རང་རེའི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ནས་བརྙན་ཕབ་བྱས་པའི་བོད་སྐད་བརྙན་ཐུང《བྱ་དེ་གང་ལ་འཕུར་སོང་》ཞེས་པར་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅོ་ལྔ་པའི་ཧྭ་ཧྲའོ་བརྙན་ཐུང་སྡེ་ཚན་ལས་ཨང་གསུམ་པའི་གཟེངས་རྟགས་ཐོབ། བརྙན་ཐུང་འདིས་རི་ཆུ་སྟོང་ཕྲག་ཐད་ཀྱིས་བཅད་དེ་ཨའོ་མཱིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་། ཨའོ་མཱིན་རྒྱལ་སྤྱིའི་བརྙན་ཐུང་འགྲེམ་སྟོན། རྒྱལ་ནང་དང་ཐའེ་ཝན་ལྷན་གཅིག་པའི་གཞོན་ནུའི་གློག་བརྙན་འགྲེམ་སྟོན། ཀྲུང་གོའི་ན་གཞོན་གློག་བརྙན་དུས་སྟོན་སོགས་འགྲེམ་སྟོན་ཆེ་གྲས་བདུན་ལ་ཚུད་ཅིང་གཟེངས་རྟགས་དུ་མ་བདག་གིར་བཞེས་ཏེ་ཕ་ཡུལ་ཀླུ་ཆུའི་མཛེས་པ་རྒྱལ་སྤྱིའི་སྟེགས་བུར་བསྐྱལ། བརྗོད་བྱ་བོད་བྱས་པའི་བརྙན་ཐུང་འདི་རླུང་གི་གཤོག་པ་ཐོགས་འདྲའི་རྟ་མཆོག་ཐོལ་བྱུང་བ་ཅིག་དང་འདྲ་བར་གློ་བུར་དུ་ཀུན་གྱི་མིག་དབང་འཕྲོགས། བརྙན་ཐུང་འདིས་བན་དེ་ཆུང་ཆུང་ཞིག་གིས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་བཀོལ་ཏེ་གླུ་དབྱངས་ཆེད་ཚོགས་ཞིག་ལ་ལྟད་མོར་ཕྱིན་པའི་དོན་དག་ཅིག་བརྗོད་ཡོད། འཁྲབ་ཁྲིད་པས་བཅར་འདྲི་དང་ལེན་བྱས་ཏེ“འདི་ནི་གཞན་གང་ཞིག་ལ་ངོ་རྒོལ་བྱས་པའི་གཏམ་རྒྱུད་ཅིག་མ་ཡིན་པར། འདི་ནི་རང་ཉིད་ཀྱི་བདེན་པ་འཚོལ་བའི་གཏམ་རྒྱུད་ཅིག་ཡིན”ཞེས་འགྲེལ་བཤད་བྱས།
རྡོ་རྗེ་རྒྱལ་མཚན་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གི་མི་ཡིན། སློབ་ཆེན་དངོས་གཞིའི་སྐབས་བོད་སྐད་གློག་བརྙན་རིང་གྲས《དབུགས་ལྒང་》དང་། 《ལམ་ནོར་བ》《བག་མ》སོགས་ཀྱི་ཕབ་སྐྲུན་བྱ་བར་ཞུགས་པ་དང་། སྒྲུང་རིང《ང་བཏང་ན་ང་ཉིད་ལ་འགྱུར》ཞེས་པ་བརྩམས་ཏེ་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་དུས་དེབ་ལེགས་གྲས《ཤྭ་སྐྱ》ཞེས་པར་བཀོད། 2023ལོར་ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་གྱི་ཤེས་རམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་གློག་བརྙན་སློབ་གཉེར་གྱི་རྒྱུན་བསྐྱངས། 《བྱ་དེ་གང་ལ་འཕུར་སོང་》ཞེས་པ་ནི་ཞིབ་འཇུག་སློབ་མའི་སློབ་སྐབས་དང་པོར་ཕབ་སྐྲུན་བྱས་ཤིང་དེ་ནི་ཁོང་གི་བརྙན་ཐུང་བརྩམས་ཆོས་ཐོག་མ་ཡིན།