གཅིག
ལོ་མང་པོ་ཞིག་གི་རྗེས་ནས། ཨོ་རྒྱན་སླར་ཡང་སྟོད་ཉི་མ་ལྷ་སར་མཇལ་སྐོར་དུ་སོང་སྟེ། མི་ཤི་ཁྱིམ་སྟོང་དུ་གྱུར་པའི་རང་གི་གནས་ཚུལ་དྲན་ན། ད་དུང་ཡང་སྔ་དྲོ་དེར་ལྷུན་འགྲུབ་ལ་གྲི་ཡིས་བསྣུན་པར་འགྱོད་པ་སྐྱེ་ངེས།
སློབ་འབྲིང་གི་དུས་ཀྱི་ཨོ་རྒྱན་ནི་སློབ་གྲོགས་ཚང་མར་རོགས་རམ་བྱེད་མཁན་ཞིག་ཡིན་ཡང་། སློབ་སྦྱོང་ལ་སྤྲོ་བ་སྤུ་ཙམ་ཡང་མེད། སློབ་གྲྭའི་ནང་གི་ཡོད་ཚད་ནི་ཁོ་ལ་མཚོན་ན་འབྲེལ་མེད་ཅིག་ཏུ་སྣང་བས། རྒྱུགས་འབྲས་ནི་ཁོས་སེམས་ཁུར་བྱེད་དགོས་པ་ཞིག་གཏན་ནས་མིན་ལ། ཁོའི་སེམས་སུ་རེ་སྒུག་བྱེད་ས་གཅིག་ཡོད་པ་ནི་ཁྱིམ་མཚེས་འཛིན་གྲྭའི་སྒྲོལ་མས་སྒེའུ་ཁུང་ནང་ནས་ཁོ་ལ་འཕྲིན་ཡིག་ཅིག་སྟེར་མིན་དེ་ཡིན། ཡིན་ནའང་། ལོ་ཞིག་གི་སོས་ཀར་ཨོ་རྒྱན་ལ་འགྱུར་བ་ཆེན་པོ་བྱུང་ཞིང་། ཨོ་རྒྱན་གྱིས་སློབ་སྦྱོང་ལ་བརྩོན་པ་ཧུར་བསྐྱེད་བྱས་པས། ཡུན་རིང་མ་འགོར་བར་ཡར་ཐོན་ཆེན་པོ་བྱུང་བ་དང་། སྒྲོལ་མ་དང་ཁོ་གཉིས་ཀྱི་འབྲེལ་བའང་ཇེ་ཟབ་ནས་ཇེ་ཟབ་ཏུ་ཕྱིན། མཐོ་རྒྱུགས་ལས་ཀྱང་འབུར་དུ་ཐོན་པའི་འབྲས་བུ་བླངས་ནས་བོད་ལྗོངས་སློབ་ཆེན་ལ་རྒྱུགས་འཕྲོད་པ་ན། སྡེ་བའི་མི་ཚང་མས་དེ་ཉིད་གཟི་བརྗིད་དུ་རྩི་བཞིན་ཡོད་ལ། བཀྲ་བྷས་ཀྱང་ཇ་ཁང་ནང་ནས་དར་ལག་སྡེ་བའི་ཚོང་དཔོན་ཚེ་བརྟན་ལ་ལབ་རྒྱག་བྱེད་ཅིག་ཏུ་གྱུར་ཡོད་པ་དང་། ཨ་ནེ་ལྕགས་མཚོས་ཀྱང་སྐོར་ལམ་ནས་འཕྲད་པའི་བུད་མེད་ཚོར“ཨ་རོག་ཚོ། གོ་ཐོས་ལྟར་ན། རྡོ་རྗེ་ཚང་གི་ཨོ་རྒྱན་གྱིས་ལྷ་སའི་སློབ་གྲྭ་ཙ་ཡ་ཞིག་ལ་རྒྱུགས་འཕྲོད་སོང་ཟེར་གྱིན་འདུག······སྐྱིད་ལ་ན་སྐྱིད་ལ······”ཞེས་འུར་ཞིང་། སྡེ་བ་སྟོད་སྨད་ཀུན་དུ་རྡོ་རྗེ་ཚང་ལ་ཡོན་ཏན་པ་ཞིག་བྱུང་སོང་ཞེས་མ་གོ་བ་ཞིག་ཕལ་ཆེར་མི་རྙེད་པའི་ཚོད་རེད།
སློབ་ཆེན་ལ་འཕྲོད་པའི་དབྱར་གནང་དེར། སྒྲོལ་མ་དང་ཨོ་རྒྱན་གཉིས་ཀྱིས་གཡུ་རྩེ་ལ་འགྲོ་རྒྱུར་གྲོས་ཁ་བྱས་ཤིང་། གྲོགས་པོ་འགའ་བོས་པར་ལྷུན་འགྲུབ་ཀྱང་འགྲོ་འདོད་པར་བཤད། སྤྱིར་ཨོ་རྒྱན་ནི་ལྷུན་འགྲུབ་ལ་རྩ་བ་ཉིད་ནས་མི་དགའ་ནའང་ཁོའི་ཨ་ཕ་དང་ལྷུན་འགྲུབ་ཀྱི་ཨ་ཕ་གཉིས་ཤག་པོ་ཡིན་པས། ཨ་ཕའི་བཀའ་བཀྱོན་ལ་སྐྲག་ནས་ལྷུན་འགྲུབ་ཀྱང་ཁོ་ཚོ་དང་མཉམ་དུ་ཁྲིད། ཁོ་ཚོས་ཉིན་གང་བོར་གཡུ་རྩེ་རུ་ལྗོངས་རྒྱུ་བྱས་པས་ཐང་ཆད་ཡོད་ལ། དགོང་ཁར་སླེབས་དུས། སྒྲོལ་མ་ཕྱིར་མགྲོན་ཁང་དུ་སོང་བ་དང་། གཞན་པ་ཚོ་གུར་ནང་དུ་བསྡད་ནས་ཡར་ལབ་མར་ལབ་བརྒྱབ། ཨོ་རྒྱན་གྱིས“རོགས་པ་ཚོ། སྟོན་ཁར་ང་རང་སྟོད་ཉི་མ་ལྷ་སར་སློབ་གྲྭར་འགྲོ་དགོས། ངའི་ཨ་མྱེས་ཀྱིས་མི་ཚེ་གཅིག་གི་རིང་ལ་དེར་འགྲོ་བའི་རེ་འདུན་བཅངས་ཀྱང་འགྲོ་མ་ཐུབ་པས། ད་ནི་ང་རང་སོང་སྟེ་ཇོ་མདུན་ནས་ངེས་པར་དུ་མཆོད་མེ་ཞིག་བསྒྲོན་དགོས། ཁྱེད་ཚོ་ལའང་ཞོར་དུ་སྐྱབས་འཇུག་ཞུས་ཡོང”ཞེས་ཟེར་བར། ལྷུན་འགྲུབ་ནི་དེ་ལ་སྤྲོ་བ་ཡེ་ནས་མེད་པས། ཁོང་དགོད་ཅིག་ལངས་བཞིན“ད་ལབ་མ་རྒྱག”ཅེས་བཤད་ཞོར་ཡར་ལངས་ནས་ཕྱི་ལ་བུད་སོང་། ཁོ་ཚོས་ཡར་བཤད་མར་བཤད་བྱས་ཏེ་ས་ཡང་རུབ་པས། གུར་ནང་དུ་འཛུལ་ནས་ཉལ་ཞིང་རིང་པོ་མ་ལོན་པར་གཉིད་དུ་ཡུར།
གཉིས།
ཕྱི་ཉིན་སྔ་མོར། ཉི་མ་ས་གཞིར་འཕྲོས་ནས་རིང་པོ་མ་འགོར་བའི་མཚམས་སུ། ཨོ་རྒྱན་གྱིས་ལྭ་བ་གཡང་ཤམ་བྱས་ཤིང་མིག་མཐའ་ཕུར་ཞོར་སྒོར་བུད་ནས་གུར་འདབས་སུ་ཕྱིན་ཏེ་གཅིན་པ་བཏང་། ཉི་འོད་ངོ་ལ་འཕྲོས་པས་སེམས་སུ་སྨྲ་མི་ཤེས་པའི་བདེ་ཚོར་ཞིག་སྐྱེས་ལ། ཁོའི་སེམས་སུ་ཅང་མི་འགོར་བར་ཉི་མ་ལྷ་སར་སོང་ནས་ཨ་མྱེས་ལགས་ཀྱི་རེ་འདུན་མངོན་འགྱུར་ཐུབ་པར་བསམས་ནས། རང་དབང་མེད་པར་གདོང་ལ་འཛུམ་ཞིག་རྒྱས། ཁོས་དོར་མའི་སོ་སྒྲོག་ཡར་ལ་འཐེན་ཞོར། ངག་ནས“ཉི་མ་ལྷ་སའི་ཕྱོགས་ནས······”ཞེས་གླུ་ལེན་ཞོར་གུར་ནང་དུ་སོང་བ་དང་། རོགས་པ་ཚོ་ད་རུང་ལངས་མེད་པས། ཁོས་དལ་བུར་ལྕགས་ཐབ་ནང་གི་ཨོང་ཐལ་བྲད་དེ་ལྕགས་གཞོང་ནང་བླུགས་པར་ཨོང་ཐལ་ཕྱོགས་བཞིར་མཆེད་དེ་ཁོའི་སྣ་བར་འཚང་བས། ཁ་ནས“ཨ་ཆོ། ཨ་ཆོ”ཞེས་ཤོར་བ་ན། སྔོན་ཆད་ཨ་མྱེས་ཀྱིས་ཁྱམས་ཁང་དུ་མེ་འབུད་པའི་ཚུགས་ཀ་དེ་དང་། ཁོས་ཨ་མྱེས་ཀྱི་ཨོང་ཐལ་གྱིས་གང་བའི་ངོ་གདོང་ལག་ཕྱིས་ཀྱིས་ཕྱིས་པ་དྲན་པས། སེམས་ཀྱི་འདུན་མ་སྔར་བས་ཇེ་བརྟན་དུ་གྱུར། ཁོས་ལྕགས་ཐབ་ནང་དུ་མེ་བུས་ཤིང་རྒྱབ་ཁུག་ནས་དཔེ་ཆ་སྣ་རིང་ཞིག་ཕྱིར་བླངས་པ་དང་། བཏོན་ཚར་རྗེས་ཇ་ནེའི་ནང་མར་སེན་ཏོག་འདྲ་བ་ཞིག་འཕངས་ཤིང་དེའི་ཐོག་ལ་རྩམ་པ་བླུགས་ནས་བརྫིས། ཞོགས་པར་རྩམ་པ་ཟ་བ་ནི་སློབ་མ་ཞིག་ལ་མཚོན་ན་མཐོང་དཀོན་པ་ཞིག་ཡིན་ཡང་། ཨ་མྱེས་ཀྱི་གོམས་གཤིས་ཀྱི་དབང་གིས་ཨོ་རྒྱན་ལའང་དེ་ལྟར་ལོབས་ཡོད།
སྐྱིད་སྡུག་དབྱར་དགུན་གྱི་འགྱུར་ལྡོག་འདྲ་བས། དོན་དག་ངན་པ་དེ་འདྲ་ཞིག་འབྱུང་ལ་ཉེ་བ་སུས་ཀྱང་ཤེས་མི་སྲིད། གྲོགས་པོ་ཚོ་གཅིག་འཕྲོར་གཅིག་བྱས་ཏེ་ཡར་ལངས་ནས་རེ་ཞིག་འགོར་བ་ན། སྒྲོལ་མས་བཏང་བའི་ཁ་པར་ཞིག་འབྱོར་བ་དང་། དེ་མ་ཉིད་དུ་ཨོ་རྒྱན་གྱིས་བྲེལ་མ་འཚུབ་ཀྱིས་གྲི་ཆུང་ཞིག་རུམ་ལ་བསྡུས་ཤིང་བཀྲ་ཤིས་ཀྱི་འཕྲུལ་རྟར་ཞོན་ནས་རྫོང་མཁར་གྱི་ཕྱོགས་སུ་བརྒྱུགས་སོང་། ཨོ་རྒྱན་མགྲོན་ཁང་ཞིག་གི་སྒོ་ཁར་བསྡད་པ་དང་རུམ་ནས་གྲི་ཆུང་ཕྱུང་ཞོར་ནང་དུ་འཛུལ་ནས་འགྲོ་བའི་ཚུལ་ལ་བལྟས་ན། ཕ་རོལ་དགྲ་བོ་གང་ཞིག་རྨེག་མེད་དུ་གཞོམ་པར་འདོད་པའི་སེང་གེས་གཡུ་རལ་གསིག་བཞིན་མཆོངས་པའི་ཚུལ་དང་ཨ་ན་མ་ན་རེད།
ཅུང་ཟད་འགོར་རྗེས་ཨོ་རྒྱན་གྱིས་ལག་ཏུ་ཁྲག་གིས་སྦགས་པའི་གྲི་ཆུང་ཞིག་བཟུང་ནས་མགྲོན་ཁང་ལས་ཕྱིར་བུད། སྒྲོལ་མ་ད་དུང་ཁྲག་དམར་གྱི་ནང་དུ་འགྱེལ་ཏེ་གྲག་འགུལ་ཙམ་ཡང་མེད་པའི་ལྷུན་འགྲུབ་ལ་ཧད་དེ་ལུས་འདུག
འོ། མ་གཞིར། ཨོ་རྒྱན་དང་ཁོའི་གྲོགས་པོ་ཚོ་གུར་ནང་དུ་བསྡད་པའི་དགོང་མོ་དེར། ལྷུན་འགྲུབ་ཀྱིས་སྒྲོལ་མ་ཡོད་སའི་མགྲོན་ཁང་དུ་སོང་ནས་མོ་ལ་ཐུབ་ཚོད་བྱས་པས། ཨོ་རྒྱན་གྱིས་ཤེས་འཕྲལ་ལྷུན་འགྲུབ་ལ་གྲིས་བརྒྱབ་ནས་བསད་པ་དང་། རྒྱུ་མཚན་དེ་ལ་རྐྱེན་བྱས་ཏེ་ཨོ་རྒྱན་ལ་ལོ་དྲུག་ལྷག་གི་ཁྲིམས་ཆད་ཕོག་ཅིང་བཙོན་དུ་བཅུག
གསུམ།
ལོ་དྲུག་འགོར་རྗེས་ཀྱི་དབྱར་ཁ་ཞིག་ལ། ཟི་ལིང་ནས་ལྷ་སར་འགྲོ་བའི་མེ་འཁོར་ནང་དུ། ངོ་མདངས་དཀར་ལ་གཟེངས་མཐོ་བའི་སྣ་སྟེང་དུ་མིག་ཤེལ་ནག་པོ་གྱོན་པའི་བུད་མེད་གཞོན་ནུ་མ་ཞིག་བསྡད་ཡོད་ལ། དེའི་འཁྲིས་སུ་མོའི་ཨ་ཕ་ཡིན་ནམ་སྙམ་པའི་རྒད་པོ་ཚོན་པོ་ཞིག་ཡོད་ལ། དེའི་པང་དུ་ཕལ་ཆེར་ལོ་དྲུག་ཙམ་ལོན་པའི་བྱིས་པ་ཞིག་བཟུང་འདུག་ཅིང་། ཕར་བལྟས་ཚོད་དུ་བྱིས་པ་དེ་གཞོན་ནུ་མ་དེའི་ནུ་བོ་ལོས་ཡིན་འདོད་ཀྱང་། བྱིས་པ་དེས་མཚར་སྣང་དང་བཅས་ཕ་རོལ་གྱི་སྒེའུ་ཁུང་འགྲམ་དུ་ཡོད་པའི་ཁ་ཐུམ་བརྒྱབ་པའི་མི་དེར་ཡང་ཡང་ལྟ་ཞིང་། གཞོན་ནུ་མ་དེ་ལ“ཨ་མ། མི་གན་ལ་ལྟོས་དང་། དབྱར་ཁ་ཞིག་ལ་ཁ་ཐུམ་བརྒྱབ་ནས་འདུག”ཅེས་བཤད་པར། གཞོན་ནུ་མ་དེས་བུས་བསྟན་པའི་ཕྱོགས་དེར་བལྟས་པ་ན། ལུས་རིད་ཅིང་སྨིན་མ་མཐུག་ལ་ཐོད་ཞེང་ཆེ་བ། རྐང་ལ་བྱང་རྟགས་ཀྱང་བཏོགས་མེད་པའི་ལྷམ་སོ་མ་ཞིག་དང་། དོར་མ་སྦོམ་པོ་སྐྱ་ཧྲེང་ངེ་བ་ཞིག་གྱོན་པ། ཁུག་མ་དམར་པོ་ཞིག་པང་ནས་སྡོད་པའི་ནང་དུ་ཅི་ཡོད་མི་རིག་ཀྱང་། དོགས་ཟོན་ངང་དཔུང་བས་མནན་ཏེ་སྡོད་པའི་ཚུལ་ལ་བལྟས་ན། ནང་དུ་དངོས་པོ་རྩ་ཆེན་ཞིག་ལོས་ཡོད་སྙམ་པ་ཞིག་འདུག་ཅིང་། གམ་གྱི་མི་རྣམས་ལ་དོ་སྣང་མི་བྱེད་པར་ཁ་རོག་གེར་སྡོད་པའི་ཚུལ་ལ་བལྟས་ན། འདང་རྒྱག་དང་སེམས་དོན་གང་ཞིག་གིས་བཅིངས་ནས་ཡོད་པ་འདྲ་ལ། འཁོར་ཕྱོགས་ཤིག་ལས་ཁ་ཐུམ་བརྒྱབ་ཡོད་པའི་འགྲམ་ཟུར་ལས་སྨེ་ནག་དེ་མཐོང་བའི་མོད་ལ། གཞོན་ནུ་མ་དེས་གློ་བུར་དུ“ཨོ་རྒྱན་མ་རེད་དམ། དཔེ་མི་སྲིད”ཅེས་ཤོར་ཞིང་། ཡིད་མི་ཆེས་པའི་མིག་གིས་ཡང་དང་ཡང་དུ་བལྟ་དགོས་བྱུང་།
“གོ་ཐོས་ཡིན་ན། ཨོ་རྒྱན་བཙོན་གྲོལ་བཏང་སོང་ཟེར་གྱིན་འདུག དཀོན་མཆོག་མཁྱེན། ད་ཁོས་སྡུག་དེ་ཇི་ལྟར་བཟོད་སྲིད་དམ”ཞེས་ཨ་ནེ་ལྕགས་མཚོས་འཁོར་ཁང་དུ་དེ་ལྟར་བཤད། སྤྱིར་ཨོ་རྒྱན་ལ་བྱམས་བརྩེ་ལྡན་པའི་ཨ་མ་ཞིག་དང་། སྡུག་དང་དཀའ་རྙོག་ཅི་ཡོད་བྱོ་ཆོག་པའི་ཨ་ཕྱི་བཟང་བོ་ཞིག་ཡོད་པས། ཁོ་ལ་ཁྱིམ་གཞིས་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡོད་ནའང་། ཐུང་རྒྱུ་མེད་ལ་རིང་རྒྱུའང་མེད་པའི་ལོ་དྲུག་འདས་རྗེས། ཨོ་རྒྱན་བཙོན་ནས་ཕྱིར་ཁྱིམ་དུ་སླེབས་དུས། སྲིང་མོས་ལྷ་རྒྱལ་ཟེར་བའི་མག་པ་ཞིག་བཞག་འདུག་པ་དང་ཁོ་གཉིས་ལ་ད་དུང་བྱིས་པ་ཞིག་ཀྱང་སྐྱེས་འདུག ཨོ་རྒྱན་ལ་མག་པ་ཆ་མེད་དེར་ཁ་ཡ་བྱེད་ཁོམ་མེད་དེ། ཁོས་མི་ལོ་དྲུག་ལ་དྲན་པ་ནི་ཨ་ཕྱི་དང་ཨ་མ་ཡིན་པས། ཁོས་གོམ་གཅིག་སྤོས་ལ་གོམ་གཅིག་མཆོངས་ནས་ཨ་ཕྱི་སྡོད་སའི་ཁྱམས་ཁང་དུ་སོང་བ་ན། ཨ་ཕྱི་ཁོའི་མཐོང་ཡུལ་དུ་མ་གྱུར་ལ། ཅོག་ཙེའི་སྟེང་གི་མར་གཞོང་དང་། འགྲམ་གྱི་ཇ་ཕོར།རྩམ་སྒམ་ཐོག་གི་འཁོར་ལོའང་རིག་རྒྱུ་མ་བྱུང་། ཡང་ཐབ་ཚང་དུ་སོང་བར། ཡར་སྔོན་མི་ཁོམ་པའི་ལས་ཀར་བྲེལ་བའི་ཨ་མ་མཚོ་མོ་ཡང་མཐོང་རྒྱུ་ཡེ་ནས་མ་བྱུང་།
“ལྷ་མོ། ཨ་ཕ་གང་དུ་བུད་སོང་།ད་དུང་ཨ་མ་དང་ཨ་ཕྱི······”ཞེས་སྲིང་མོར་དྲིས་པ་ན། ལྷ་མོས“ཨ་ཕ་བལ་ཡུལ་དུ་ཚོང་ལ་སོང་ནས་ལོ་གསུམ་འགོར་ཡང་། ད་བར་དུ་ཕྱིར་ཡུལ་ལ་ལོག་མ་མྱོང་བས། ངས་ཀྱང་ཁ་པར་གྱི་ལམ་ནས་མ་གཏོགས། ཁོ་རང་དངོས་སུ་རིག་མ་ཐུབ”ཅེས་ཟེར་བ་དང་། ལྷ་མོས་ཁུག་མ་དམར་པོ་ཞིག་བླངས་ཏེ་ཨོ་རྒྱན་གྱི་ལག་ཏུ་གཏད་ནས“ཨ་བོ། འདི་ཨ་ཕྱི་དང་ཨ་མ་འདས་ཁར་ཁྱོད་ལ་བཞག་པ་རེད”ཟེར་བས། ཨོ་རྒྱན་གྱིས་ཁ་ཕྱེ་ནས་བལྟས་པར་ནང་དུ་བརྒྱ་ཤོག་བསྡམས་ཐོ་འགའ་ཡོད་ལ། བརྒྱ་ཤོག་བསྡམས་ཐོ་གཅིག་གི་ཟུར་ཁ་ལྟེབ་ཆག་ཏུ་གྱུར་པའི་ཚུལ་ལ་བལྟས་ན། དེ་ནི་ཨ་ཕྱིས་མི་ཚེ་གང་བོར་གྲོན་ཆུང་བསྲི་ཚགས་ཀྱིས་སྐེ་རགས་ཁུད་དུ་ཡུན་རིང་ཉར་བ་དག་ཁོ་ལ་བསྐྱུར་བ་ཡིན་པར་ཐེ་ཚོམ་མེད། “ཨ་བོ། ན་ནིང་། ང་དང་ལྷ་རྒྱལ་གཉིས་སྟོད་ཉི་མ་ལྷ་སར་མཆོད་མཇལ་དུ་སོང་བ་ཡིན། ཨ་མྱེས་ཀྱི་རེ་བ་ངེད་གཉིས་ཀྱིས་འགྲུབ་པར་བྱས་ཡོད། ཨ་ཕྱི་འདས་ཁར་ཡང་ཁྱོད་ཀྱི་མིང་ནས་འབོད་ཀྱིན་འདུག ད་ནི་ཁྱོད་འདིར་སྡོད་དང་། ངེད་བཟའ་ཟླ་གཉིས་ཀྱིས་ཁྱིམ་འདི་ཁྱོད་ལ་གཏད། ཁྱོད་ཀྱིས་ཁྱིམ་ཚང་འདིར་ཁ་བདག་བྱོས”ཟེར་བར། “ལྷ་མོ། མི་རུལ་ང་འདྲ་བ་ཞིག་གིས་ཁྱིམ་འདི་སྐྱོང་ཐུབ་པ་མ་རེད། སྔོན་ཆད་ང་ལ་དྲོད་སྐྱིད་ལྡན་པའི་ཁྱིམ་ཞིག་ཡོད་ཀྱང་། དེ་ང་རང་གིས་དངོས་སུ་བཤིག་ཚར་བ་རེད། ད་ནི་ང་འདི་ནས་འབྲལ་རྒྱུ་ཡིན”ཞེས་ཟེར་བ་ན། ལྷ་མོ་ཨོ་རྒྱན་གྱི་སྐེ་ལ་འཇུས་ནས་མིང་སྲིང་གཉིས་ཡུན་རིང་ངུས།
བཞི།
དགོང་མོར། ལྷ་མོས་མག་པར་བཞག་ནས་རིང་པོ་འགོར་མེད་པའི་ཁྱོ་ག་ལྷ་རྒྱལ་ལ། ཨ་མྱེས་དང་རྒྱུན་པར་གླེང་མྱོང་མེད་པའི་བཙོན་ནང་གི་ཕུ་བོ་ཨོ་རྒྱན་གྱི་ལོ་རབས་མང་པོ་ཞིག་བཤད། “ངའི་ཨ་མྱེས་ནི་ཞིང་གྲོང་གི་ཞིང་པ་དཀྱུས་མ་ཞིག་ཏུ་སྐྱེས། ཆུང་དུས་ནས་སྒོ་གསུམ་གྱི་སྤྱོད་པ་ཞི་ཞིང་དུལ་བ་དང་། གཞན་གྱིས་བསྐུལ་བ་ལ་མི་ལྟོས་པར་དམ་པའི་ཆོས་འཚོལ་བ་ལ་ངང་གིས་ཞུགས་པ་ཞིག་བྱུང་ཞིང་། ཁོའི་ཨ་ཕར་ཡང་ཡང་ཞུ་བ་བྱས་པ་བརྒྱུད། ལོ་བཅོ་ལྔའི་སྟེང་དགོན་པ་ལས་རབ་ཏུ་བྱུང་བ་དང་། ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སོང་། ཁོང་ནི་དགོན་པའི་ནང་ནས་ཀྱང་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་གཞུང་ཆེན་ལ་ཐོས་བསམ་བྱེད་མཁན་ཞིག་ཡིན། ཁོའི་སེམས་སུ་ནམ་ཞིག་སྟོད་ཉི་མ་ལྷ་སར་སོང་ནས་ཇོ་བོར་ཞལ་མཇལ་ཞིག་ལེན་འདོད་ཡོད་ལ། ནམ་ཞིག་དེ་འགྲུབ་ཐག་ཆོད་དུའང་བསམས་ཡོད་ཀྱང་། དམ་བཅའ་ནི་འདུས་བྱས་ཡིན་པས་འཇིག་སླ་ཟེར་བའི་དཔེ་ལྟར་དུ། བར་ཆད་ཀྱིས་ཁྱེར་བས་ཁོ་རང་གྲྭ་པ་བྱས་ཏེ་དལ་འབྱོར་གྱི་མི་ལུས་དོན་ལྡན་དུ་གཏོང་བའི་རེ་བ་རྨེག་མེད་དུ་བཤིགས་པས་སྐྱ་སར་བབས། རྗེས་སུ་ཁོ་རང་གིས་ཨ་ཕྱི་བདེ་སྒྲོན་ཆུང་མར་བླངས་ནས་ཨ་ཕ་སྐྱེས། ངའི་དྲན་འཛིན་གྱི་ངོས་སུ་ཨ་མྱེས་ནི་ཕྱི་དྲོ་རྟག་པར་ཁྱམས་ཁང་དྲོན་པོ་དེའི་ནང་དུ་བསྡད་ནས་དཔེ་ཆ་སྣ་རིང་ཞིག་གི་ཁ་ཕྱེ་ནས་འདོན་པ་དང་། འགྲམ་དུ་ཇ་ཕོར་བ་གང་བླུགས་ནས་ཁ་སྐོམ་དུས་ཧུབ་རེ་འཐུང་སྲིད་ལ། དེ་ནི་ཁོ་གྲྭ་པ་ཡིན་དུས་ནས་ལོབས་པའི་གོམས་གཤིས་ཤིག་ཡིན་སྲིད། ཇ་ཐོག་རེ་རེར་ཁོས་རྩམ་པ་མ་གཏོགས་མི་ཟ་བ་དང་། མར་ཡང་སེན་ཏོག་ཙམ་རེ་ལས་མི་འཕེན་པ་དང་། ཁྱིམ་མི་ཚོར་ཡང‘མར་གྲོན་ཆུང་བྱེད་ཐུབ་ན་བྱོས། གྲོན་ཆུང་བྱས་པའི་མར་དེ་ཕྱིས་སུ་ལྷ་སར་སོང་ན་ཇོ་བོའི་མདུན་དུ་འབུལ་ཐུབ་ན་བསོད་ནམས་བསམ་གྱིས་མི་ཁྱབ’ཟེར། དེ་བས་ཁོས་ནམ་ཡང་མར་སེན་ཏོག་ཙམ་རེ་བླངས་རྗེས་ལམ་སང་མར་གཞོང་གི་ཁ་རྒྱག་པར་བྱེད། འཁོར་ལོ་དེའི་འཁོར་རྡེའུ་དང་ལྷན་དུ་བཏེགས་པའི་དུང་འབྲུ་ནི་ཨ་མྱེས་ཀྱི་སྲིང་མོ་ཨ་ནེ་དབྱངས་ཅན་གྱིས་ཁོ་ལ་ཁྱེར་ཡོང་བའི་དབུས་རྫོངས་ཡིན་ལ། ཁོང་གིས་རྒྱུན་དུ་མ་ཎི་འཁོར་ལོ་སྐོར་བས། དུང་འབྲུ་ཚང་མ་ཕིགས་ཚར་བ་རེད། ཁོས་དུས་རྒྱུན་དུ་ཨ་ཕྱི་ལ་རྗེས་སུ་ལྷ་སར་སོང་དུས། དུང་འབྲུ་མང་པོ་ཞིག་ཉོས་ཡོང་དགོས་ཟེར་བ་དང་། ཁྱིམ་མཚེས་རེ་ཟུང་དབུས་མཇལ་ཏུ་སོང་ནས་ཕྱིར་འོང་བ་རིག་ཚེ་ཁོང་གྱང་རྩའི་ཤིང་ཐོ་དེའི་སྟེང་དུ་བསྡད་ནས་ཡིད་སྨོན་བྱེད། ལོ་རེའི་ལོ་སར་ལ་ལྭ་བ་སོ་མ་རེ་བཟོས་ན་ཁོང་གིས་ལོ་སར་རྫོགས་རྗེས་གཏན་ནས་མི་གྱོན་པ་དང་རྗེས་མར་ལྷ་སར་འགྲོ་དུས་གྱོན་དགོས་ཟེར་ལ། ནུབ་ཚ་འཐུངས་རྗེས་བཟའ་ཚང་གང་བོས་བརྙན་འཕྲིན་ལ་ལྟ་ན་ཡང་ཨ་མྱེས་ལ་དེར་སྤྲོ་བ་མེད་པར་ལོགས་ཤིག་ནས་ཕྲེང་བ་བཟུང་སྟེ་ཁ་ཏོན་འདོན་སྲིད། ཡིན་ཡང་བརྙན་འཕྲིན་ལས་ལྷ་སའི་སྐོར་འཆར་དུས། ཁོས་དེ་ལ་མིག་ཅེ་རེར་བལྟ་སྲིད་ཅིང་། ང་ཚོ་ལ་འདི་ཇོ་ཁང་རེད།ནང་དུ་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་ཡོད་སོགས་འགྲེལ་བཤད་གང་ཐུབ་གནང་བར་བྱེད་པ་དང་། ལག་ཟུང་ཐལ་མོ་སྦྱར་ནས་ཐོད་པར་འཇོག་སྲིད། གླུ་རེ་བླངས་ནའང་སྟོད་ཉི་མ་ལྷ་ས་དང་འབྲེལ་བ་འབའ་ཞིག་ལེན་པར་བྱེད་དེ། གླུ་སྐད་དེ་དག་ད་རུང་ཡང་རྣ་བར་ཡང་ཡང་འཁོར་ཡོང”ཞེས་ཨ་མྱེས་ཀྱི་ལོ་རབས་བཤད་ཞོར་ངུས་པས། ལྷ་རྒྱལ་གྱིས་མོ་རང་བྲང་ལ་གླན་ནས་སེམས་གསོ་བྱས།
ལྷ་མོས་མུ་མཐུད་དུ“ཨ་མྱེས་ལོ་མང་རིང་ལྷ་སར་འགྲོ་འདོད་ཆེ་ཡང་འགྲོ་སྐལ་མ་བྱུང་། ཐེངས་ཤིག་སྟབས་ལེགས་པ་ཞིག་ལ་ཁོང་གི་གྲོགས་པོ་ཨ་ཁུ་འཇིགས་བྱེད་ཚང་ལྷ་སར་འགྲོ་བཞིན་ཡོད་པས། དབུས་འགྲོའི་དབུས་གྲོགས་བཟང་བ་དང་། ཏག་ཏག་ངེད་ཚང་གིས་ཀྱང་ལོ་དེའི་སོས་མགོར་ནོར་ཡོད་ཚད་ཤག་པོ་སྐྱ་བྷ་ཚང་ལ་བཙོངས་ཡོད་པས། ཁྱིམ་དུ་མི་ཕེར་བ་ཅང་མེད་རྐྱེན། དབུས་མཇལ་དུ་འགྲོ་བར་ཐག་གིས་བཅད། ལྷ་སར་འགྲོ་བའི་སྔ་ཉིན། ཨ་མྱེས་ཤིན་ཏུ་དགའ་ཡོད་པ་དེ་འདྲ་ངས་སྔོན་ཆད་རིག་མ་མྱོང་། དགོང་མོ་ཉལ་ཁར་ཡང་། ཨ་མྱེས་ནི་བྱིས་པ་ཞིག་དང་འདྲ་བར་ལྷམ་ཡང་མ་ཕུད་པར་ཉལ། ཕུ་བོས་ཨ་མྱེས་ལ་ལྷམ་ཕུད་དགོས་པར་བཤད་ཀྱང་། ཨ་མྱེས་ཀྱིས‘ལྷམ་མི་ཕུད། སང་ཉིན་སྔ་མོ་ཡར་ལངས་དུས་འགོར་འགྱངས་བྱས་འགྲོ’ཟེར། ཕྱི་ཉིན་ཨ་མ་མཚོ་མོ་སྔ་མོ་ནས་ལངས་ཏེ་ཆུ་མཆོད་ཅིག་བཤམས་པ་དང་། མཆོད་མེ་རྐོང་བུ་ཞིག་བསྒྲོན་ཏེ་ལམ་དུ་བར་ཆད་མི་འབྱུང་བར་སྐྱབས་འཇུག་ཞུས། ཨ་མྱེས་ཀྱིས་ལོ་སར་སྐབས་མ་གཏོགས་མི་གྱོན་པའི་ཚར་ལྭ་དེ་དང་འཇུར་རྟ་རྡུལ་ཆགས་པ་དེ་ལེགས་པར་ཕྱིས་ཤིང་གྱོན་རྗེས་ཨ་ཞང་གིས་གནམ་ཐང་དུ་བསྐྱལ་བ་རེད། ཨ་མྱེས་ལ་སྐྱེལ་མ་བྱས་ཚར་རྗེས། ཕུ་བོ་ཨོ་རྒྱན་གྲོགས་པོ་འགའ་དང་ཁ་འཆམ་སྟེ་ཕྱི་ལ་བུད་སོང་། ཕྱི་དྲོ་དེ་ནས་བཟུང་ཨ་མྱེས་ང་ཚོ་དང་དུས་གཏན་དུ་ཁ་གྱེས་པ་རེད། ཉི་མ་དེ་ནས་བཟུང་། ཕུ་བོས་ཨ་མྱེས་ལྷ་སར་འགྲོ་མ་ཐུབ་པའི་སེམས་གཅོང་དེ་ཁོས་འགྲུབ་དགོས་པར་དམ་བཅས་ཤིང་། སློབ་སྦྱོང་ལ་འབད་པ་ཧུར་ཐག་བྱས་པས། ཁོའི་དམ་བཅའ་མ་གཡེལ་ཞིང་ཨ་མྱེས་ཀྱི་སེམས་འདུན་མ་བོར་བར་ཁོས་ལྷ་སར་ཡོད་པའི་སློབ་ཆེན་དེ་ལ་རྒྱུགས་འཕྲོད་པ་རེད། ཡིན་ནའང་། ལོ་དེའི་དབྱར་ཁར་ཁོ་རང་བཙོན་དུ་འགྲོ་དགོས་བྱུང་ལ། ཨ་ཕྱི་དང་ཨ་མས་སྡུག་བསྔལ་དེ་མ་ཐེག་པར་སྔ་གཞུག་བྱས་ནས་ཚེ་ལས་འདས”ལྷ་མོ་ངུ་ཞོར་དུ་རང་གི་ཁྱོ་ག་ལ་དེ་ལྟར་བཤད་པས། ལྷ་རྒྱལ་གྱིས་ཕྱི་དྲོ་དེར་ཅི་བྱུང་བ་དང་ཨོ་རྒྱན་གྱིས་ཉེས་པ་ཅི་བསགས་པ་གསལ་པོ་ཞིག་ཤེས་འདོད་ཀྱང་ཆུང་མ་ལྷ་མོའི་སྡུག་ལ་ཁ་སྣོན་དུ་དོགས་ནས་འདྲི་མ་ཕོད།
ལྔ།
དགོང་མོ་དེར། ཨོ་རྒྱན་ཨ་མྱེས་ཀྱི་ཉལ་སའི་ནང་ཉལ་བ་དང་། སྔས་འབོལ་ཁེན་སའི་སྒྲོམ་སྟེགས་སྟེང་གི་ཨ་མྱེས་ཀྱི་འཁོར་ལོར་ལྟ་བཞིན་ཕྱི་དྲོ་དེའི་གནས་ཚུལ་རྣམས་ཡིད་ལ་ཡང་ཡང་དྲན།ཉིན་དེའི་ཕྱི་དྲོར། ཁོ་རང་ཕྱི་ལ་སོང་ནས་ཕྱིར་ཁྱིམ་དུ་ལོག་དུས། རང་ཁྱིམ་མཐོང་ཐུབ་སའི་ཉག་ཁ་དེ་ནས་རྒྱང་ལྟ་ཞིག་བྱས་པ་ན། སྤྱིར་སོས་ཀར་རེ་རེར་སེར་ཆེན་སྡེ་བའི་མི་རྣམས་ཀྱིས་ཞིང་ཁ་རུ་འཇོར་རམ་ལྕགས་ཁེམ་བཟུང་ནས་རང་རང་གི་ཞིང་ཚིགས་བར་ན་མ་ཁོམ་པར་ཡོད་ཀྱང་། དེ་རིང་རྒན་གཞོན་མང་པོས་ཁོ་ཚང་གི་ཕྱོགས་སུ་འགྲོ་ཞིང་བྲེལ་བྲེལ་འཚུབ་འཚུབ་བྱེད་བཞིན་འདུག་པ་མཐོང་བས། ཅི་བྱུང་སོང་ངམ་སྙམ་སྟེ་སེམས་ཁ་བློང་བློང་པོར་གྱུར་ནས་གོམ་འགྲོས་ཇེ་མགྱོགས་སུ་བཏང་། ཉེ་སར་འབྱོར་བ་ན་རླུང་བུ་ཞིག་གྱང་རྩའི་ཐལ་ཁུང་བརྒྱུད་པ་ན་ཚ་གསུར་གྱི་དྲི་མ་ཞིག་སྣ་ལམ་དུ་ཐུལ་འོང་བ་དང་། དྲིལ་བུའི་སིལ་སྒྲ་དང་ཆོས་འདོན་པའི་འདོན་དབྱངས་འདྲེས་མའི་སྒྲ་ཞིག་རྣ་བར་མཆེད་ཡོང་། ཨ་ཁུ་འཇིགས་བྱེད་སྨན་ཁང་ལ་སྐྱེལ་བའི་ཁྱི་རྒན་རྒྱ་བོ་ཡང་ཁོ་ཚང་གི་བྱི་ལ་དང་འདྲ་བར་ཁྱི་ཁང་དུ་གྲག་རྒྱུ་མེད་པར་བསྒོངས་ནས་འདུག ནམ་རྒྱུན་ལབ་རྒྱག་པར་དགའ་བའི་བཀྲ་བྷས་གདོང་ལ་གཟབ་ཉམས་ཤིག་དོད་ནས་ཡོད་ལ་ཨ་ནེ་ལྕགས་མཚོས་ཀྱང་ཁ་དམུར་དམུར་དུ་ཁ་རོག་གེར་མ་ཎི་འདོན་བཞིན་མཆིས། དེ་མ་ཐག་ཏུ་ཁོས་དབུགས་རིང་ཞིག་རྔུབ་ཞོར་ཁྱམས་ཁང་གི་ཨ་ཕྱིའི་ཕྱོགས་སུ་སོང་། ཉི་འོད་ལ་སེར་སྣ་སྤུ་ཙམ་ཡང་མེད་པར་ཚ་ལམ་ལམ་གྱིས་ཁྱམས་ཁང་གི་ཅོག་ཙེའི་སྟེང་ཡོད་པའི་མར་རྡོག་དེ་བཞུ་ཅི་ཐུབ་བྱེད་ཀྱིན་འདུག་ཀྱང་། མར་གཞོང་གི་ཁ་རྒྱག་པའི་ལས་ཀ་ནི་ཡོངས་སུ་བརྗེད་འདུག རྩམ་སྒམ་སྟེང་དུ་དཔེ་ཆ་སྣ་རིང་ཞིག་ཐུམ་བརྒྱབ་ཚར་མེད་པར་བཞག་ཡོད་པ་དང་། ཇ་ནེའི་ནང་གི་ཇའང་མ་འཐུང་བར་འཁྱགས་ནས་འདུག ཨ་ཕྱི་འཚམ་པོ་བདེ་མོར་དེ་རུ་འཁོར་ལོ་སྐོར་བཞིན་མཆིས། “ཨ་ཕྱི། འུ་ཚང་ལ་ཅི་ཞིག་བྱུང་སོང་ངམ”ཞེས་དྲིས་པར་ཨ་ཕྱིས་ཨ་ལན་མ་བྱིན། “ཨོ་རྒྱན། འདིར་ཤོག”ཅེས་ཨ་ཕས་དེ་ལྟར་བཤད་པས་ཁོ་ལ་དྲིས་པར། “ཨ་མྱེས། མ་འཚམ་ཐལ”ཟེར་བར། “ཨ།······དཔེ་མི་སྲིད། ······ཨ་མྱེས······ལྷ་སར་བུད་སོང་བ ······མིན་ནམ”ཞེས་ཡིད་མ་ཆེས་པར་དྲིས་ཀྱང་། ཨ་མྱེས་ང་ཚོ་དང་དུས་གཏན་དུ་བྲལ་སོང་བ་འཁྲུལ་མེད་རེད། ཨ་མྱེས་གནམ་ཐང་དུ་སྐྱེལ་བའི་ལམ་བར་དུ་རླངས་འཁོར་གདོང་ཐུག་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་བྱུང་ནས་འདས། ཁོས་དེ་ལྟར་སྔར་སོང་གི་ལོ་རྒྱུས་དག་དྲན་ཞིང་། ད་ལྟ་ཡོད་ཚད་མི་ཤི་ཁྱིམ་སྟོང་དུ་གྱུར་བའི་གནས་ཚུལ་ལ་བསམས་ནས་མིག་ཆུའི་རྡོག་པ་རེ་རེས་སྔས་འབོལ་སྦངས།
དྲུག
ལོ་དྲུག་འགོར་རྗེས་བཙོན་གྲོལ་བཏང་བའི་ཨོ་རྒྱན་ཕ་ཡུལ་དུ་སོང་ཡང་། ཕ་ཡུལ་གྱི་གནས་ཚུལ་གྱིས་ཁོ་རང་གི་སྡུག་བསྔལ་སྔར་ལས་ཀྱང་ཇེ་ཆེ་རུ་བསྐྱེད་པས། ཕྱི་ཉིན་ཞོགས་པར་སྲིང་མོས་ཁོ་ལ་ཉོས་པའི་ལྷམ་སོ་མ་དེ་གྱོན་ནས་ལྷ་སར་འགྲོ་བའི་མེ་འཁོར་དུ་བུད། སྒྲོལ་མས་ཀྱང་ཉིན་འདི་ཚོར་ལྷུན་འགྲུབ་ཀྱི་ཨ་ཕ་དང་ཁོའི་བུ་གཉིས་ཁྲིད་ནས་ལྷ་སར་འགྲོ་འཆར་འདུག་ཟེར་བ་ཐོས་པས། ཁོ་ཚོ་མེ་འཁོར་ལ་འདུག་མིན་མི་ཤེས་ཤིང་ཁོ་རང་སྒྲོལ་མ་དང་ཐུག་མིན་བཤད་ཁག་ཀྱང་། ཁོ་གཏན་ནས་སྒྲོལ་མར་ཐུག་འདོད་མེད་པས་གདོང་ཐུག་ན་གཡོལ་ཐབས་སུ་མེ་འཁོར་ནང་དུ་ཁ་ཐུམ་ཞིག་བརྒྱབ་ནས་བསྡད།
ཁོ་མེ་འཁོར་ལས་བབས་ཏེ་གླ་འཁོར་ཞིག་ལ་བསྡད་ནས་པོ་ཏ་ལའི་མདུན་ཐང་དུ་སོང་། ཡུལ་གྲུ་སོ་སོ་ནས་ཡོང་བའི་མི་རྣམས་གནས་འདིར་འཚང་ཁ་ཤིག་ཤིག་བྱེད། གང་ལའང་བསྟེན་ས་མེད་པའི་འཁྱམ་པོ་ཨོ་རྒྱན་གྱི་ལུས་སེམས་ལའང་བདེ་སྣང་འགོག་མེད་ཅིག་བྱུང······
ཨོ་རྒྱན་གྱིས་ཇོ་མདུན་དུ་མཆོད་མེ་རྐོང་གསུམ་བསྒྲོན། གཅིག་ནི་རེ་འདུན་ཞིག་འགྲུབ་པའི་དམ་བཅའ་དེའི་ཆེད་དུ་ཕུལ། གཞན་གཉིས་པོ་ནི་དམ་བཅའ་དེའི་བར་ཆད་ཀྱིས་ཁྱེར་བའི་དྲིན་ཆེན་གང་དེ་གཉིས་ཀྱི་དྲིན་ལན་གསབ་ཕྱིར་དུ་ཕུལ། །