ཚེ་ཡི་བྱིན་རླབས་གནང་བའི་ཨ་མ། ཁམས་པ་རབ་དབྱངས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

འཇིག་རྟེན་འདིར་ཆེས་དྲན་སླ་བ་ནི་ཨ་མའི་འཛུམ་ཞལ་ཡིན།  སྐྱེ་བ་འདིར་ཆེས་ཡིད་དུ་འོང་བ་ནི་ཨ་མའི་བྱམས་བརྩེ་ཡིན། ཨ་མ་ནི་སེམས་ཀྱི་རི་རབ་དང་མིག་གི་མཐའ་ཟུར་ནས་བོར་བ་མེད་པའི་མགོ་ཐོག་གི་གཏན་གྱི་ཉི་མ་དེ་ཡིན། ཨ་མ་ནི་འཇིག་རྟེན་འདིའི་འཚོ་བའི་གཏིང་རུམ་ནས་མངོན་པའི་ཚེ་ཡི་བྱིན་རླབས་གཅིག་པུ་དེ་ཡིན།  ངས་མི་ཚེ་ཕྱེད་ཀ་ས་མཐར་ལ་བསྐྱལ་རྗེས། ཨ་མ་ནི་ངས་ནམ་རྒྱུན་ཡིད་ལ་གསལ་ལྷིང་ངེར་ལུས་ལ་དྲོད་འཕྱུར་ལེ་བཞུགས་ཡོད་པས། ངའི་སྐྱེ་བ་འདི་ལ་ཁྱོད་ཉིད་སེམས་རྟེན་གཅིག་དུ་བསྒོམས་ཡོད། 

འཇིག་རྟེན་འདིར་འུར་ཟིང་དང་རྙོག་འཛིང་གི་དུས་ཚོད་ཅི་ཙམ་རྒོད་ནའང་། ཨ་མ་དྲན་པ་ནི་སྐྱེ་བ་གཅིག་གི་ཁྲེལ་གཞུང་ལ་བརྒྱུས་པའི་དྲིན་གཟོ་ཞིག་དང་། ཨ་མ་དྲན་པ་ནི་ཚེ་སྲོག་གི་དབུགས་རྒྱུན་སྲིང་བའི་དམ་ཚིག་ཅིག་ཡིན།  ལོ་ཟླ་དང་དུས་ཚོད་ཀྱི་འཁོར་སྐྱོད་མཚམས་སུ། ངས་འདས་ཟིན་གྱིས་མི་ཚེའི་རྐང་རྗེས་དང་འཚོ་བ་རེ་ལ་དྲན་གསོ་བྱས་རྗེས། ངའི་ཡིད་འཛིན་དྲན་པའི་ངོགས་སུ་བརྗེད་ཐུབ་མེད་པ་དེ་ཁྱོད་རང་གཅིག་པུ་ལས་གཞན་མི་འདུག ཁྱོད་ནི་དྲན་པར་སླ་བའི་ཚེ་སྲོག་གི་རྟེན་ཕུར་དངོས་མ་དེ་ཡིན་པར་འདུག 

སེམས་ཀྱི་སྤྲིན་དཀར་རིང་མོ་དེ་ཁྱོད་ཡིན། ངའི་འཇིག་རྟེན་གྱི་ཉི་ཟླ་གོར་གོར་ཁྱེད་ཀྱིས་བསྐྲུན།

དྲན་པའི་གཏིང་མཐའ་མངོན་པའི་དྲོད་ཁོལ། བརྩེ་བའི་བྱམས་ཆེན་གྱི་ཕ་རོལ་ནས། ཡིད་དུ་འོང་བའི་འཛུམ་ཆུང་དྲན་ཡོང་། རྒྱང་རིང་གི་ཡུལ་གྱར་བའི་འཚོ་བ་དྲན་ཐེངས་རེར། ཁྱོད་ནི་རི་བོ་བཞིན་བརྟན་པའི་རྒྱབ་རི་སྨུག་པོ་ཡིན། མི་ཚེ་འདིར་ས་མཐའ་བསྙེགས་དགོས་བྱུང་ཡང་། ཕུགས་བསམ་འདི་ཟླ་སྣེ་ཟླ་མཐུད་བྱས་ཀྱང་། ཁྱོད་ནའི་ངའི་ཚེ་སྲོག་གི་རྟེན་དུ་འགྱིང་ཡོད། དུས་ཚོད་འདི་འདུ་བྲལ་གྱི་སྣང་བས་བཞེངས་རྗེས། དྲན་པ་གཅིག་པུ་ནི་ཁྱོད་རང་ཡིན།  ཁྱོད་ནི་སེམས་ཀྱི་གཙང་ས་ཡིན། དྲན་པའི་རི་རབ་ཡིན། 

མེ་ལོང་གི་གཟུགས་བརྙན་རེས་འགྲིབ་ཏུ། ལོ་ཟླས་ཁྱེར་བའི་ན་ཟུག་དང་ལང་ཚོ། ཉིན་རེ་བཞིན་རྒུད་པའི་ཤུལ། ཁྱེད་ཀྱི་བྱམས་བརྩེ་ནི་ལོ་ཟླའི་གྲང་ཤུལ་ནས་སླར་ཡང་འཚེར། ཁྱོད་རང་སེམས་ཀྱི་གཏིང་རིམ་ནས་ཉི་ཟླ་བཞིན་ལུས་སེམས་ལ་འཕྲོས། ཁྱོད་རང་འཚོ་བའི་འདུ་བྲལ་ཀློང་ནས། སྙིང་ཉེ་བའི་ཞེ་རྩ་འཁོར་ས་དེ་ཡིན། མི་ཚེའི་དབུ་ཁྱུད་རིང་མོ་རེ་རེ་ནས། འཚོ་བའི་དགའ་སྐྱོ་གང་ལ་འཕྲད་ཀྱང་། ཁྱེད་ནི་ངའི་སེམས་ཀྱི་གཙང་པོ་ཡིན། ཁྱེད་ནི་འཚོ་བའི་རྟེན་སྐལ་དང་། འཇིག་རྟེན་གྱི་གནམ་གྱི་ཀ་བ་ཡིན། 

མི་ཚེ་འདིར་ཁྱོད་དང་ཉེ་བའི་སྐད་ཆ་འགས། ང་ལ་འཚོ་བའི་ཡིད་སྙིང་བསྲོས་བྱུང་། ཁྱེད་ཀྱི་མིག་ཟུང་དུ་བྱམས་བརྩེའི་མེ་དྲོད་འཁྱིལ། ཁྱེད་ཀྱི་གྲིབ་མ་ལ་བྱམས་བརྩེའི་ཉི་ཟེར་འཁོར།

ཁྱོད་ཡོད་པས་བདག་གི་འཇིག་རྟེན་དྲོ། ཁྱེད་ཀྱི་མཛེས་པ་འདི་ཀོས་བདག་ལ་བདེ་སྐྱིད་ཀྱི་ཉི་མ་ཤར། ཁྱོད་ཀྱི་ཤ་དང་རུས་པའི་ལྷུ་ལག་རྒུད་རྗེས། ངས་ཁྱོད་རང་ཡིད་ལ་མངོན་པ་ཐེངས་གཅིག་མིན། ཁྱེད་ཀྱིས་བདག་ལ་ཉི་ཟླ་གནང་བྱུང་། འཁོར་བའི་འདུ་བྲལ་གྱི་ལང་ཚོ་གནང་། བདག་གི་མི་ཚེའི་བཤུལ་ལམ་རིང་མོ་གནང་། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།