གཞིས་ཀ་རྩེ། བུ་ཚེ་རིང་རྒན་པ།
འཆུག་སོང་བ་ཤེས་དུས་ཐམས་ཅད་ཟློག་དཀའ་བ་ནི་སེམས་ཀྱི་ན་ཟུག་ཅིག་རེད།
ཆུང་དུས་སུ་རང་གི་ལྟེ་ཁྲག་འཕོ་སའི་ཕ་ས་འདི། ངས་ས་རོང་རྩུབ་ཅིང་གྲང་ངར་གྱིས་གཟེར་བའི་མཐའ་འཁོབ་ཁོ་ནར་སྙམ། འཛམ་གླིང་གི་ཡང་རྩེར་སྒྲེང་བའི་གནས་འདི་ནི། ཕར་ལ་བལྟས་ན་རི་དང་རི་ཚོགས་ཀྱིས་བསྐོར་ཞིང་ཚུར་ལ་ཕྱོགས་ན་ཁ་བའི་རྡུལ་གྱིས་ཡང་ནས་ཡང་དུ་བརྩེགས། འགྲོ་བའི་ལམ་བུར་གངས་འཁྱག་དང་ཀྱག་ཀྱོག་མང་ཞིང་། སྡོད་པའི་གནས་ཁང་དམའ་མོ་ས་རྡོས་བརྩེགས། ལམ་ལ་བཞུད་ཚེ་རྟ་བོང་ཁལ་གཡག་ལ་བརྟེན་དགོས་ཤིང་། ཡངས་པའི་ས་གཞི་ཐལ་རྡུལ་རླུང་བུས་གཡོས། དུས་བཞིར་གྲང་ངར་རླུང་བུའི་འདུ་འགོད་འཁྲུག་ཅིང་། མཐོན་པོའི་མཁའ་ལས་སྦྲང་ཆར་བསིལ་མ་དཀོན། དོག་མོའི་ས་གཞིར་ཟབ་ཡངས་རྒྱ་མཚོ་མེད་ཅིང་། གྲང་ངར་ས་མཐོའི་ཡུལ་ལ་ཁ་བའི་བྲོ་གར་རྒོད་པས། རྒྱ་སྟག་གཅན་གཟན་འཚོ་བའི་སྔོ་ལྗང་ནགས་ཀྱི་དགའ་ཚལ་ནི་མཁའ་མཐའི་འཇའ་ཚོན་བཞིན་དུ་རྨི་ལམ་གྱི་ཞིང་དུ་གནས།
ཆུང་དུས་སུ་བློ་རྨོངས་ཤེས་རྒྱ་ཆུང་བའི་ཁོ་བོས་ཕ་མེས་ཡང་མེས་དེ་དག་ཅོལ་ཆུང་སྡར་མར་སེམས་མྱོང་ལ། གངས་རི་ར་བས་སྐོར་བའི་འཛམ་གླིང་ཡང་རྩེ་ཡི་ཕ་ས་འདི་ཉིད་ཀྱང་སེམས་ཀྱི་ཁུར་པོ་དང་ལུས་ཀྱི་ངལ་བ་ཙམ་ལས་ཅི་ཡང་མ་རེད་སྙམ། ཁ་བ་དང་བུ་ཡུག་རྒོད་པའི་འཛམ་གླིང་གི་ཡང་རྩེ་འདིར། མི་རབས་ནས་མི་རབས་ནོར་ལུག་གི་བྲན་དུ་གྱུར་བས། ལུས་ཀྱི་ཤ་དང་གདོང་གི་མདོག་ཀྱང་ཡག་པོ་མེད་པར་མཐོང་། ད་དུང་ཡང་ཉིན་དང་ཉིན་འབྲེལ་ལོ་དང་ལོ་བསྟུད་དེ་སོ་ནམ་ཞིང་ལས་ལ་བྲེལ་བྲེལ་ནས། ཚན་རིག་ཤེས་བྱ་སྦྱོང་བའི་བློ་རྒྱ་ཁབ་ཀྱི་མིག་བཞིན་དོག་ཅིང་། རི་དྭགས་ཀྱི་པགས་པ་དང་སྒོ་ཕྱུགས་ཀྱི་བལ་ཁུལ་ལུས་སྲུང་གི་གོས་སུ་བྱེད་པས། མིག་ལ་མི་མཛེས་ཤིང་ལུས་ལ་མི་བདེ་བའི་ལྗིད་རྫོབ་ཆེ་བས་ལུས་པོ་བྲན་དུ་བཙུད། ས་བབ་མཐོ་ལ་ལས་རྙོག་ཆེ་བས་ལུས་སེམས་ཚེ་གང་ངལ་བའི་འདམ་ལ་ཐིམ།
ཆུང་དུས་སུ་ངས་ཇི་ལྟར་བསམས་ཀྱང་ཕ་ཡུལ་མཐོ་སྒང་འདིར་ལེགས་པའི་ཆ་ཞིག་གཏན་ནས་མ་མཐོང་། དེས་རྐྱེན་པས་ངས་གླེན་ལྐུག་གི་མེས་པོ་ཞེས་འཕྱ་མྱོང་ལ་མཐའ་འཁོབ་ཀྱི་ཡུལ་ལུང་ཞེས་ཁྲེལ་མྱོང་། རྗེས་ལུས་ཀྱི་མི་རིགས་ཞེས་ལེ་བདའ་དང་བཅས་ངས་རང་གི་མི་རིགས་འདིར་སྐྱོ་བ་སྐྱེས་ཤིང་སྐུར་བ་བཏབ་མྱོང་ལ། ཡིད་ཐང་ཆད་དེ་འཁང་ར་ཡང་བྱས་མྱོང་། དེས་རྐྱེན་པས་ངས་རང་ཉིད་བོད་རིགས་ཡིན་པར་ངོ་གནོང་ཞིང་། བོད་ཡིག་བོད་སྐད་སྤྱོད་རྒྱུ་ངོ་ཚར་སེམས། དེས་རྐྱེན་པས་ངས་རྩམ་པ་ཟ་རྒྱུར་ཐབས་དང་ཇུས་ཀྱིས་གཡོལ། དེས་རྐྱེན་པས་སྐབས་དེ་དུས་ངའི་ལུས་ཐོག་གི་བོད་ལྭ་ནི་ལུས་སྲུང་གི་གོས་ཤིག་མིན་པར། རང་ལ་ངོ་ཚ་འབེབས་པའི་སྣ་འདྲེན་དང་། རང་གི་རིག་གནས་ནི་རིན་བྲལ་གྱི་ནོར་བུ་ཞིག་མིན་པར། རང་མགོ་གནོན་པའི་ཁུར་པོ་ཁོ་ནར་མཐོང་།
ཆུང་དུས་སུ་ཐག་རིང་སྨིག་རྒྱུའི་རི་མོ་དེ་ངས་དྭངས་གཙང་གི་ཆུ་མོར་འཁྲུལ་ཏེ། སེམས་ཀྱི་སྐོམ་པ་སེལ་ཆེད་རང་ཡུལ་རྒྱབ་ཏུ་བསྐྱུར་ཏེ་གཞན་ཡུལ་པང་དུ་བླངས། ཡིན་ན་ཡང་གཞན་ཡུལ་གྱི་མཚར་སྣང་དེ། མཁའ་ཡི་འཇའ་ཚོན་དང་སྟོན་གྱི་མེ་ཏོག་བཞིན་དུ་རིམ་གྱིས་ཉམས་ཤིང་། རྒྱབ་ལ་དཔུང་དང་པང་ལ་བུ་མེད་པའི་ང་རང་ཡུལ་གྱར་འཁྱམ་པོ་ལྟ་བུར་གྱུར་དུས། ད་གཟོད་ངས་རང་ཉིད་མཐོ་སྒང་གི་མཁའ་དབྱིངས་སུ་ལྡིང་བའི་རྒོད་པོ་ཞིག་ལས། ཐག་རིང་ནགས་ཁྲོད་དུ་འཚོ་བའི་རྒྱ་སྟག་ངར་མ་དེ་མིན་ལ། ང་རང་གངས་རི་དང་རྫ་གསེབ་ཏུ་བཞད་པའི་གངས་ལྷ་མེ་ཏོག་དེ་ཁོ་ན་ལས། རྫིང་བུའི་ནང་དུ་འཚར་བའི་པདྨ་དེ་མིན་པའང་གཞི་ནས་ཤེས་སོང་།
བྱ་རྒྱལ་རྒོད་པོའི་འཕུར་རྩལ་དང་འདོ་རིགས་རྟ་ཕོའི་བང་རྩལ། དམར་ཡག་སྟག་གི་མཆོང་རྩལ། གསེར་མིག་ཉ་མོའི་འཁྱུག་རྩལ་བཞིན། འཇིག་རྟེན་འདིའི་སྟེང་གི་སྲོག་ཆགས་ཅི་འདྲ་ཞིག་ཡིན་ཡང་། རང་རང་ལ་འཚམ་པའི་འཚོ་གནས་ཀྱི་ཁོར་ཡུག་དང་འཇོན་ཐང་རེ་ཡོད་པ་བཞིན། རྨ་བྱ་ཐང་ལ་བབས་ན་དེ་ཕོ་དང་། སེང་གེ་ནགས་དང་བྲལ་ན་སྒོ་ཁྱིའི་དཔེ་ལྟར། ཕ་ཡུལ་རྒྱབ་ལ་བསྐྱུར་བའི་ང་རང་། གཏམ་འདོད་དང་ཨ་གསར་ཆེ་བའི་ང་རང་། སྡུག་རུས་དང་བརྩོན་སེམས་མེད་པའི་ང་རང་། ལྕམ་ཆུང་གི་འགྲོ་སྟངས་དེ་མི་ཤེས་པར། རང་གི་འགྲོ་སྟངས་ཀྱང་ཤོར་བའི་བྱ་མ་བྱིའུ་འམ། ར་མ་ལུག་ཅིག་ཏུ་གྱུར་དུས། ད་གཟོད་ངས་རག་གན་གསེར་དུ་བརྫུས་ཀྱང་གསེར་ལ་མི་འགྱུར་ཞིང་། བོང་བུར་གཟིག་པགས་བཀབ་ཀྱང་གཟིག་གྲལ་དུ་མི་ཚུད་པའི་གནས་ལུགས་ཤེས།
དེས་རྐྱེན་པས་ངས་རང་མགོ་རང་གིས་སྐོར་བའི་ངོ་འབག་དང་། གཞན་མགོ་གཡོ་ཁྲམ་གྱིས་བསླུ་བའི་འཁྲབ་ཆས་ཡོངས་སུ་ཕུད་ཅིང་། རང་གི་ལག་པ་བྲང་ཁར་བཞག་ནས་བསམ་བློ་ཞིབ་མོར་གཏོང་དུས། ང་ཚོའི་མེས་པོ་ནི་སྡར་མ་དང་བླུན་པོ་ཞིག་མིན་པར། རང་ཉིད་ནི་བསམ་གཞིག་མེད་ཅིང་སྤྲེལ་ལད་ལ་མཁས་པའི་ཀླད་སྟོང་ཞིག་དང་། ང་རང་འཚོ་གནས་ཀྱི་ཁོར་ཡུག་དེ་ཞན་པོ་ཞིག་མིན་པར། རང་ཉིད་ཁོར་ཡུག་དེའི་ནང་འཚོ་གནས་བྱེད་པའི་སྙིང་སྟོབས་དང་འཇོན་ཐང་མེད་པས། ཨ་ཕོ་རང་གིས་མ་འཇོན་སྐྱབས་བཅོལ་གཞན་ལ་བྱེད་པའི་དཔེ་བཞིན། རང་གིས་རིག་གནས་དང་ལོ་རྒྱུས་མ་ཤེས་པར་མེས་པོར་འཕྱ་ཚུལ་དེ། ཙན་དན་བསྲེགས་ཏེ་སོལ་བ་ལེན་པའི་ཅོལ་ཆུང་ཀླད་མེད་ཀྱི་ཚུལ་དུ་ཡིན་པ་གཞི་ནས་ཤེས།
ཞིབ་འདང་ཞིག་རྒྱག་དུས། ཕ་ཙན་དན་གྱི་སྡོང་པོ་ལ། བུ་ཆུ་ཤིང་གི་འོམ་བུ་ཟེར་བའི་དཔེ་ལྟར། མེས་པོས་བཞག་པའི་གསེར་ཕོར་ནང་དུ། ཇ་ནག་འཐུང་ནས་དཔའ་གཏམ་ཤོད་མཁན་དེ་ཡང་ང་རང་ཁོ་ནར་མཐོང་། སྔོན་དུས་སུ་མེས་པོ་ཚོས་མཐུ་དང་རྩལ་ལ་བརྟེན་ཞིང་གསེར་ཞགས་དང་གཡུ་ཞགས་འཕངས་ཏེ། མཁའ་དབྱིངས་ཀྱི་ཁྱུང་ཆེན་དང་མཐོ་སྒང་གི་འབྲོང་རྒོད་འཛིན་ཡང་། ད་ཆ་འཁང་ར་དང་འཁུན་སྒྲའི་ཁྲོད་དུ་རྩྭ་སྐུད་དང་བལ་སྐུད་ཐོགས་ནས། མཁའ་ཡི་བྱིའུ་དང་ཐང་གི་འབུ་འཛིན་མཁན་དེ་ང་རང་ཡིན་དུས། སྔོན་དུས་བྱ་གནས་སར་དེང་སང་བྱིའུ་མི་གནས་པར་ཡ་མཚན་བྱེད་དོན་ཅིག་མཆིས།
དེ་ལྟར་ངས་མེས་པོའི་དྲིན་བྱས་དྲིན་དུ་མ་ཚོར་བར། མེས་པོ་ཚོས་དཔའ་བློ་ཁོག་དང་བློ་རིག་པ། སྡུག་སྙིང་རུས་ལ་བརྟེན་ནས་ང་རང་ལ་འགྲོ་སའི་ལམ་ཞིག་དང་འཚོ་སྡོད་བྱེད་སའི་གནས་ཤིག་བསྩལ་ཡང་། ཕ་ཕྱུག་པོས་བསགས་པའི་རྒྱུ་ནོར་དེ། བུ་ངན་པས་བདག་མེད་ཆུད་ཟོས་བཞིན། ངས་དྲིན་ཅན་མེས་པོས་གནང་བའི་གཡང་ཁྱིམ་དྲོན་མོ་དོར་ཏེ་ལས་མེད་སྤྲང་ལ་འཁྱམས་ཤིང་། རུས་ཅན་མེས་པོས་བཞག་པའི་ཤེས་རིག་ནོར་བུའི་གན་མཛོད་དེ། དགོས་མེད་ཕྱག་དར་བཞིན་དུ་རིང་དུ་དོར། དེས་རྐྱེན་པས་ཕ་ཨ་ཁུའི་ལོ་རྒྱུས་མ་ཤེས་པའི་ནགས་ཀྱི་སྤྲེའུ་དེ་ང་རང་ཡིན་འདུག་ལ། སྔོན་ཕ་བཟང་གིས་སྤྱད་པའི་དངུལ་ཁུག་དེ། དུས་ད་ཆ་ཇ་ཁུག་ཏུ་བྱེད་མཁན་གྱི་བུ་རུལ་དེ་ཡང་ང་རང་ལས་གཞན་མ་མཆིས།
ཆུང་དུས་སུ་དགོས་མེད་ལས་ལ་གཡེང་བའི་ང་རང་། རིམ་གྱིས་ཡར་ལ་འཚར་ནས་ད་ཆ་མགོ་བོར་སྐྲ་དཀར་དང་། གདོང་ལ་གཉེར་མའི་བང་རིམ་གྱིས་བརྩེགས་པའི་མི་རྒན་ཞིག་ཏུ་གྱུར་ཡང་། འཇིག་རྟེན་འདིའི་ཐོག་འཚོ་བའི་འཚོ་ཤུལ་དང་སོང་བའི་རྐང་རྗེས། ལས་པའི་ལག་རྗེས་ཅི་ཡང་མེད་པར། ལག་སྟོང་གནམ་ལ་འཕྱར་བའི་སྤྲང་འཁྱམ་ལྟ་བུར་ཡོད་དུས། ད་གཟོད་ངས་ཁབ་ཤུལ་སྐུད་པས་མི་ཟིན་པའི་བུ་རུལ་དེ་ང་རང་ཡིན་པ་གཞི་ནས་ཤེས། ཕ་ཤུལ་བུ་འཛིན་བྱེད་མཁན་གྱི་ཕྱི་རབས་པ་ང་རང་། ད་ཆ་དུས་རབས་འདི་འདྲ་ཞིག་ལ་གནས་ཀྱང་། མེས་པོ་ལྟ་བུའི་དཔའ་བློ་ཁོག་དང་སྡུག་སྙིང་རུས། མཐོང་མིག་རྒྱང་མེད་ལ། དཀའ་སྡུག་ཁྲོད་དུ་འཚོ་བའི་མེས་པོ་ལས་བཟང་པའི་ཟ་འཐུང་སྤྱོད་གསུམ་ལ་རོལ་ཡང་། ངས་དཀའ་ངལ་གྱི་མདུན་དུ་མེས་པོ་ལྟ་བུར་སྒལ་ཚིགས་དགྱེ་མི་ནུས་ལ། ཉམས་ཉེས་ཀྱི་དུས་སུ་མེས་པོ་བཞིན་དུ་དབུ་འཕང་འདེགས་མི་ཕོད་ཅིང་། ངས་མེས་པོའི་ཕྱིང་ལྷམ་ལས་ཡག་པའི་ཀོ་ལྷམ་ཞིག་གྱོན་ཡང་། མེས་པོས་རྡོག་པས་མནན་པའི་ཀྱག་ཀྱོག་འབར་འབུར་གྱི་འཕྲང་ལམ་གྱི་མདུན་དུ། ཡིད་ཐང་ཆད་ཅིང་སྒྱིད་པ་འདར། ནམ་ཞར་ངས་ལ་རྒྱ་ཁ་ལ་འཁྱེར་ནས་སྟོང་གཏམ་གྱི་འབྲུག་སྒྲ་ལྡིར་ཡང་། མེས་པོས་མཐོན་པོར་འདེགས་མྱོང་བའི་ནམ་མཁའ་དེ། རང་གི་པང་དུ་འདེགས་པའི་སྤོབས་པ་ཡང་བྲལ།
མེས་པོས་བཏོད་པའི་ལམ་དེར་ཕྱིར་ལྟ་ཞིག་བྱེད་དུས། ང་རང་གནས་པའི་གཞིས་ཁྱིམ་འདི། མེས་པོས་དྲིན་གྱིས་བསྐྱངས་པའི་ཕ་ས་སྣུམ་པོ་ཞིག་དང་། ངས་སྟོང་གཏམ་འབྲུག་སྒྲའི་ཁྲོད་དུ་འཚོ་བའི་གནས་ས་གནས་ཡུལ་འདི། མེས་པོས་སྙིང་རུས་ཀྱིས་བསྒྲེངས་ཤིང་གུག་མ་མྱོང་བའི་སྒལ་གཞུང་ཡིན་པ་ཤེས། ཐབས་ཤེས་དང་སྙིང་རུས་ཅན་གྱི་མེས་པོས། འཇིག་རྟེན་འདིར་རང་མགོ་དུད་མི་དགོས་པའི་ཕ་ས་སྣུམ་པོ་ཞིག་དང་ཕ་གཞིས་ཕྱུག་པོ་ཞིག་གནང་ཡང་། ངས་ཨ་ཕོ་རང་གིས་མ་འཇོན་པར། སྐྱབས་གནས་གཞན་ལ་བཅོལ་བའི་དཔེ་བཞིན། མེས་པོར་ཁག་དཀྲི་དང་ཞབས་འདྲེན་ཁོ་ན་བྱས་པས། ད་ཆ་ངས་ལྕེ་ལ་མདུད་བརྒྱ་ཐེབས་འདྲའི་རང་སྐད་དང་། ལུས་ལ་ཡ་མ་ཟུང་གི་གོས་ཤིག་གྱོན་ཏེ་མེས་པོ་གླེང་དུས། སེམས་ཁོང་གི་ངོ་ཚའི་ཚེར་མས་ངའི་བྲང་ཁ་གཤགས་ཤིང་སྙིང་ཁ་གས།
ལེགས་པར་བསམས་ཚེ། དྲིན་ཅན་གྱི་མེས་པོས་ང་རང་ལ་ཆེས་འཚམ་པའི་ཕ་ས་ཞིག་དང་། ཆེས་རིན་ཐང་ལྡན་པའི་ཕ་གཞིས་ཤིག་གནང་མོད། ཤེས་རྒྱ་དང་མཐོང་རྒྱ་དམན་པའི་ཁྲོན་པའི་ནང་གི་སྦལ་བ་ངས། མིག་ཡོད་ཀྱང་དམ་པ་ངོས་མ་ཟིན་པས། ད་ཆ་གོམ་འགྲོས་ཤོར་བའི་རྟ་རྒན་དང་རིག་པ་ཉམས་པའི་མི་རྒན་ཞིག་ཏུ་གྱུར་ཟིན་དུས། འགྱོད་གདུང་དྲག་པོ་ཞིག་གིས་རང་སེམས་ཚལ་བར་གས་ཤིང་དབུགས་ངན་ནར་ནར་ལ་ཤོར་བྱུང་།
དགོངས་པ་མ་ཚོམས། འཇིག་རྟེན་འདི་ན་ཉི་ཟླ་བཞིན་དུ་འཚེར་བའི་བདག་གི་མེས་པོ་མཆོག དྲིན་བྱས་དྲིན་དུ་མི་ཤེས་པའི་བུ་རུལ་ངས། ད་ཆ་ཁྱེད་ཀྱི་ཕྱོགས་ལ་བཟོད་གསོལ་ཇི་ལྟར་ཞུ་དགོས་སམ། །