གེ་སར་སྒྲུང་གིས་སློབ་གྲྭ་ཆུང་འབྲིང་གི་སློབ་གསོར་ཐོན་པའི་ནུས་པར་དཔྱད་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཆོས་བཟང་། བོད་ལྗོངས་སློབ་གྲྭ་ཆེན་མོ།

གེ་སར་སྒྲུང་ནི་བོད་རིགས་མི་དམངས་ཀྱི་རྣམ་དཔྱོད་ལས་བྱུང་བའི་ཤེས་བྱ་ཀུན་འདུས་ཀྱི་བང་མཛོད་ཅིག་ཡིན་གཤིས། དེར་བོད་མིའི་སློབ་གསོའི་བསམ་བློ་དང་མཛེས་དཔྱོད་ཀྱི་ལྟ་བ། རིག་གནས་ཀྱི་སེམས་ཁམས། དགེ་སྡིག་གི་རྣམ་གཞག བླང་དོར་གྱི་ཚད་ཐིག་སོགས་རིགས་སྣ་མང་འདུས་ཡོད། སློབ་མའི་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་རྒྱུ་གཙིགས་ཆེན་དུ་འཛིན་བཞིན་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ཁྲོད་དུ། སློབ་མའི་སེམས་ཁམས་བདེ་ཐང་ལ་དོ་སྣང་དང་སློབ་རའི་འཚོ་བ་ཕུན་ཚོགས་སུ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པས་ན། སློབ་རའི་བྱ་འགུལ་འདྲ་མིན་དུ་གེ་སར་སྒྲུང་དང་འབྲེལ་བའི་ནང་དོན་སྣ་ཚོགས་བཀོད་སྒྲིག་བྱས་ཚེ། དེས་སློབ་མའི་སློབ་སྦྱོང་གི་ངལ་དུབ་སེལ་ཐུབ་པར་མ་ཟད། སློབ་མའི་རྒྱུད་ལ་རང་ཡུལ་གྱི་ཐུན་མོང་མ་ཡིན་པའི་མི་ཆོས་བསམ་བློ་དང་རིན་ཐང་ལྟ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་བཅས་ཀྱི་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་ངེས།

དང་པོ། གེ་སར་སྒྲུང་གིས་མི་ཆོས་སློབ་གསོ་ལ་ཐོན་པའི་ནུས་པ།

གེ་སར་སྒྲུང་ནི་བོད་ཀྱི་དམངས་ཁྲོད་ནས་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་པའི་རིག་གནས་ཤིག་ཡིན་པས། དེའི་ནང་དུ་བོད་རིགས་མི་དམངས་ཀྱི་བདེན་དགེ་མཛེས་གསུམ་གྱི་མི་ཆོས་བསམ་བློ་ཕུན་སུམ་ཚོགས་པ་ཞིག་འདུས་ཡོད་ལ། དེ་དག་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བློ་ཁ་དང་འཚམ་ཞིང་། རྒྱུད་ལ་མི་ཆོས་རིག་གནས་ཀྱི་བག་ཆགས་འཇོག་པར་ཕན་པ་ཆེན་པོ་ཡོད།

དེ་ཡང《ཧོར་གླིང་གཡུལ་འགྱེད》ལས།“གོས་གོང་བ་མེད་ན་བཟོ་འཕྲོ་རེད། །མཚོན་ཡུ་བ་མེད་ན་གྲོ་ལུ་རེད། །གཏམ་ཕུགས་སོ་མེད་ན་རྫུན་གཏམ་རེད། །”ཅེས་ལུས་ཀྱི་གོས་ལ་གོང་བ་དང་ལག་གི་མཚོན་ཆ་ལ་ཡུ་བ་ཡོད་པ་ཇི་བཞིན་དུ། རང་གིས་བཤད་པའི་གཏམ་གང་དེ་ཡང་ཁུངས་འཕེར་ཞིང་གནས་ལུགས་དང་ལྡན་པ་ཞིག་ཡིན་དགོས་པ་བརྗོད་འདུག གཏམ་བདེན་པ་སྨྲ་བ་ནི་བོད་མིའི་མི་ཆོས་ཀུན་སྤྱོད་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་ཏེ། 《ཕུ་ནུའི་མདོ》ལས་ཀྱང་།“ཉེས་པ་ཡོན་པོ་བྱེད་བྱེད་དེ། གསོན་བ་བས། དྲང་པོ་སྙོམས་པ་བྱེད་དེ་ཤི་ཡང་བླ་བ་ཚམ་དུ་སྲན་གཟུགས་དགོས་སོ། །”ཞེས་རྫུན་དང་གཡོ་སྒྱུ་ཡི་ལས་ལ་མགོ་འཁོར་ནས་གསོན་པ་ལས། དྲང་པོ་དང་བདེན་པ་བྱས་ནས་ཤི་ཡང་ཆོག་སྙམ་པའི་བསམ་བློ་སྟེ། བདེན་པ་སྲོག་ཏུ་བཟུང་དགོས་པར་སྐུལ་འདུག མི་དྲང་པོ་དང་བདེན་པ་ཞིག་ཏུ་འགྱུར་ཐུབ་དགོས་ན་གཏམ་བདེན་པ་སྨྲ་བར་གོམས་པ་བགྱི་བ་ནི་ཆེས་མ་མཐའི་རྩ་དོན་ཞིག་རེད།

འབྲོག་པའི་ཕྱུགས་ལས་དང་རོང་གི་ཞིང་ལས། སློབ་མའི་སློབ་སྦྱོང་། གྲོང་གི་ཚོང་འདུས་སོགས་འཇིག་རྟེན་གྱི་བྱ་བ་གང་ལ་ཞུགས་ཀྱང་འགྱུར་ལྡོག་སྣ་ཚོགས་ཤིག་འབྱུང་ངེས་པ་ནི་ཆོས་ཉིད་ཅིག་ཏུ་གྲུབ་ཡོད་པས། སྔ་བསམ་ཕྱི་མནོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད། གླིང་སྒྲུང་དུ།“བློ་སྔོན་དུ་དྲན་པ་གྲུང་པོ་ཡིན། །རྒྱབ་ལ་དྲན་ན་གླེན་པ་ཡིན། །འགྱོད་པ་ལས་ཀྱི་ཐ་མ་ཡིན། །ཕོ་རབ་དེ་མ་ཐག་ནས་དྲན། །ཕོ་འབྲིང་རི་ཐང་མཚམས་ནས་དྲན། །ཕོ་ཐ་མས་སྐྱ་ཕྱ་ཐང་ནས་དྲན། །དེ་ནས་དྲན་དང་མ་དྲན་མེད། །”ཅེས་སྐྱེས་ཕོ་རབ་དང་ཕོ་འབྲིང་། ཕོ་ཐ་གསུམ་གྱིས་འཕྲལ་ཕུགས་ཀྱི་བྱ་བ་ལ་བསམ་བློ་གཏོང་ཤེས་མིན་གྱི་དབྱེ་བ་གསལ་པོ་བཤད་འདུག འཇིག་རྟེན་གྱི་བྱ་བ་གང་ཞིག་ལ་འཇུག་ན་ཡང་། གནས་སྐབས་ཀྱི་ཁེ་ཕན་ཙམ་ལ་བསམ་བློ་མི་གཏོང་བར་ཕུགས་ཀྱི་ཕན་གནོད་ལ་བསམ་བློ་ཞིབ་ཕྲ་གཏོང་ཤེས་རྒྱུ་ཧ་ཅང་གལ་ཆེ་ཞིང་། དེ་ནི་མི་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་འབྱེད་པའི་ཚད་ཐིག་ཅིག་ཀྱང་རེད།

《ཧོར་གླིང་གཡུལ་འགྱེད》ལས། “སྐོམ་ན་ཡུར་ཆུ་མི་འཐུང་བ། །བྲེ་སེར་འབྲོང་གི་ངང་ཚུལ་ཡིན། །ལྟོགས་ན་ཕུབ་རུལ་མི་ཟ་བ། །ཁ་དཀར་རྐྱང་གི་ངང་ཚུལ་ཡིན། །སྡུག་ན་མཆི་མ་མི་གཏོང་བ། །སྐྱེས་པ་ཕོ་ཡི་དཔའ་ཚུལ་ཡིན། །”ཞེས་ཀུན་ལ་ཆ་རྒྱུས་ཡོད་པའི་བོད་རང་སའི་སྲོག་ཆགས་བྲེ་སེར་འབྲོང་དང་ཁ་དཀར་རྐྱང་བཅས་ཀྱི་ཁྱད་གཤིས་ལ་དཔེར་བཀོད་ནས། སྐྱེས་ཕོ་རབ་ཅིག་ཡིན་ན་དཀའ་ངལ་དང་འཕྲད་པའི་དུས་སུ་མིག་ཆུ་མི་གཏོང་བར། བློ་སྤོབས་ཆེར་བསྐྱེད་ཀྱིས་གདོང་ལེན་བྱེད་དགོས་པའི་སྐུལ་མ་བཏང་འདུག མི་མཆོག་དམན་བར་གསུམ་གང་ཡིན་རུང་། མི་ཚེའི་དུས་རིམ་འདྲ་མིན་ལ་དཀའ་ངལ་འདྲ་མིན་སྣ་ཚོགས་ཤིག་དང་འཕྲད་ངེས་པ་ནི་ཧ་ཅང་རྒྱུན་ལྡན་ཞིག་ཡིན་ཞིང་། དཀའ་ངལ་དེ་དག་སྤོབས་པ་དང་བཅས་ཏེ་གདོང་གིས་བསུ་ཐུབ་མིན་ནི་རྒྱལ་ཕམ་དབྱེ་འབྱེད་ཀྱི་གནད་འགག་ཅིག་ཡིན། སློབ་གྲྭ་ཆུང་འབྲིང་གི་སློབ་མ་དག་གིས་གེ་སར་སྒྲུང་ལྟ་ཀློག་དང་འཁྲབ་སྟོན། འགྲན་བསྡུར་སོགས་ཀྱི་བྱ་འགུལ་སྣ་ཚོགས་བརྒྱུད་དེ། མི་ཆོས་རིག་གནས་ཀྱི་བག་ཆགས་འཇོག་ཐུབ་ན། མི་གཤིས་དྲང་ཞིང་བློ་ཕུགས་བརྟན་པ་དང་། འཇིག་རྟེན་གྱི་བྱ་བ་སྣ་ཚོགས་ལ་བློ་གྲོས་དང་སྤོབས་པས་འཇུག་པར་ཕན་ཐོགས་ཆེ།

གཉིས་པ། གེ་སར་སྒྲུང་གིས་སྐྱེ་ཁམས་སློབ་གསོ་ལ་ཐོན་པའི་ནུས་པ།

འགྲོ་བ་མིའི་རིགས་འཇིག་རྟེན་གྱི་ཁམས་འདིར་གཞིས་ཆགས་པ་ནས་བཟུང་རང་བྱུང་སྐྱེ་ཁམས་ལ་བརྟེན་ནས་ཡོང་བ་དང་། ང་ཚོའི་ནང་བསམ་པའི་འདུ་ཤེས་དང་རྣམ་དཔྱོད་ཀྱི་འཆར་ཚུལ། འཚོ་བའི་གོམས་གཤིས། གཟུགས་གཞིའི་གྲུབ་སྟངས་ཚུན་ཆད་ཀྱང་རང་བྱུང་སྐྱེ་ཁམས་ཀྱིས་བསྐྱེད་ཅིང་གྲུབ་པ་ཡིན། དེ་བས་འཚོ་གནས་ཁོར་ཡུག་མི་འདྲ་བ་ལ་རིག་གནས་ཀྱི་ངོ་བོ་དང་གྲུབ་ཚུལ། རྩ་ལག་དང་བཅས་པ་མི་འདྲ་སྟེ། ས་བབ་མཐོ་སར་གཞིས་ཆགས་པའི་བོད་ཀྱི་རོང་འབྲོག་པ་དང་དམའ་སར་གཞིས་ཆགས་པའི་ཡུལ་གྲུ་གཞན་གྱི་མི་ལྟ་བུ་ཡིན། དེ་བས་ན་མིའི་རིགས་ཀྱི་རིག་གནས་མི་འདྲ་བ་དག་འཚོ་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་མི་འདྲ་བ་དང་འབྲེལ་བ་ཆེན་པོ་ཡོད་པས། སྐྱེ་ཁམས་ཁོར་ཡུག་ནི་རིག་གནས་ཀྱི་བསྐྱེད་ཡུམ་ཡིན་ཞེས་སྨྲས་ཀྱང་ཆོག གེ་སར་སྒྲུང་དུ་རང་སའི་རིག་གནས་ཀྱི་ངོ་བོ་མ་འགྱུར་བ་དང་རང་བཞིན་མ་ལྷད་པར་གནས་ཡོད་པས། དེ་རུ་རང་སའི་སྣོད་བཅུད་དོ་མཉམ་གྱི་རིག་གནས་མང་པོ་འདུས་ཡོད་ལ། དེ་དག་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ཁྲོད་དུ་བཀོལ་སྤྱོད་བགྱི་ཐུབ་ཚེ། ལོ་ཆུང་གཞོན་ནུ་དག་གི་རྒྱུད་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་གཏིང་ཟབ་མོ་འཇོག་ཐུབ་ངེས། གླིང་སྒྲུང《འབྱུང་བཞི་བདེ་བཀོད》ལས།“དེ་ཡང་འགྲོ་ཁམས་ཞེས་པ་དེ། །འགྲོ་བ་གནས་སའི་ཡུལ་ལ་ཟེར། །འགྲོ་དྲུག་གནས་དེ་ངེས་པར་དགོས། །དེ་གྲུབ་ན་ཁམས་གསུམ་འཛོམས་ལེ་ཡིན། །སྟེང་ཕྱོགས་ལྷ་དང་མི་ཡུལ་ཁམས། །འོག་ཕྱོགས་ཀླུ་དང་བཅས་པ་ཡིན། །”ཞེས་སྲོག་ལྡན་མཐའ་དག་གི་གནས་ས་ནི་སྟེང་ལྷ་ཡུལ་དང་བར་མི་ཡུལ། འོག་ཀླུ་ཡུལ་བཅས་ཡིན། ང་ཚོས་སྣོད་བཅུད་དོ་མཉམ་ཞེས་པ་ནི་སྟེང་འོག་བར་གསུམ་དོ་མཉམ་ཡོང་ཐབས་བཤད་བཞིན་ཡོད་དེ། འཇིག་རྟེན་གྱི་གཏམ་དཔེར།“དྲི་ངན་པ་བདུག་ན་གནམ་མི་དགའ། །རྩྭ་རྩི་ཤིང་བཅད་ན་ཚེ་མི་རིང་། །ཆུ་གཙང་མ་རྙོག་ན་ཀླུ་མི་དགའ། །”ཞེས་པ་ལྟར་རེད།

དེ་ཡང་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་ནད་གཞི་མཐའ་དག་ནི་འབྱུང་བའི་ཁམས་འཁྲུག་པ་ལས་བྱུང་ཚུལ་བཤད་པ་བཞིན་དུ། རང་བྱུང་སྐྱེ་ཁམས་ཀྱང་འབྱུང་བ་བཞི་ཡིས་གྲུབ་ཡོད་པས་ན། དེ་དག་དོ་མཉམ་མ་བྱུང་ཚེ་འཇིག་རྟེན་མི་བདེ་བའི་གནས་ཚུལ་སྣ་ཚོགས་འབྱུང་ངེས། གླིང་སྒྲུང་དུ་ཡང“སྣོད་ཀྱི་འཇིག་རྟེན་འབྱུང་བ་བཞི་ལས་གྲུབ། །གནས་པའི་ཚུལ་ཡང་འབྱུང་བཞི་རང་ལ་ལྟོས། །འབྱུང་བ་བཞི་ཡི་ཆོས་ཉིད་གཏོར་གྱུར་ཚེ། །འཇིག་པའི་མཐའ་མ་འབྱུང་བ་བཞི་ཡིས་འཇིག །”ཅེས་འབྱུང་བ་བཞི་ཡི་ཆོས་ཉིད་ལ་གཏོར་བརླག་བྱས་ཚེ་འཇིག་རྟེན་འཇིག་པའི་ཉེན་ཁ་ཡོང་བ་བཤད་འདུག འདི་ནི་བོད་རང་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཚུལ་དངོས་ཡིན་ཏེ། བོན་གྱི་ལུགས་ལྟར་ན་སྲིད་པ་ཆགས་ལུགས་ལ་གཏོར་བརླག་མི་བྱ་བ་དང་། ནང་པའི་ལུགས་ལྟར་བཤད་ན་སྣོད་བཅུད་རྟེན་འབྲེལ་གྱི་ཆོས་ཉིད་ལ་གཏོར་བརླག་མི་བྱ་བ་ནི་བོད་རང་སའི་སྐྱེ་ཁམས་རིག་གནས་ཀྱི་བསམ་བློ་རྣལ་མ་དེ་རེད། ཡང་གླིང་སྒྲུང་དུ“རི་རབ་གླིང་བཞིས་བཅུད་ཀྱི་སེམས་ཅན་བསྐྱངས། །སེམས་ཅན་ལས་ཀྱིས་སྣོད་ཀྱི་འཇིག་རྟེན་འགྱུར། །གཅིག་ལ་གཅིག་རྟེན་སྣོད་བཅུད་འཇིག་རྟེན་གྱི། །སྐྱེ་འཇིག་ཐམས་ཅད་རྟེན་འབྲེལ་ཆེན་མོར་བལྟོས། །”ཞེས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ནི་ལས་ཀྱི་དབང་གིས་གྲུབ་ཅིང་། དེ་ཡི་ཆགས་གནས་འཇིག་སྟོང་ནི་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་འབྲེལ་ནས་ཡོད་པ་བརྗོད་ཡོད།

དེང་སང་སྐྱེ་ཁམས་ཁོར་ཡུག་ལ་གནད་དོན་མང་པོ་ཞིག་བྱུང་དོན་ནི་བཟོ་ལས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཆེན་པོ་ཡོད་པར་མ་ཟད། རིག་གནས་སྣ་མང་གི་དུས་སྐབས་ཤིག་དང་བསྟུན་ནས་སྐྱེ་ཁམས་རིག་གནས་ཉམས་པ་ལ་ཡང་འབྲེལ་བ་ཆེན་མོ་ཡོད། དེ་བས་རྒྱལ་ཁབ་ཀྱི་ངོས་ནས་ལོ་རེར་སྐྱེ་ཁམས་དཔལ་ཡོན་དར་སྤེལ་དུ་གཏོང་བའི་སྲིད་ཇུས་སྣ་ཚོགས་ཤིག་བྱུང་དང་འབྱུང་མུས་སུ་ཡོད་ལ། འཛམ་གླིང་ཡོངས་ཁྱབ་ཀྱིས་ཀྱང་སྐྱེ་ཁམས་དཔལ་ཡོན་འཛུགས་པར་འབོད་སྐུལ་སྣ་ཚོགས་གཏོང་མུས་ཡིན་ཡང་། ཆུང་འབྲིང་སློབ་མ་དག་གི་སྐྱེ་ཁམས་རིག་གནས་ཀྱི་འདུ་ཤེས་ཀྱི་ཚད་སྔར་བཞིན་ཇེ་མཐོར་འགྲོ་ཐུབ་ཀྱི་མེད། གེ་སར་སྒྲུང་དུ“དཀར་ནག་ལས་འབྲས་ལྡོག་པའི་དུས། །མི་རྣམས་བདུད་ལ་འགྱུར་བའི་དུས། །ས་བཅུད་ཟས་བཅུད་ཉམས་པའི་དུས། །འབྱུང་བ་ས་གཞི་འཁྲུག་པའི་དུས། །མི་ཡི་ཕོ་བྲང་རི་ལས་མཐོ། །མི་འཁྲུག་ས་རྣམས་དེ་བས་འཁྲུག །དེ་དུས་མི་ལ་བྱ་ཐབས་མེད། །བསོད་ནམས་རྫོགས་པའི་མཐའ་མ་ཡིན། །”ཞེས་དེང་གི་སྤྱི་ཚོགས་ཀྱི་གནད་དོན་དག་ཆུ་ལ་ཆུ་བཞག་དང་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་མངོན་ཡོད་པ་སོགས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བསམ་བློ་དང་འཚམ་ཞིང་། གོ་བསྐོན་བློ་འགུག་གི་སློབ་གསོའི་ནུས་པ་ཆེན་པོ་ཐོན་ཐུབ་བོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།