1
ཨ་མྱེས་ཅ་ནེ་དེ་ང་ལ་སྤྲོད་ཞོར་དུ་བོད་ཅན་གཤའ་མ་ཞིག་ཡིན་པ་ལུང་རིགས་མང་པོའི་སྒོ་ནས་བཤད་པས་ངའི་རྣ་ལམ་དུ་ད་དུང་ཡང་འཇགས་ནས་འདུག ཨ་མྱེ་ནི་འཇིག་རྟེན་འདིར་ང་ལ་ཆེས་སྙིང་ཉེ་བའི་གཉེན་ཉེ་གཅིག་པུ་ཡིན་པས། ཁོང་འདས་རྗེས་ངས་ཅ་ནེ་དེ་རས་སེར་ཁ་གཙང་ཞིག་གི་ཁུད་དུ་གཅུད་ནས་མཆོད་ཁང་གི་སྐུ་རྙིང་དེའི་གཡས་སུ་བཞག་པ་ཡིན།
གཞོན་དུས་ནི་འདི་ལྟར་ལོ་བརྒྱགས་ཟླ་ཡིས་དེད་པས་ངའི་སྐྲ་འདབས་སེ་བོར་ལོག་ཅིང་གདོང་གི་གཉེར་མའི་ཁ་གྲངས་ཀྱང་དེ་དང་འགྲོགས་ནས་ཇེ་མང་དུ་ཕྱིན། སྐབས་ཤིག་ལ་ཆུང་མས་ཅ་ནེ་དེ་ཅི་ཡིན་སོགས་ཐེངས་མང་པོ་ཞིག་ལ་དྲིས་ཀྱང་། ངས་ལན་ཅི་ཡང་མ་བྱིན་པར་བཞག དོན་དག་དེ་ཡུལ་མི་དག་གིས་ཇི་ལྟར་ཐོས་པ་ངས་གསལ་པོར་མི་ཤེས་ཀྱང་། རིམ་བཞིན་ཆུང་སྐྱེས་ཆུང་འགྲོགས་དག་གིས་ཀྱང་ང་ལ་ཅ་ནེ་དེའི་སྐོར་ནས་ཡང་ཡང་དྲིས་མོད་ངས་མི་གཅིག་ལ་ཡང་གསལ་པོ་ཞིག་བཤད་མ་མྱོང་།
2
ཐེངས་ཤིག་རང་ཁྱིམ་དུ་ལོག་པའི་ལམ་བར་དུ་ཀོ་ལྭ་གོན་ཞིང་རྒྱབ་ཏུ་དཔེ་ཁུག་སེར་པོ་འཁུར་བ། ཁོག་སྟོད་ཅུང་སྒུར་ཞིང་ངོ་གདོང་འཇོང་ལ་རིང་བ། ཐུར་དུ་གུག་པའི་སྨིན་མའི་འོག་གི་ནག་ཐིབ་བེར་ཡོད་པའི་མིག་ལ་ཤེལ་མིག་དཀར་པོ་གོར་གོར་མཛེས་པོ་གྱོན་པའི་མི་ཞིག་རྒྱང་རིང་ནས་ངའི་ཕྱོགས་སུ་དལ་བྲེལ་རན་པར་ཡོང་བཞིན་པ་མཐོང་བ་དང་། ངས་ཅུང་ཙམ་མཚར་སྣང་གིས་འདི་སུ་ཡིན་ནམ་སྙམ་པའི་སྐབས་དེར། “བདེ་མོ། བུ་ལོ།”ངས་ཁོའི་གདོང་ལ་ལྟ་དུས། ཁོ་ནི་དོན་གྲུབ་རེད། མ་འཕྲད་པར་དུས་ཡུན་རིང་པོ་ཞིག་འགོར་བས་ཁོའི་ངོ་དབྱིབས་དང་གཟུགས་གཞི་རྣམས་གཞི་ནས་འགྱུར་འདུག་པར་མ་ཟད། ད་དུང་ཁ་འགྲམ་དུ་མཛེས་ཉམས་དེ་ཙམ་མེད་པའི་ཁ་སྤུ་ཅུང་ཙམ་རེ་ཡང་སྐྱེས་འདུག་ལ། ཆུང་དུས་ཀྱི་དཀར་ཤ་དམར་མདངས་འདྲེས་པའི་མཁུར་ཚོས་དང་མགུལ་དུ་བཏགས་པའི་སྲུང་འཁོར་དག་ཀྱང་མཐོང་ཡུལ་དུ་མི་སྣང་། ངས་ཁོ་ཡིན་པ་ཤེས་འཕྲལ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གིས་ཀུན་ནས་བསླངས་ཏེ“ཨ་ཙི། ཁྱོད་ཡིན་ནམ”ཞེས་ཁམས་འདྲི་བྱས་པ་ཡིན།
“ཡིན། ཡིན།”
“གང་ནས་ཡོང་བ་ཡིན།”
“གྲོང་ཁྱེར་ནས་ཁྱེད་སར་ཡོང་བ་ཡིན། ཡིད་ལ་མ་དྲན་པ་ཞིག་ལ་འདི་ནས་འཕྲད་བྱུང་།”
ཁོ་ནི་ངའི་ཆུང་སྐྱེས་ཆུང་འགྲོགས་དག་ལས་ང་ལ་ཆེས་བརྩེ་འདང་ཟབ་ཅིང་འདྲིས་ཡུན་རིང་བ་གཅིག་པུ་ཡིན། ཁོའི་ཕ་མ་གཉིས་ལས་བྱེད་པ་ཡིན་པས་ང་ཚོ་ལོ་ན་བཅུ་ཙམ་ལ་སོན་དུས་དེར་ཁོ་ཚང་གྲོང་ཁྱེར་དུ་གནས་སྤར་བ་རེད། དེ་དུས་གྲོང་ཁྱེར་ཞེས་པའི་ཐ་སྙད་དེ་ང་ཚོའི་སེམས་སུ་ལྷ་སྒྲུང་དང་ཁྱད་པར་ཅི་ཡང་མེད་ལ། ང་ཚོར་ཅི་ཁག་ཕ་མ་རྣམས་ཀྱིས་ཀྱང་གོ་ཐོས་ཡོད་པ་ལས་ཡིད་ལ་འཆར་དུ་རུང་བའི་འགྲེལ་བ་ཞིག་བྱེད་ཐུབ་ཀྱིན་མེད། རྗེས་སོར་ང་ཚོའི་ཡུལ་ནས་གྲོང་ཁྱེར་ལ་འབྲེལ་འདྲིས་བྱེད་མཁན་གྱི་ཐོག་མ་ནི་རུ་དཔོན་ཀརྨ་དགེ་ལེགས་ཡིན། ཁོ་ཚང་གི་བྱིས་པ་དག་དང་ང་ཚོ་མཉམ་དུ་རྩེད་དུས། ཁོ་ཚོས་ཁོང་ཚང་གི་ཨ་ཕས་བཤད་ན་གྲོང་ཁྱེར་ནས་གློག་ཀྱང་སྒྲོན་བཞིན་འདུག་ཟེར་ཡང་། ང་ཚོའི་སེམས་སུ་གློག་སྒྲོན་ཟེར་བ་ནི་དོན་དམ་ཇི་ལྟ་བུ་ཞིག་ཡིན་པར་བསམ་བློ་འཁོར་ཐུབ་ཀྱིན་མེད་པས་གྲོང་ཁྱེར་ལ་མཚར་སྣང་ཙམ་ལས་དེ་འདྲའི་སྤྲོ་བ་རྒྱས་མྱོང་མེད། དེ་བས། ངས་དོན་གྲུབ་ཚང་གྲོང་ཁྱེར་དུ་གནས་སྤར་བའི་སྐད་ཆ་དེ་ཐོས་དུས་ཀྱང་། དོན་གྲུབ་ཀྱིས་གློག་སྒྲོན་ཟེར་བ་དེ་མཚར་སྣང་དུ་མི་འཛིན་པར་དཀར་མེའི་ངོགས་སུ་ཕྱིར་ལོག་སྲིད་སྙམ་པ་ཡིན།
ངེད་གཉིས་མཉམ་དུ་ལོ་ཟླའི་འགྱུར་ལྡོག་གི་མཚོན་ཆས་བཅོམ་མ་ཐུབ་ལ། ཉི་འོད་ཀྱི་གདུངས་པས་ཀྱང་བཤིག་མ་ནུས་པའི་མ་ཎི་འཁོར་ཁང་བརྒྱུད་ནས་ངེད་ཚང་ལ་ཆས་པ་ཡིན། ངས་སྔོན་ལ་སྒོ་ཕྱེ་ནས“ཡ་ཡ་ཡ། ཤོག་ཤོག”ཟེར་བཞིན། ངེད་གཉིས་སྔ་གཞུག་བྱས་ནས་ནང་དུ་འཛུལ་སྐབས། ངེད་ཚང་གི་སྒོ་ཁྱི་ཟུག་པས་དོན་གྲུབ་འཕྲལ་མར་ངའི་རྒྱབ་ཏུ་སྦས་ཏེ་ངོ་གདོང་ཡང་སྐྱ་ཐལ་ཐལ་དུ་གྱུར། ངེད་ཚང་གི་ཁྱི་རྒན་གྱིས་ང་ཡིན་པ་ཤེས་སོང་བའི་ཚུལ་གྱིས་ཁ་རོག་གེར་ཚང་ནང་དུ་འཛུལ་བྱུང་བས། ཡུད་ཙམ་ནས་དོན་གྲུབ་ཀྱི་ངོ་གདོང་ཡང་སྔར་ལྟར་ལྷོད་པར་གྱུར། སྐབས་དེར་ངའི་ཆུང་མ་སྒོར་བུད་ནས“དཀའ་ཨེ་བྱུང”ཞེས་བཤད། དོན་གྲུབ་ཀྱིས་མདུན་གྱི་སྐྱེས་གཟུགས་ཕྲ་ལ་སྐྲ་ལོ་རིང་བའི་བུད་མེད་དེ་མཐོང་འཕྲལ། མིག་གིས་དབང་མེད་དུ་མོའི་ཟླུམ་ཞིང་སྒོར་བའི་ཞལ་ལ་ལྟ་ཙམ་ལྟ་ཙམ་བྱས། ཁྱིམ་དུ་འཛུལ་རྗེས་ངེད་གཉིས་ཀྱིས་ལབ་གླེང་སྣ་ཚོགས་བྱས་ཤིང་སེམས་ཚེགས་དང་ཧམ་སེམས་ཀྱི་དྲི་མས་མ་སྦགས་པའི་བྱིས་དུས་ཀྱི་འཚོ་བ་ཡང་སེམས་ཀྱིས་ཡང་ཡང་མྱངས། བར་བར་དུ་ཁོས་ང་ལ་མེས་པོ་གོང་མ་དག་གི་སྙིང་སྟོབས་ཀྱི་དཔའ་ངར་དང་། སྲིད་འབྱོར་རིག་གསུམ་འཕེལ་བའི་ཚུལ་སོགས་བཤད་ཅིང་། ང་ཚོར་བཟོ་རིག་ལག་རྩལ་ཡང་གནའ་སྔ་མོའི་དུས་ནས་འཕེལ་རྒྱས་ཀྱི་ཡང་རྩེར་སོན་ཡོད་པས། དེང་སྐབས་དེ་དུས་ཀྱི་དངོས་རྫས་གཤའ་མ་རེ་ལྷག་ཡོད་ཚེ་དེའི་རིན་གོང་གཞལ་ཐབས་མེད་ཚུལ་གླེང་བཞིན་གཏམ་སྣེ་སྤར་ཏེ། སྟོད་ན་ཞང་ཞུང་། བར་ན་འ་ཞ། སྨད་ན་སུམ་པ་སོགས་ཀྱི་ལོ་རྒྱུས་ཐར་ཐོར་རེའང་བཤད། ཁོས་དེ་ལྟར་འཕྱུགས་ཞོར་ནོར་ཞོར་དུ་མང་པོ་ཞིག་བཤད་ནས་ངས་ནི་ཅི་ཡང་མི་ཤེས་པར་སེམས་ཀྱིན་འདུག་ཀྱང་། ང་ལ་མཚོན་ནས་བཤད་ན་ཁོས་མི་ལ་དམའ་འབེབ་བྱེད་པའི་གཏམ་དེར་སུན་སྣང་མི་འབྱུང་བར“ཚིག་གི་ནང་ན་ཚིག་དང་མིག་གི་ནང་ན་མདངས”ཟེར་བ་ལྟར། བསྐོར་བསྐོར་བའི་ཚིག་གི་གསེང་དུ་སྦས་ཡོད་པའི་གནད་དོན་གང་དེར་སེམས་ཁྲལ་རེ་སྐྱེས་པས་བླ་འཁྱམས་པ་ལྟར་ཁ་ནས“འོ། རེད་ཡ”ཟེར་བ་ལས། དེ་འགྲིག་མིན་སྐོར་ནས་ཁོ་དང་རྩོད་གླེང་ཅི་ཡང་མ་བྱས། ཆུང་མས་མར་སྒྱེད་ནས་ཅི་མི་སྙམ་པའི་མིག་ཟུང་གིས་ངའི་ཕྱོགས་སུ་ལྟ་བཞིན་པ་ཚོར་དུས། ད་གཟོད། ང་རང་གཉིད་ལས་སད་པ་བཞིན་ཁོའི་གཏམ་རྗེས་མཐུད་དེ་བྱིས་དུས་ཀྱི་སྤྲོ་སྐྱིད་གླེང་མོད། ཁོས་གཏམ་ཅི་འཕྲོས་མོལ་འཕྲོས་བྱས་བྱས་པའི་འཕྲོ་ལ“ཁྱེད་ཚང་ལ་མེས་པོ་ནས་བརྒྱུད་པའི་བོད་ཅན་གཤའ་མ་ཞིག་ཡོད་ཟེར་བ་དེ་བདེན་ནམ”ཞེས་ཁ་གསལ་དུ་བཏོན་ནས་བཤད་པའི་སྐབས་དེར། ངས་ལན་ཅི་ཡང་མ་བྱིན་པར་ཡ་མཚན་གྱི་མིག་ཟུང་གིས་ཁོའི་གདོང་ལ་ཅེར། ཁོའང་དོགས་མ་བདེ་བར་ངོ་གདོང་དམར་པོར་གྱུར་སོང་།
“ཡ་ཡ་ཡ། ད་ནུབ་ཇ་འཐུང་།”
དྲག་ཏུ་འབར་བའི་མེ་ལྕེའི་སྟེང་དུ་ཆུ་ཕོར་བ་གང་བླུགས་པ་ལྟ་བུའི་ཆུང་མའི་སྐད་ཆ་དེས་ངེད་གཉིས་གློ་བུར་ལྷོད་འཇགས་སེར་བཏང་། ཆུང་མས་ནུབ་ཇ་ཞིམ་པོ་ཞིག་བསྐོལ་ཡོད་པར་མ་ཟད་ཤ་ཡང་བཙོས་འདུག “དེ་དུས། ངོ་མ་སྐྱིད་པོ་ཡིན། ཁོད་ཡངས་པའི་སྤང་གཞུང་ནས་གླུ་ལེན་ཞོར་བརྒྱུགས་ན་ངོ་མ་སྐྱིད་ཡ”ཁོས་ནུབ་ཆུ་འཐུང་ཞོར་དུ་དེ་ལྟར་བཤད་པས་ངས་ཀྱང་དེའི་ཚིག་སྣེ་གཏམ་གྱིས་མཐུད་ཞོར་ཕར་བཤད་ཚུར་བཤད་མང་པོ་བྱས། བར་སྐབས་ཤིག་ལ་ཆུང་མས་ངའི་གམ་ནས་གཉིད་ལྕོག་ཡང་ཡང་བརྒྱབ་པས། གཟོད་ངེད་གཉིས་ཀྱིས་ཁ་བརྡ་བྱས་ནས་དུས་ཚོད་ཡུན་རིང་འགོར་བ་ཚོར་ནས་ང་ཚོས་ངལ་གསོ་བྱས་པ་ཡིན། འོན་ཏེ། ང་རང་མཚན་ཐོག་ཐག་ཏུ་གཉིད་མ་ཁུག ཡ་མཚན། ཁོས་ཇི་ལྟར་གོ་བ་ཡིན་ནམ། ངས་མི་གཅིག་ལ་ཡང་བཤད་མ་མྱོང་སྙམ་དུས། ཆུང་མས་སྔུར་བ་འཐེན་པའི་སྒྲ་ཡིས་ངའི་སེམས་ཁྲལ་དག་དབྱིངས་སུ་འཁུར་བར་བྱེད། གང་ལྟར།ངས་མི་བཤད་སེམས་ཐག་ཡིན་པའི་ཞེ་ཐག་རྦད་ནས་བཅད་དུས། ཐོ་རངས་ཀྱི་སྐྱ་མདའ་ག་ལེར་གསལ་ཡོང་ལ་མཚམས་སྤྲིན་དེ་ངའི་མནའི་དཔང་བོར་ཡོང་བ་ལྟར། སྒེའུ་ཁུང་གི་ངོགས་སུ་དམར་ལམ་མེར་འཕྲོས་འདུག་པས། ང་རང་ཡར་ལངས་ཏེ་མཆོད་ཁང་དུ་མཆོད་བཤམས་བྱེད་པར་སོང་བ་ཡིན།
སྐབས་དེར།མཆོད་ཁང་གི་སྒོ་ནི་བསུམ་མེད་པར་ཅུང་ཙམ་ཕྱེ་ནས་འདུག ངས་ག་ལེར་ལྟ་དུས་ཁོ་སྔར་ནས་མལ་ལས་ལངས་ཚར་བར་མ་ཟད། སྐུ་རྙིང་དེའི་གཡས་སུ་བཞག་ཡོད་པའི་རས་སེར་པོ་ཐུམ་བུ་དེ་ལ་རེག་བཞིན་པ་མཐོང་། ང་ལ་གློ་བུར་སེམས་འཚབ་ཅིག་ལངས་ཤིང་ཁོ་ཡང་ང་དང་འདྲ་བར་སེམས་ཁྲལ་གཉིད་ལ་བརྗེ་མཁན་ཞིག་རེད་སྙམ་བཞིན། ལུ་བརྡ་ཞིག་བྱས་པས་ཁོས་ཚོར་ཏེ་སྐུ་རྙིང་དེ་ལ་ཕྱག་འཚལ་གྲབས་བྱེད་ཀྱིན་འདུག ངས་མ་ཚོར་བའི་ཉམས་ཀྱིས“ཅི་འདྲའི་སྔ་བ་ལ། མདང་ནུབ་ཉལ་ས་བདེ་འམ”ཞེས་དྲིས་ཀྱང་ཁོས་འཚབ་འཚུབ་ཀྱི་ངང་ནས“སྐུ་འདི་ཅི་འདྲའི་རྙིང་པ་ལ”ཞེས་ལབ།
3
གསར་དུ་འཛུགས་སྐྲུན་བྱེད་བཞིན་པའི་གྲོང་ལམ་དེའི་ངོགས་སུ་འབར་འབུར་དང་ཀྱག་ཀྱོག་མང་ལ། ཐལ་རྡུལ་དང་ས་རྡུལ་འདྲེས་མས་ཁེངས་པའི་རྡུལ་འཚུབ་ཞིག་བར་སྣང་དུ་འཕྱུར་བྱུང་། དེ་རུ་ཡར་མར་ལ་དལ་གྱིས་སྐྱོད་བཞིན་པའི་ཡུལ་མི་དག་གི་ངོ་གདོང་ལ་སུན་སྣང་གིས་གང་ཞིང་། ཆར་བར་རེ་བའི་མིག་ཟུང་གིས་མཁའ་དབྱིངས་སུ་ཅེར་བཞིན“ཨ་ཡོ། ཉིན་བདུན་བརྒྱད་ཅིག་ལ་ཆར་ཐིགས་ཙམ་ཡང་མི་ལྷུང་བ་འདི་ནི་ཐན་ལྟས་རེད་ཡ”ཞེས་ཕན་ཚུན་ལབ་གླེང་སྣ་ཚོགས་བྱེད་བཞིན་འདུག དོན་གྲུབ་ངེད་གཉིས་ཀྱིས་རླངས་འཁོར་ས་ཚིགས་ནས་ཁོ་ཕྱིར་གྲོང་ཁྱེར་དུ་ལོག་པའི་རླངས་འཁོར་ཞིག་བཙལ་བ་ཡིན། ཇ་ཡུན་ཙམ་གྱི་རྗེས་ནས་རླངས་འཁོར་ཞིག་རྙེད་བྱུང་བས་རླངས་འཁོར་དེ་གྲོང་ཁྱེར་གྱི་ཕྱོགས་སུ་ཁ་འཁོར་རྗེས། ངས་ད་གཟོད་དབུགས་རིང་ཞིག་འཐེན་ཞོར་ཕྱིར་ཁྱིམ་དུ་ལོག་པའི་ལམ་དུ་ཞུགས།
དོན་དག་དེའི་རྐྱེན་གྱིས།ང་རང་ནད་གཞི་ཞིག་གིས་གཙེས་ནས་ཡུད་ཙམ་འགོར། ཉིན་རེ་ལས་ཉིན་རེར་ངའི་དྲན་འཛིན་གྱི་མེ་ལོང་ངོས་སུ་ཇེ་གསལ་ཇེ་གསལ་དུ་འགྱུར་བཞིན་པ་ནི་བུ་ཆུང་གངས་ཕྲུག་གི་གྲིབ་གཟུགས་རེད། ངའི་གཅེས་ལོ་ཁོ་ནམ་ཚོད་ཅིག་ལ་ངའི་འགྲམ་དུ་ལོག་སྲིད་དམ། ངས་མཆོད་ཁང་གི་སྐུ་རྙིང་དེའི་མདུན་དུ་པུས་མོའི་སླ་ང་གཉིས་ཀ་ས་རུ་བཙུགས་ཏེ་གསོལ་འདེབས་བྱས་པ་ཡིན། འོན་ཀྱང་། ཉིན་འདི་གར་ང་རང་མལ་དུ་ལྷུང་བས་མཆོད་ཁང་དུ་འགྲོ་ཐབས་བྲལ་ནའང་། ངས་དེའི་ཕྱོགས་སུ་འཁོར་ནས་གསོལ་འདེབས་བྱེད་པ་རྒྱུན་ཆད་མ་མྱོང་།
“ལྷ་མོ་སྐྱབས། གངས་ཕྲུག་ཉིན་ཁ་ཤས་ཀྱི་རྗེས་ནས་ཕྱིར་ལོག་རྒྱུ་རེད་ཟེར”ཆུང་མའི་སྐད་ཆ་དེས་ངའི་ལུས་སེམས་ལ་གསོན་ཤུགས་གསར་པ་ཞིག་བསྩལ་ཀྱང་། སེམས་ཁྲལ་ནི་སྔར་བཞིན་སེམས་ཁྲལ་རང་ཡིན་པས། ངས་སྦ་གསང་མེད་པར་སྐད་ཆ་ཐམས་ཅད་ཁོ་ལ་བཤད་ནས་དངོས་པོ་སྤྲད་ཚེ། ཁོས……
ཡང་ལན་རེར་ངས་བཤད་མི་ཉན། ང་འཆི་དགོས་ཀྱང་བཤད་མི་ཉན་བསམ་ཚེ། དྲན་འཛིན་གྱི་མེ་ལོང་ངོས་སུ་ཇེ་གསལ་ཇེ་གསལ་དུ་གྱུར་བའི་གྲིབ་གཟུགས་དེའང་སླར་ཡང་རབ་རིབ་ཏུ་གྱུར་འགྲོ། སེམས་ཁྲལ་གྱིས་གཙེས་པའི་ནད་གཞི་དེས་ངའི་ལུས་ཟུངས་ཐམས་ཅད་ཟོས་པས། དཀོས་ཐག་གི་མིག་མདངས་དེ་རབ་རིབ་ནས་རབ་རིབ་ཏུ་གྱུར་ནའང་། ཨ་མྱེས་ང་ལ་ཅ་ནེ་སྤྲོད་སྐབས་ཀྱི་མིག་ཟུང་དེ་ངའི་དྲན་འཛིན་གྱི་མེ་ལོང་ངོས་ནས་ཡལ་ཐབས་བྲལ་བས། ངས་ཁོ་ལ་མ་བཤད་ན་རྗེས་ཕྱོགས་སུ་ཡིས་ཤེས། ཡང་བསྐྱར་འལ་འོལ་ནས་ཇེ་གསལ་ཇེ་གསལ་དུ་གྱུར་བ་ནི་གྲིབ་གཟུགས་དེ་རེད།
“སང་ཉིན་རེད། སང་ཉིན་རེད། ལྷ་མོ་སྐྱབས་ཁྱོད་ཀྱིས་སྒུགས་དང་།”ཆུང་མའི་སྐད་ཆ་དེ་ངའི་རྣ་ལམ་ནས་གོ་མི་གོ་ཞིག་ཡིན་ནའང་། མོས་ལུས་ཀྱི་རྣམ་འགྱུར་གྱིས་ཀྱང་ང་ལ་གོ་བརྡ་སྤྲད་པས་ངས་ཀྱང་ཧ་གོ་བྱུང་མོད། ཉིན་འདི་དག་ལ་ངས་སྐད་ཆའང་ཤོད་ཐབས་བྲལ་བས་མགོ་ལྕོག་ལྡེམ་ཙམ་བྱེད་པ་ལས་ཐབས་གཞན་ཅི་ཡང་མ་རྙེད།
དགོང་མོ་དེར་གློ་བུར་དུ་ང་ལ་ལུ་བརྒྱལ་ལངས་ཤིང་ལུས་རླུང་འཁྲུགས་པས་མིག་ཟུང་ཀྲབ་ཙམ་ཀྲབ་ཙམ་བྱེད་བཞིན་མཆོད་ཁང་ཕྱོགས་སུ་བལྟས། ཏག་ཏག་སྐབས་དེར་ཉམ་ཆུང་བའི་ངུ་སྐད་ཅིག་གིས་བག་ལ་ཉལ་བའི་གྱི་ལིང་སྡེ་བའི་ཁོར་ཡུག་གི་ཕྱོགས་བཞིའི་དཀར་འོད་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སྒྲོན་དུ་བཅུག
4
སྐད་ཆ་དེ་གོ་ནོར་བྱུང་བ་ཡིན་ནམ། གང་ལྟར་ལྷ་མོ་སྐྱབས་ཤི་ནས་ཅི་ཙམ་འགོར་ཡང་གངས་ཕྲུག་གི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མ་བྱུང་། ལ་ལས་བཤད་ན་ཁོ་ལ་གངས་ཕྲུག་ཟེར་བའི་བུ་ཞིག་གཏན་ནས་མེད་པར་བཤད། ཡང་ལ་ལས་བཤད་ན་གངས་གསེང་ཞིག་ནས་རྐྱེན་ལམ་དུ་ཤོར་སོང་བས་ཕྱིར་ལོག་ཐབས་བྲལ་ཟེར། ཡང་ཁ་ཤས་ཀྱིས་བཤད་ན་ཕྱི་རུ་གཞིས་ཆགས་ཡོད་པས་རེད་ཟེར། གང་ལྟར་ཡུལ་མིའི་དྲན་འཛིན་གྱི་ངོས་ནས་མང་པོ་ཞིག་མོག་པོར་གྱུར་ནའང་། གཡུ་སྒྲོན་གྱིས་སྐབས་སྐབས་སུ་སྒེའུ་ཁུང་ལས་རྒྱང་རིང་གི་སྤྲིན་དཀར་རྒྱུ་བའི་ཕྱོགས་སུ་ཡིད་ཚིམ་པ་རེར་ཅེར་རྗེས། དངན་པ་རིང་མོ་ཞིག་འཐེན་ཞོར་མཆོད་ཁང་གི་ཕྱོགས་སུ་ལྟ་ཙམ་བྱེད།
ཅ་ནེ་དེ་འདྲི་མཁན་ནི་མ་ཎི་འཁོར་ཁང་གི་བགྲེས་པོ་དག་མ་གཏོགས་ཤིན་ཏུ་ཉུང་ནའང་། གཡུ་སྒྲོན་གྱི་མིག་ཟུང་ལས་སྔར་བཞིན་དང་ཐོག་གི་དྲི་བ་དེ་ཡལ་མེད་པ་འདྲ་སྟེ། མོས་སྐབས་སྐབས་སུ་སྒེའུ་ཁུང་ལས་རྒྱང་རིང་གི་སྤྲིན་དཀར་རྒྱུ་བའི་ཕྱོགས་སུ་ཡུད་ཙམ་ལ་ཅེར་རྗེས། དངན་པ་རིང་མོ་ཞིག་འཐེན་ཞོར་མཆོད་ཁང་ཕྱོགས་སུ་བལྟས་པའི་ཉམས་ལས་ཀྱང་ཤེས་ཐུབ་མོད། སྤྲིན་དཀར་ལ་ཅེར་དྲགས་པས་ཡིན་ནམ། མོའི་སྐྲ་འདབས་ཀྱང་སྤྲིན་དཀར་གྱི་མཆེད་ཟླར་འགྱུར་བཞིན་འདུག
5
དུས་རབས་གསར་པ་འདིའི་དཀྱོགས་མཚམས་སུ་སླེབས་དུས། ཡུལ་མི་རྣམས་འཛུགས་སྐྲུན་གྱི་ཕྱོགས་ལ་བྲེལ་བས་མ་ཎི་འཁོར་ཁང་དེའང་ལོ་ཤས་ཀྱི་སྔོན་དུ་མེད་པར་བཟོས། དེ་བས་ཅ་ནེ་དེ་འདྲི་མཁན་མངོན་སུམ་དུ་རུས་སྦལ་གྱི་སྤུ་དང་རི་བོང་གི་རྭ་ལྟར་གྱུར་ནའང་། གཡུ་སྒྲོན་གྱིས་སྔར་བཞིན་སྒེའུ་ཁུང་ནང་གི་སྤྲིན་པ་དང་མཆོད་ཁང་ཕྱོགས་སུ་ཅེར་བར་མཚམས་བཞག་མ་མྱོང་།
“ཁྲོག ཁྲོག”གློ་བུར་དུ་སྒོ་རྡུང་བའི་སྒྲ་དེས་ཡུན་རིང་འཛུམ་མ་མྱོང་བའི་གཡུ་སྒྲོན་གྱི་གདོང་ལ་འཛུམ་ཆུང་ཞིག་དམུལ་བཞིན“སུ་ཡིན། སྒོ་གཏན་མེད། ནང་དུ་ཤོག”
“ང་ཨོ་རྒྱན་རྡོ་རྗེ་ཡིན།”
“འོ། ཡང་ཁྱོད་ཡིན་ནམ། ཤོག་ཤོག”
ཨོ་རྒྱན་རྡོ་རྗེ་ཡིན་པ་ཤེས་འཕྲལ་མོའི་གདོང་གི་འཛུམ་ཆུང་དེ་འཇའ་ལྟར་ཡལ་ཞིང་། སུན་སྣང་གི་ཉམས་ཤིག་ཀྱང་དབང་མེད་དུ་སྤྱོམས།
“ཨ་ནེ་གཡུ་སྒྲོན། ང་ཚོ་གྱི་ལིང་སྡེ་བར་རྒྱལ་ཁབ་ཀྱི་ཐོག་ཁང་རོགས་རམ་ཡོད་ལ། ཁྱེད་ཚང་ཡང་དེའི་ནང་དུ་ཚུད་ཡོད་པས། ཁྱོད་ཀྱིས་ཀྱང་དངོས་པོ་རྣམས་ཐོག་ཁང་དུ་སྤར་ན་འགྲིག”རུ་དཔོན་ཨོ་རྒྱན་རྡོ་རྗེས་དེ་ལྟར་མང་པོ་ཞིག་བཤད་རྗེས་ཕྱིར་ལོག
ཀུན་ལ་མཚོན་ནས་བཤད་ན་དེ་ནི་དགའ་འོས་པའི་དོན་དག་ཅིག་ཡིན་མོད། གཡུ་སྒྲོན་ནི་དེ་ལས་ལྡོག་སྟེ་སེམས་ཁྲལ་གྱིས་མནན། མོས་སྒེའུ་ཁུང་ལས་རྒྱང་ལ་ཅེར་བཞིན་དངན་པ་རིང་བོ་རེ་འཐེན་ཞོར་མཆོད་ཁང་ཕྱོགས་སུ་ལྟ་ཙམ་བྱེད་པ་དང་། “ད་རང་གི་ཁྱིམ་དུའང་སྡོད་དུ་མི་འཇུག་པ་འདྲ། སྐྲ་འདབས་སེ་བོར་ལོག་རག་བར་དུ་རོགས་རམ་ཞིག་མ་ཐོབ། ཧུ། ཁོ་ཚོའི་དམིགས་ཡུལ་ཅི་ཡིན་སུས་མི་ཤེས”ཞེས་ཁེར་ལབ་བྱེད་ཀྱིན། མོས་དང་ཐོག་ལྷ་མོ་སྐྱབས་ལ་དྲིས་པའི་དྲི་བ་དེ་དག་དྲན་ངོགས་ན་ཡལ་མེད་པར་ཇེ་གསལ་དུ་གྱུར།
6
ལྷིང་འཇགས་ཀྱི་མཚན་མོ་དེར། བློ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་གིས་ཐོག་ཁང་ནང་གི་ཡུལ་མི་དག་དང་ཁོ་ཚོའི་གུ་དོག་པའི་བར་ཁྱམས་བཅོམ་སོང་།
ཞོགས་པར་ཉི་མ་ཤར་དུས། རྨི་ལམ་ལྟ་བུའི་དག་ཞིང་གི་ཁོར་ཡུག་ཐམས་ཅད་ས་རྡུལ་དང་ཁང་རོ་ཡིས་གང་ཞིང་། ངུ་སྐད་དང་གདུང་འབོད་ཀྱིས་གནམ་ས་གང་། སྙིང་རྗེས་ཕྱུག་པའི་མི་ཁ་ཤས་ཀྱིས་བྲེལ་འཚུབ་སྒོས་ཁང་རོའི་འོག་ཏུ་མནན་པའི་མི་དག་སྐྱོབ་བཞིན་མཆིས།
ཉིན་གུང་ཙམ་དུ་སྡེ་དཔོན་ཨོ་རྒྱན་རྡོ་རྗེ་རླངས་འཁོར་ཞིག་ལས་བབས་ཤིང“ཨ་ཁ། གནམ་རྒན་མ། བདེ་སྐྱིད་ཀྱི་མགོ་བརྩམས་པ་ཙམ་ཡིན། མྱུར་མོར……”ཞེས་མིག་མཐའ་ཡི་མཆི་མ་འབྱིད་བཞིན།“མྱུར་མོར་སྐྱོབས……སྐྱོབས……”དེ་ལྟར་བཤད་ཞོར་དུ་ཡར་རྒྱུག་མར་རྒྱུག་བྱེད་པ་དང་། ཅུང་ཙམ་འགོར་རྗེས་ཁོས་དོན་ཅི་ཞིག་དྲན་སོས་པ་ལྟར“ཨ་ཁ་ཁ། གཡུ་ཅན ……མ་རེད ……ཅ་ནེ……སྐྱོབས། དེ་མྱུར་མོར……”ཁོས་སྨྱོས་སོང་བ་ལྟར་ཀི་རྒྱང་འཐེན་ཞོར་དེ་ལྟར་བཤད་མོད། རོགས་སྐྱོར་པ་དག་གིས་ཁོའི་སྐད་ཆའི་དོན་མ་གོ་བས་ཧད་དེ་ལུས་པའི་སྐབས་དེར། ཁོ་གཡུ་སྒྲོན་གྱི་ཁང་པའི་ཕྱོགས་སུ་བརྒྱུགས་པས་མི་དེ་དག་ཀྱང་ཁོའི་རྗེས་སུ་བསྙེགས། ཁོ་ཚོས་བཙལ་བཙལ་བའི་མཐར། ས་རྡོའི་གསེང་ཞིག་ནས་གཡུ་སྒྲོན་གྱི་བེམ་པོ་ལས་ཅི་ཡང་མ་རྙེད་པས། ཨོ་རྒྱན་རྡོ་རྗེས“ཨ་ཁ། གཡུ་སྒྲོན་ཤི་འདུག ཨ་ཧ་བོ། ངའི་ཅ་ནེ……”ཞེས་ཚིག་རྔ་མ་བུད་པར་ཁོ་རང་ཡང་དྲན་མེད་དུ་བརྒྱལ་སོང་། ……
7
དུས་ཚོད་ཀྱི་ཅོང་སྒྲ་གློ་བུར་དུ་གྲག་པས་ང་གཉིད་ལས་སད་དུས། ལུས་པོ་ཡོངས་རྫོགས་སྦྲིད་ཅིང་གྲུ་མོའི་ངོས་སུ་ཐིག་སྐུད་ལྟ་བུའི་རི་མོ་མང་པོ་དཔར་འདུག་ལ། ང་ཡུད་ཙམ་ལ་ཙོག་སྟེ་བསྡད་ཅིང་། དེ་ནས་ཡར་ལངས་ཏེ་སྒེའུ་ཁུང་འགྲམ་དུ་འགྲེང་ཞིང་རྒྱང་རིང་གི་ཕ་ཡུལ་ཕྱོགས་ནས་སྐྱ་མདའ་བཀྱག་ཡོང་བར་བསྒུགས།