མཚོ་སྔོན་པོའི་ཡུལ་གྱི་རང་བྱུང་གི་བྲོ་རྫས་དང་སྒོག་པ་འགའི་མིང་གི་ཐོགས་ལུགས་དང་བཅས་ཕན་ནུས་སྐོར་རོབ་ཙམ་གླེང་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

དཀོན་མཆོག་ཚེ་རིང་། མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་།

དང་པོ། བྲོ་སྨན་གྱི་སྐོར།

དེ་ཡང་ང་ཚོའི་འཚོ་བའི་ཁྲོད་དུ་རྫས་སྦྱོར་གྱི་ཐབས་ལ་བརྟེན་ནས་བཟོས་པའི་བྲོ་སྨན་གྱི་རིགས་མང་པོ་ཞིག་ཡོད། ཡིན་ནའང་དེ་དག་མང་ཆེ་བ་ཁ་ལ་ཞིམ་པ་ཙམ་ལས་ཁོག་ལ་གནོད་པ་ཤ་སྟག་ཡིན། དེས་ན་ཆེས་ལྷད་མེད་ཅིང་མིའི་ལུས་ཕུང་ལ་ཕན་པ་ལས་གནོད་པ་མི་བྱ་བ་དེ་གང་ཡིན་ཟེར་ན། དེ་ནི་ང་ཚོའི་མཐོ་སྒང་ན་སྐྱེས་པའི་རང་བྱུང་གི་བྲོ་སྨན་ཏེ། གནའ་མི་ནས་ཁ་ཟས་སུ་རོལ་བའི་རི་བོང་གཡེར་མ་དང་གོ་ཏོག་སོགས་ཡིན། དེའི་ཚུལ་རེ་རེ་བཞིན་བཤད་པ་ལ།

གཅིག རི་བོང་གཡེར་མ།

རི་བོང་གཡེར་མ་ཞེས་པ་ནི་རི་བོང་གིས་བཟའ་རྒྱུའི་གཡེར་མ་ཞེས་སོ་སོས་བློ་བཟོ་ལྟར་བཏགས་པའི་མིང་ཞིག་ཡིན། དེའི་རྒྱུ་མཚན་ཡང་རི་བོང་ནི་ས་དྲོ་སར་འདུག་པ་ཞིག་སྟེ། ལྟོས་བཅས་ཀྱིས་རྩྭ་རྫོངས་མཐུག་ས་དང་ཉིན་ཁ་ས་ནས་འདུག དེ་བཞིན་དུ་རི་བོང་གཡེར་མ་ཡང་གནས་དེ་འདྲ་ཞིག་ཏུ་སྐྱེས་པ་དང་གཡེར་མའི་བྲོ་བ་ལྟར་རོ་ཅུང་ཟད་ཁ་བ་དང་སྦྲིད་པ་ཞིག་ཡིན་ཕྱིར། མི་རྣམས་ཀྱིས་དེ་ནི་ཕལ་ཆེར་རི་བོང་གིས་བཟའ་རྒྱུའི་ཡེར་མ་ཡིན་པ་ལྟར་བྱས་ནས་དེ་ལ་རི་བོང་གཡེར་མ་ཞེས་བཏགས་པ་ཡིན་ཞེས་རྒན་པ་རྣམས་ཀྱིས་བཤད་ལ། དེ་ལྟར་ཡུལ་སྐད་དུ་རི་བོང་གཡེར་མ་ཞེས་པ་དང་། གསོ་བ་རིག་པའི་གཞུང་དུ་འཇིབ་རྩི་དང་པྲི་ཡང་ཀུ་སོགས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན། གཡུ་ཐོག་སྔོ་འབུམ་ལས། “འཇིབ་རྩི་ཞིང་ཚིགས་སྐམ་ལ་སྐྱེ། །དྲི་ཞིམ་མེ་ཏོག་སྔོན་པོ་ཅན། །འདབ་མ་ཕྲ་ཞིང་གུར་གུམ་མཚུངས། །རིང་ཐུང་མཐོ་རེ་ཁྲུ་རེ་ཙམ། །ཕོ་མཆིན་ནད་དང་རིམས་ནད་སེལ། །”ཞེས་གསུངས་པ་ལྟར་རོ། ། དེའི་འབྲས་ཤུན་གྱི་ཁ་དོག་ནི་སྔོན་པོ་ཡིན་ལ། གཞུང་རྟའི་མདོག་ནི་སྨུག་པོ་ཡིན། དེའི་ལོ་མ་བསྐམས་ནས་བརྡུངས་རྗེས་ཀྱི་མདོག་ནི་དེ་ལས་ཀྱང་སྔོན་པོ་དང་ལྡན་པ་ཡིན། འདི་ཉིད་ཟླ5-6པར་བཏུ་དགོས་ལ། བྱ་མ་གྲག་གོང་ནས་བཏུ་དགོས་ཞེས་བཤད་སྲོལ་ཡོད་ཀྱང་། ཁ་སྟོད་སོགས་སུ་བྱ་མ་གྲག་གོང་ནས་་སྐྱེ་མི་ཐུབ་པས་མཐའ་གཅིག་ཏུ་མ་ངེས་པ་ཡིན། པྲི་ཡང་ཀུ་ནི་རྟེའུ་ཆུང་རྔོག་མ་འདྲ་ཞེས་བཤད་སྲོལ་ཡོད། འཁྲུངས་དཔེ་ལས་ཀྱང་། “པྲི་ཡང་ཀུ་ནི་ཉིན་སྲིབ་ཀར་ཡང་སྐྱེ། །ལོ་མ་མེ་ཏོག་སྔོན་པོ་སྟེ། །མེ་ཏོག་དར་སྔོན་ཕྱར་བ་འདྲ། །རོ་ནི་མངར་ཁ་མཆིན་ཚད་སེལ། །ཁྲག་གཅོད་རྨ་འདྲུབ་ཆུ་སེར་སྐེམ། །”ཞེས་དང་། དེའི་ལོ་སྡོང་མེ་འབྲས་ཡོངས་རྫོགས་བཀོལ་ཆོག་པ་ཞིག་ཡིན་ཏེ། རྒྱུན་པར་འཚོ་བའི་ཁྲོད་རི་བོང་གཡེར་མའི་བཀོལ་ཡུལ་གཙོ་བོ་ནི། སྔོན་ཆད་རྒན་པ་རྣམས་ཀྱིས་ཁྲག་གི་ནང་དང་ཇ་ཡི་ནང་སོགས་སུ་འདེབས་པར་བཤད་ལ། ཁྲག་གི་ནང་ལ་བཏབ་ན་རྒྱགས་ནས་བཀད་ནོ་མི་ཤེས་ཞེས་ཀུ་རེ་བཤད་སྲོལ་ཡང་ཡོད། འོན་ཀྱང་ད་ལྟ་ཧ་ལམ་དེ་སྤྱོད་ཀྱིན་མི་འདུག གང་ལྟར་དེའི་བྲོ་བ་ཅུང་ཟད་གཡེར་མའི་བྲོ་བ་དང་མཚུངས་ཏེ། ཚ་བ་དང་ཁ་བ་མཉམ་འདུས་ཤིག་ཡིན་ལ། ཇ་ལ་བཏབ་ནས་འཐུང་ན་ཡང་ཡང་དུ་འཐུང་འདོད་པ་ཞིག་ཡིན། གཞན་དེ་ནི་སྨན་གྱི་རིགས་ཤིག་ཡིན་པར། རྒན་པ་རྣམས་ཀྱིས་ཚ་བ་སོགས་འཇོམས་པའི་ནུས་པ་ཡོད་ཅེས་པ་ལྟར་རྒྱུད་བཞི་ལས་པྲི་ཡང་ཀུ་ཡིས་ཕོ་མཆིན་ཚ་བ་སེལ་ཞེས་གསུངས་པ་བཞིན་སྔོ་སྨན་གྱི་རིགས་ཤིག་ཀྱང་ཡིན་པ་གོང་དུ་སྨྲས་པ་བཞིན་ནོ། །

གཉིས། གོ་ཏོག

གོ་ཏོག་ཅེས་པ་ནི་རང་གི་རྩད་པ་ལ་བརྟེན་ནས་བཏགས་པའི་མིང་ཞིག་ཡིན་ཏེ། དེའི་རྩད་པ་ལ“ཙ་གོ”ཟེར་བ་དང་། ཙ་གོ་ཟེར་བ་ནི་གར་འབུ་དང་ཅུང་ཟད་འདྲ་བོ་འདུག ཙ་གོ་ལ་འབྲུ་ཐོགས་པ་དེ་ནི་གོ་ཏོག་ཡིན་ལ། ཙ་གོ་ལ་ཐོགས་པ་དང་དེའི་མེ་ཏོག་ལྟ་བུ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བཏགས་པ་ཡིན། གསོ་བ་རིག་པའི་གཞུང་དུ་འདི་ཉིད་ལ་གོ་སྙོད་དང་ཤུ་མི་ཟ་ཟེར་རོ། ། འཁྲུངས་དཔེ་ལས། “གོ་སྙོད་ཁ་ལུང་ན་ལས་སྐྱེས། །ལོ་མ་འཇོང་སྟབས་ཉག་ག་ཅན། །སྡོང་བོ་ཕྲ་རིང་རྩེ་མང་གྱེས། །མེ་ཏོག་དཀར་པོ་གདུགས་ལྟར་ཟླུམ། །འབྲས་བུ་ལ་ལ་ཕུད་འདྲ་སྣུམ། །ནུས་པས་སྐྲངས་འདུད་མིག་ནད་སེལ། །བད་ཀན་སེལ་ཞིང་དང་ཀ་འབྱེད། །“ཅེས་དང་། ཤེལ་ཕྲེང་ལས། “གོ་སྙོད་རླུང་ཚད་དུག་དང་མིག་ནད་སེལ། །ཞེས་གསུངས་པ་ལྟར་གཙོ་བོ་ཞིང་ཚུགས་ཀྱི་བར་དང་ཆུ་ཁ། ལུང་ཁུགས་དང་ན་ཁུགས་སོགས་སུ་སྐྱེ་བ་སྟེ། ས་བརླན་ས་དང་ས་བཅུད་འཛོམས་ས་རུ་མང་པོར་སྐྱེ་བ་ཞིག་ཡིན། གཞུང་རྟ་ཕྲ་ཞིང་རིང་ལ་མེ་ཏོག་ནི་གདུགས་དབྱིབས་ལྟར་སྐྱེ་ཞིང་མདོག་ནི་དཀར་པོ་ཡིན། འབྲུའི་མདོག་ནི་ལྗང་གུ་དང་། ཟླ་བདུན་པ་ནས་དགུ་པའི་བར་བཏུས་ནས་སྐམ་གསེད་ལེགས་ཚགས་བྱ་དགོས་པ་ཞིག་ཡིན། བརྡུངས་རྗེས་ཀྱི་མདོག་ནི་ཅུང་ཙམ་དམར་སེར་ཡིན་ལ་ཁྲུས་སྨན་གྱི་མདོག་ལྟར་མངོན། ཡང་དེའི་རོ་ནུས་དང་ཡོན་ཏན་ལ། “རོ་བསྐ་བ་དང་ཚ་བ་ཡིན། ངོ་བོ་དྲོད་ཞིང་དུག་མེད། བྱེད་ལས་ནི་སྙིང་གི་ནད་དང་ཕོ་བའི་ནད་སོགས་ལ་ཕན།”ཞེས་གསུངས་པ་ལྟར། དེའི་བྲོ་བ་ནི་གཙོ་བོ་ཚ་བ་དང་ལྡན་ཞིང་། མང་དྲགས་པར་བཏབ་ན་ལྕེ་རྩེ་སྦྲིད་པ་ལྟ་བུའི་ཚོར་བ་སྟེར།གོ་ཏོག་གི་བཀོལ་ཡུལ་ནི་ཕལ་ཆེར་གོང་དང་མཚུངས་ཤིང་། འོ་ཇའི་ནང་དུ་འདེབས་པ་དང་། ཤ་དང་སྤོད་ཡ་བྱས་ནས་བཟའ་བ། དེ་ཡང་རྒན་པ་རྣམས་ཀྱི་ཚང་ར་དང་མིག་སོགས་ལུས་ཕུང་ལ་ཕན་པ་ཆེ་བའི་བྲོ་རྫས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པར་མ་ཟད། གོ་ཏོག་བཏུས་རྗེས་རྩམ་པའི་ནང་དུ་ཕྱེ་མར་འཐག་ནས་ལུས་སྟོད་སོགས་སུ་བྱུགས་ན་ཁྲག་རླུང་གིས་ན་བའི་གཟེར་ཟུག་གཅོད་ཐུབ་པ་དང་རྒྱུན་པར་ཟ་མའི་ནང་དུ་བྲོ་སྨན་བྱས་ནས་ཟོས་ན་ཟ་མའི་ནང་གི་དུག་ཚད་སེལ་ཐུབ་པར་བཤད་དོ། །

གཉིས་པ། སྒོག་པའི་སྐོར།

ང་ཚོས་ད་ལྟ་ལོངས་སུ་སྤྱོད་བཞིན་པའི་སྒོག་པ་ནི་མིའི་རྩོལ་བ་ལ་བརྟེན་ནས་སྐྱེས་པའི་སྔོ་ཚལ་གྱི་རིགས་ཏེ། ས་ཞིང་ལྟར་མང་པོ་བཏབ་སྟེ་རྗེས་སུ་ཚོང་རར་ཉོ་བཞིན་པའི་སྒོག་པ་དེའི་སྐོར་ཡིན། ཡིན་ནའང་། ང་ཚོས་རང་གི་ས་གནས་ན་རང་བྱུང་གིས་སྐྱེས་པའི་སྒོག་པ་དེ་ཤེས་ཀྱིན་མི་འདུག དེ་ལ་ར་སྒོག་དང་འབྲོང་སྒོག སྒོག་ཐོགས་སྔོ་རིས། ཅ་རིལ་དང་བྱི་སྒོག རི་ཀེའུ་སོགས་མང་པོ་ཞིག་འདུག་ལ། ཤེལ་ཕྲེང་ལས། “བཙོང་སྒོག་གཉིད་འཕེལ་ཟས་ལེན་བད་རླུང་སེལ།”ཞེས་གསུངས་པ་ལྟར། རང་བྱུང་གི་སྒོག་པ་དེའི་རིགས་ལ་ཕན་ནུས་ཀྱང་མི་ཉུང་བ་ཞིག་ཡོད་པ་སྨོས་མ་དགོས་སོ། །

གཅིག ར་སྒོག

ར་སྒོག་ནི་ར་མས་བཟའ་རྒྱུའི་སྒོག་པ་སྟེ། གཙོ་བོ་བྲག་ངོས་སུ་ཚོམ་བུ་དང་ཚོམ་བུ་བྱས་ནས་སྐྱེ་བ་ཞིག་ཡིན། ར་མ་བྲག་ལ་མི་ཐོགས་པ་ཡང་དེའི་ཆེད་དུ་ཡིན། ཡིན་ནའང་། ར་སྒོག་ཡིན་ན་ར་མ་ཁོ་ནས་བཟའ་རྒྱུ་ཞིག་མ་ཡིན་ཏེ། གཙོ་བོ་མི་རྣམས་ཀྱིས་ཕྱུགས་ཟོག་སྒང་ལ་འདེད་དུས། ར་མ་བྲག་ལ་མི་ཐོགས་པར་དེ་ཟ་བའི་ཆ་ནས་ར་སྒོག་ཟེར། དེའི་ཕྱིར་དེ་ནི་མིའི་ཟས་སུ་མི་རུང་བ་ཡང་ག་ལ་ཡིན་ཏེ། སྔོན་ཆད་སྒང་ནས་ཕྱུགས་འཚོ་ཞོར་ར་སྒོག་མང་པོ་བཏུས་ནས་ཡུལ་ལ་ལོག་ན། ར་སྒོག་གིས་སྒོག་ཚོད་བཅའ་བ་དང་། འོ་མ་སྤོད་ཡ་བྱས་ནས་བཟའ་བ་སོགས་རོ་བཅུད་ཕུན་སུམ་ཚོགས་པའི་ཟས་རིགས་སྣ་མང་བཟོས་ཆོག གཞན་གོ་རེ་དང་བསྡེབས་ནས་བཟའ་བ་དང་ཤའི་སྤོད་ཡ་བྱས་ནས་བཟའ་བ་སོགས་མང་པོ་ཡོད། ཡུལ་ལ་ལར་དེ་ལ་འཛིམ་པ་དང་། འཛིམ་བུ། འཛིམ་སྒོག་ཅེས་ཀྱང་ཟེར། འཁྲུངས་དཔེར། “འཛིམ་ནག་གཡའ་དང་བྱེ་མར་སྐྱེ། །ལོ་མ་རྒྱ་ཁབ་གཤིབ་པ་འདྲ། །མེ་ཏོག་སྒོག་སྡིས་དམར་ཆུང་ལ། །རོ་ཚ་དྲི་དུག་མགོ་སྲིན་འཇོམས། །”ཞེས་གསུངས་པ་དང་། དེའི་བྲོ་བ་ཧ་ཅང་བཙན་ཏེ། གཏུབས་དུས་ཀྱང་མིག་ཆུ་འཛག་ནས་མིག་ཕྱེ་མི་ཐུབ་པ་ལྟ་བུ་ཡིན། ཁ་ཅིག་གིས།“ར་སྒོག་ཟོས་ནས་ར་མ་མ་རེད”ཅེས་ཀུ་རེ་བརྩེས་ནའང་། དོན་དམ་དུ་ར་སྒོག་ཟོས་མ་མྱོང་བ་ཡོད་ནའང་། ཟོས་རྗེས་མི་བཟའ་ཟེར་ནི་ཧ་ཅང་ཉུང་བ་རེད། ར་སྒོག་ནི་དཔྱིད་ཀ་ཚེས་པ་ནས་བཟུང་སྐྱེ་མགོ་བརྩམས་པ་ཞིག་ཡིན། དཔྱིད་མཇུག་རྫོགས་མ་ཐག་པའི་བར་དེར། དེའི་བྲོ་བ་དང་བཅུད་སོགས་གང་ཅིའི་ཐད་ནས་ཀྱང་འཛོམས་པོ་ཡིན་ཏེ། དབྱར་ཁར་ཡང་མི་ལེགས་པ་མེད་མོད། དེ་དུས་འབུས་གནོད་པ་ཅུང་ཟད་ཐེབས་པ་ཡིན། སྟོན་ཁ་མགོ་སྨིན་ནས་མེ་ཏོག་བཞད་དུས། དེ་ཕལ་ཆེར་ཤིང་ཟིན་ལ། དེ་དུས་ཕྱུགས་ཟོག་གིས་ཟོས་ན་མགོ་འབུ་ཞུགས་སླ་བ་ཡིན་ཞེས་བཤད་སྲོལ་ཡང་ཡོད།

གཉིས། འབྲོང་སྒོག

འབྲོང་སྒོག་ནི་མཐོ་སྒང་གྲུ་གཟིངས་ཞེས་གྲགས་པ་འབྲོང་གིས་བཟའ་བའི་ཆ་ནས་བཏགས་པ་ཞིག་ཡིན་པ་ཆ་མ་འཚལ་མོད། འོན་ཀྱང་དེ་ནི་འབྲོང་དང་འབྲེལ་བ་མེད་པ་ཞིག་ཀྱང་མིན་ཏེ། འབྲོང་ནི་རི་མཐོ་ས་ནས་འདུག་པ་དེ་བཞིན་དུ། འབྲོང་སྒོག་ཀྱང་རི་མཐོ་སར་སྐྱེ་བ་ཞིག་ཡིན། དེའི་ཕྱིར་མི་རྣམས་ཀྱིས་དེ་ནི་འབྲོང་གི་བཟའ་རྒྱུའི་སྒོག་པ་ཡིན་པ་ལྟར་བྱས་ནས་དེ་ལ་འབྲོང་སྒོག་ཟེར་ཞེས་རྒན་པོས་ངག་ལས་འཁྲོལ། ཡང་ཅིག་བཤད་ན། སྒོག་པ་དེའི་བྲོ་བ་ཧ་ཅང་བཙན། སྤོད་ཡ་མེད་ན་ཁ་ཚ་ནས་སྣབས་ལུག་པ་ཡང་མི་ཤེས། རྒྱུ་མཚན་དེ་གཉིས་ཀྱི་སྒོ་ནས་འབྲོང་སྒོག་ཅེས་བཏགས་པ་ཞིག་ཡིན་ཞེས་བཤད། འཁྲུངས་དཔེར། “ཤ་སྒོག་ཅེས་བྱ་རི་མགོར་སྐྱེ། །ལོ་མ་ཙོང་འདྲ་མེ་ཏོག་སེར། །རོ་ནི་མངར་ལ་ཅུང་ཟད་ཁ། །རང་གི་ནུས་པས་མོ་ནད་དང་། །སྲིན་ནད་མ་ལུས་འཇོམས་པར་བྱེད། །”ཅེས་གསུངས་པ་དང་། སྨན་གཞུང་རྣམས་སུ་རི་སྒོག་དང་། ཡུལ་སྐད་ལ་ལར་སྒོག་སྡིས་གསེར་མགོ་དང་། ཨ་སྒོག་སེར་ལུ། ཤ་བ་རྩི་བཅས་ཟེར་བ་ཡིན། འབྲོང་སྒོག་ནི་རྫ་མགོའི་ཉིན་ཁའི་བྲག་གསེང་དང་རྩྭ་གསེབ་ནས་སྐྱེ། དེ་ནི་ར་སྒོག་དང་བསྡུར་ན་ཆེ་ཞིང་ཉག་མ་ལེབ་ལེབ་དང་ཅུང་ཙམ་འཇག་མ་དང་འདྲ། དེའི་རྩད་པ་མགོ་ལས་ཆུང་ལ། རྩད་པ་ནི་ཅ་རིལ་གྱི་རྩད་པ་དང་འདྲ། དེ་ནི་ཤ་ཁུ་སོགས་ཀྱི་ནང་དུ་གདུས་ནས་ཟོས་ན་བྲོ་བ་ཅུང་ཉམས་སྲིད་པ་དང་། རློན་པར་ཟོས་ན་བྲོ་བ་ཧ་ཅང་ལྡན། དཔྱིད་ཀ་ནས་སྐྱེ་མགོ་བརྩམས་པ་དང་། དབྱར་ཁའི་དུས་སུ་སྐྱེ་ཚད་ལོངས་པ་དང་། དེ་དུས་མགོ་ནས་ཁ་མ་བཀད་པའི་མེ་ཏོག་གང་བུ་ཞིག་ཀྱང་ཐོགས་སྲིད། ཡིན་ནའང་། དབྱར་ཁ་ཡལ་ནས་སྟོན་ཁ་སླེབས་རྗེས་དེའི་བྲོ་བ་ཡང་ཉམས་ནས་མི་ཞིམ་པར་འགྱུར

གསུམ། ཅ་རིལ།

ཅ་རིལ་ནི་རང་གི་རྩད་པ་ལ་བརྟེན་ནས་ཐོགས་པའི་མིང་ཞིག་སྟེ། དེའི་རྩད་པ་ནི་རིལ་རིལ་རྒྱགས་པོ་ཞིག་ཡིན་པས་མི་རྣམས་ཀྱིས་དེ་ལ་ཅ་རིལ་ཟེར་བ་ཡིན། རྩད་པའི་མདོག་ནི་དཀར་པོ་དང་གཞུང་རྟ་ལྗང་གུ། མགོ་སྨིན་ཚེ་སྐྱ་བོ་ཞིག་ཡིན། དམངས་ཁྲོད་ཀྱི་ཁེད་ཀྱི་ནང་ནས་ཀྱང་། “མཛོ་མོ་དཀར་ལྡང་ས་འོག་ན་ཡོད། །སྣ་ཐིག་ལྗང་གུ་ས་ཁ་ན་ཡོད། །”ཅེས་བཤད། དེ་ནི་གཙོ་བོ“ཐོད་མགོ”དང་རི་རྐེད། ཉག་ཁ་སོགས་ནས་གཅིག་རེ་གཅིག་རེར་སྐྱེ་བ་དང་། དཔྱིད་ཟླ་ཚེས་པ་ན། དེ་ཡང་མྱུ་གུ་འབུས་མགོ་རྩོམ། དཔྱིད་དཀྱིལ་ནི་དེའི་བྲོ་བ་ཆེས་བཟང་ཤོས་ཀྱི་དུས་ཡིན་ལ། དཔྱིད་ཀ་ཡལ་ནས་དབྱར་ཁ་སླེབས་ཚེ་ཕལ་ཆེ་བ་ཞིག་གི་བྲོ་བ་དེ་འདྲ་བཟང་རྒྱུ་མེད། དེ་ནས་སྟོན་ཁ་སླེབས་པ་ན། དེ་ལ་མེ་ཏོག་ཐོགས་པ་དང་གཞུང་རྟ་ཤིང་ནས་བྲོ་བ་མེད་པར་འགྱུར། ཡིན་ནའང་། དེ་ལ་གཞན་དང་མི་མཚུངས་པའི་རྩད་པ་ཞིག་ཡོད། སྟོན་ཁ་ཡལ་ནས་དགུན་ཁ་སླེབས་ཀྱང་། དེའི་རྩད་པའི་བྲོ་བ་ཡལ་རྒྱུ་མེད། ཡིན་ནའང་། དེའི་རྩད་པ་ས་འོག་ན་ཡོད་པས་རྙེད་དཀའ་བ་ཡིན། ཅ་རིལ་གྱི་བྲོ་བ་ནི་སྒོག་དྲི་དང་ལྡན་ཞིང་། སྒོག་པའི་བྲོ་བ་ལྟ་བུ་དེ་འདྲའི་ཁ་ཚ་བ་ཞིག་མིན་མོད། དེས་སྒོག་ཆུ་བཟོ་བ་དང་ཤ་དང་སྤོད་ཡ་བྱས་ནས་ཟོས་ན་བྲོ་བ་ཧ་ཅང་ཞིམ། བྱིས་དུས་སུ་ལུག་རྫིར་སོང་ན་བྲོ་ཁ་ལ་སྤྱོད་པ་སོགས་བྱེད། གཞན་ཡང་རི་ཀེའུ་དང་བྱི་སྒོག་སོགས་སྒོག་པའི་རིགས་མང་ནའང་། གོང་གི་དེ་དག་ནི་སྔོན་གྱི་མི་རྣམས་ཀྱིས་གཙོ་བོ་སྤྱོད་པའི་ཆ་ནས་བཤད་པའོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།