚུན29ཅན་དང34ཅན། 43ཅན། 51ཅན་གྱི་བརྙན་འཕྲིན་ཆེན་པོར་འཕེལ་བར་མ་ཟད། དེ་ནས་ཨང་ཀི་ཅན་དང་དེ་མིན་གཤེར་ཤེལ་དང་རྡུལ་སྙོམས། གསལ་ཚད་མཐོ་བའི་བརྙན་འཕྲིན་དང་ངོས་མཉམ་བརྙན་འཕྲིན་ལ་སོགས་པར་ཡར་རྒྱས་གོང་འཕེལ་བྱུང་ཡོད། དེང་འདིར་མི་རྣམས་ཀྱིས་ལེ་ཚན་དམིགས་གཏོང་གི་བྱེད་སྟངས་སྤྱད་ནས་ཨང་ཀི་ཅན་གྱི་བརྙན་འཕྲིན་ལ་བལྟས་ཆོག་པ་ལས་གཞན། ད་རུང་གློག་ཀླད་སྟེང་ནས་དྲྭ་ཐོག་གི་བརྙན་འཕྲིན་ལ་ལྟ་ཐུབ་པར་གྱུར་པས། མི་རྣམས་ལ་འཇིག་རྟེན་ཁམས་ལ་ལྟ་བའི་སྒེའུ་ཁུང་གསར་པ་ཞིག་ཕྱེ་བ་རེད། །