རྨ་ལྷོ། དཀོན་མཆོག་བཀྲ་ཤིས།
རྒྱང་ཐག་རིང་བོའི་ཡུལ་གྲུ་ཞིག་ན། །
ལྗོན་ཤིང་འདབ་ལོར་འབྲས་བུ་སྨིན་ཞིང་། །
མེ་ཏོག་ཚལ་ལ་བསུང་ཞིམ་ཐུལ་བས། །
རྡོག་ཁྲེས་ཁུར་བོ་སེམས་ཀྱིས་འཇལ་བྱུང་། །
མེ་ལོང་བཞིན་གྱི་དཔྲལ་བའི་མིག་ཟུང་། །
ཡིད་ཀྱི་བཅུད་འཕྲོག་པདྨའི་མདངས་ལྡན། །
ཁྱོད་ལ་དུངས་བའི་གཡུ་སྦྲང་གཞོན་ནུས། །
རེ་སྒུག་སྟོང་གི་མིག་ཆུ་བསགས་ཡོད། །
སྙན་པའི་གཞས་ཆུང་སེམས་ཀྱི་སྒྲ་དབྱངས། །
རྣ་བའི་སྦུབས་ན་རླབས་བཞིན་འཕྱུར་ཡོང་། །
དུང་ཟླའི་འོད་ལ་འཐིམ་པའི་ཞལ་རས། །
མིག་གི་ལམ་ནས་ཡོལ་བ་མི་འདུག །
འུ་གཉིས་འགྱུར་མེད་རྡོ་རྗེའི་དམ་ཚིག །
གཙང་བོའི་རྒྱུན་ནས་འཛུམ་བརྒྱ་གྲོལ་ཡོང་། །
ཁྱོད་ལ་དུངས་བའི་སྤྲིན་པའི་རི་མོ། །
ཉི་མའི་གུར་ཁྱིམ་ཕྱོགས་ལ་བསྒྲོན་ཡོད། །
སེམས་ཀྱི་གསང་བའི་སྦྲང་རྩི་མངར་མོ། །
ཚིག་གི་སྦུ་ལ་དྲངས་ནས་ཐོན་དུས། །
ཕན་ཚུན་ཡིད་ཀྱི་འདོད་པའི་རི་མོ། །
ཆུ་ལ་ཆུ་བཞག་ཚུལ་དུ་འདྲེས་སོང་། །
སྙིང་གཏམ་དྲོན་མོ་ཕར་བཤད་ཚུར་བཤད། །
སེམས་ཀྱི་འདོད་པ་ཕར་འདྲེས་ཚུར་འདྲེས། །
འཇིག་རྟེན་སྣང་བའི་མེ་ཏོག་ཕོན་པོ། །
ལག་ཏུ་སོན་ན་ཨེ་མ་སྤྲོ་བ། །
ལྷན་འཛོམས་དུས་ཀྱི་སྤྲོ་དགའི་སྣང་བ། །
དྲན་པའི་ངོས་ནས་ཡལ་བ་མེད་ཀྱང་། །
སྐྱིད་པའི་སྣང་བརྙན་འཆར་ཐེངས་རེ་ལ། །
ཡ་ཆུང་སེམས་ཀྱི་འཛུལ་ཞལ་གྲོལ་ཡོང་། །
སྤྲོ་སྣང་དགའ་སྐྱིད་ཆར་ཀྱི་འབྲས་བུ། །
སྡུག་གི་ན་བུན་འདི་ཉིད་ཡིན་ན། །
འཇིག་རྟེན་འཁོར་བའི་ཆོས་ཉིད་འདི་ལ། །
སྙིང་བོ་མེད་འདྲའི་ཐེ་ཚོམ་སྐྱེས་བྱུང་། །
ཁྲུང་ཁྲུང་དཀར་མོར་སྐད་ཅིག་བསྐུར་ནས། །
གཡུ་འབྲུག་སྔོན་མོར་འཕྲིན་ཞིག་གཏོང་ཞོར། །
ལག་འཁྱེར་ངོས་ལ་མཛུབ་གུས་གནོན་དུས། །
བསམ་ཞིང་སེམས་བཞིན་ཨ་ཐང་ཆད་ཀི །
ཁྱེད་ཀྱི་ཁོག་ན་སེམས་ཤིག་ཡོད་ན། །
སེམས་ཀྱི་གསེང་ན་འདང་ཞིག་ཡོད་ན། །
བརྩེ་སེམས་གསོ་བའི་སྨན་མཆོག་འཕྲིན་འདི། །
མི་འགྱངས་མྱུར་དུ་ཁྱེད་ཀྱིས་གཟིགས་རོགས། །