མདོག་གསུམ་པདྨའི་ལུང་པར་དཔྱིད་ཀྱི་དཔལ་ཡོན་ཤར།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

མཛེས་པའི་མཐོ་སྒང་གི་ས་ཆ་སྟེ་མདོག་གསུམ་པདྨའི་ཡུལ་ལ་དཔྱིད་ཀྱི་དཔལ་ཡོན་ཤར་བྱུང་། ཟླ4པའི་ཚེས17ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་དྷི་མདའ་ཞང་ལ་མཚོན་ན་ཉིན་བཟང་དུས་བཟང་གི་ཉིན་མོ་སྟེ། དཔྱིད་ཀྱི་རྨོ་འདེབས་ཉིན་མོ་རེད།

ཉིན་དེར་ཡུལ་མི་རྣམས་ཞིང་ས་ནང་དུ་བྲེལ་འཚུབ་ཆེ་བའི་རྨོ་འདེབས་ཀྱི་ལས་ལ་བྲེལ་འདུག ཞོགས་པའི་དུས་ནས་བཟུང་མདོག་གསུམ་པདྨ་ལུང་པའི་དྷི་མདའ་ཞང་གི་རྒན་དར་གཞོན་གསུམ་གྱི་ལུས་ལ་དུས་ཆེན་གྱི་ལྭ་བ་གྱོན་ནས་སྤྲོ་སྣང་ལྡན་པའི་སྐོར་བྲོ་འཁྲབ་པ་དང་། སྙན་ཆ་ལྡན་པའི་འབྲོག་གཞས་སྨར་ཁོག་ལུང་པར་ཁྱབ་ཅིང་། ཁོ་ཚོས་མཛེས་སྡུག་ལྡན་པའི་ཞབས་བྲོའི་ཉམས་འགྱུར་དང་མི་སེམས་འགུལ་བའི་གླུ་དབྱངས་ལ་བརྟེན་ནས་རང་ཉིད་འཚོ་སྡོད་བྱེད་སའི་ས་ཆ་དེར་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཕུལ་ཡོད། སྐབས་དེར། མི་དང་ས་གཞི་གཉིས་གཞི་གཅིག་ཏུ་འདྲེས་ནས་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་དཔྱིད་ཀྱི་རྟེན་འབྲེལ་མཛད་སྒོར་གཞན་དང་ཐུན་མོང་མ་ཡིན་པའི་ཚེ་སྲོག་གསར་པ་ཞིག་གི་གསོན་ཤུགས་རྒྱས་ཡོད། དེ་ནི་ས་མཐོའི་དཔྱིད་ཀའི་ཆེས་ཡིད་དབང་འཕྲོག་པའི་རྣམ་པ་ཞིག་རེད།

དེའི་འཕྲོར། ཡུལ་མི་ཚོས་རྨོན་གཞས་སྙན་མོ་ལེན་ཞོར་ད་ལོའི་དཔྱིད་ཀྱི་ས་བོན་ཐོག་མ་སྟེ་ནས་ཀྱི་ས་བོན་ས་ཞིང་ས་གཤིན་པོའི་སྟེང་གཏོར་བ་དང་ལྷན་དུ་རྨོ་མཛོ་དོར་དུ་སྦྲེལ་ནས། དྲོ་ཞིང་འཇམ་པའི་ཉི་འོད་འོག་ཏུ་རྨོ་ཤུར་དང་པོ་དེ་བརྒྱབ། དེ་དང་ཆབས་ཅིག་དར་ཚོན་སྣ་ལྔས་བརྒྱན་པའི་དེང་རབས་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར་གྲལ་སྟར་བསྒྲིགས་ནས་ཡོང་བ་ན། སྲོལ་རྒྱུན་དང་ཚན་རྩལ་ནི་ས་ཆ་དེར་འཆམ་མཐུན་ངང་གཅིག་མཐུན་བྱེད་ཀྱིན་ཡོད་པ་རིམ་གྱིས་རྟོགས་ཡོང་།

རྨོ་འདེབས་བྱ་བ་བདེ་བླག་ངང་སྤེལ་བར་འགན་ལེན་བྱ་ཆེད། པདྨ་རྫོང་གིས་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འགན་ལེན་ལ་ཤུགས་བསྣན་ནས་ས་བོན་དང་། ལུད་རྫས། ཞིང་སྨན་སོགས་དངོས་རྫས་འདང་ངེས་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།