ཟླ4པའི་ཚེས7ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། 2024ལོར་ལྷ་སའི་གྲོང་རྡལ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར58171ལ་སླེབས་ནས་དུས་མཉམ་ལས6.1%འཕར་ཡོད་པ་དང་། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར27151ལ་སླེབས་ནས་དུས་མཉམ་ལས8.6%འཕར་ཡོད།
རྒྱལ་ཁབ་བསྡོམས་རྩིས་ཅུས་ལྷ་སའི་བརྟག་དཔྱད་རུ་ཁག་གི་ཏང་ཙུའུ་ཁོངས་མིའམ་རུ་དཔོན་གཞོན་པ་བྱམས་པ་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་པ་ལྟར་ན། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ་ནི་རིམ་པ་སོ་སོའི་སྲིད་གཞུང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་གྲས་ཡིན་ལ། ལྷ་ས་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་སྡོད་དམངས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་ཡོད། ལྷག་པར་དུ་རོང་འབྲོག་པའི་ཡོང་འབབ་ཇེ་མང་དུ་གཏོང་བ་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ནང་དོན་གལ་ཆེན་ཏུ་བརྩིས་ཏེ། རོང་འབྲོག་པའི་ཡོང་འབབ་མགྱོགས་མྱུར་སྒོས་འཕར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
2024ལོར་ལྷ་སའི་གྲོང་རྡལ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་ཚེག1.5ཡི་མཐོ་བ་དང་སྤྱི་འབོར་སྒོར3983གྱི་མཐོ་བ་རེད། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་ཚེག2.0མཐོ་བ་དང་སྤྱི་འབོར་སྒོར4032ལས་མཐོ་བ་རེད། ལྷ་སའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་སྤྱི་འབོར་བོད་རང་སྐྱོང་ལྗོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སོ་སོར་སྒོར2727དང་སྒོར5573གྱི་མཐོ་བ་དང་། སྤྱི་འབོར་ཁག་གཉིས་མུ་མཐུད་དུ་བོད་རང་སྐྱོང་ལྗོངས་ཀྱི་ཨང་གཉིས་པར་གནས་ཡོད།
2024ལོར་ལྷ་སའི་གྲོང་རྡལ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁྲོད་གླ་ཕོགས་རང་བཞིན་གྱི་ཡོང་འབབ་དང་ཚོར་གཉེར་གྱི་ཡོང་འབབ་ཁེ་གཙང་། རྒྱུ་ནོར་གྱི་ཡོང་འབབ་ཁེ་གཙང་། སྤོ་སྒྱུར་གྱི་ཡོང་འབབ་ཁེ་གཙང་བཅས་སོ་སོར7.8%དང་། 10.8%། 1.4%། 3.1%འཕར་ཡོད་པ་དང་། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁྲོད་གླ་ཕོགས་རང་བཞིན་གྱི་ཡོང་འབབ་དང་ཚོར་གཉེར་གྱི་ཡོང་འབབ་ཁེ་གཙང་། རྒྱུ་ནོར་གྱི་ཡོང་འབབ་ཁེ་གཙང་། སྤོ་སྒྱུར་གྱི་ཡོང་འབབ་ཁེ་གཙང་བཅས་སོ་སོར8.0%དང་། 7.8%། 6.8%། 12.7%འཕར་སྣོན་བྱུང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་མུ་མཐུད་དུ་ལྟེ་བའི་གྲོང་ཁྱེར་གྱི་སྣེ་འདྲེན་ནུས་པ་འདོན་སྤེལ་བྱས་ཏེ་ལྷོ་བྱང་རིའི་ལྗང་སྒྱུར་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་མཐོར་གཏོང་བསྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ལེགས་པོར་སྤྱོད་པ་དང་། སྤུན་ཟླའི་གྲོང་ཁྱེར་དང་ས་ཁུལ་གྱི་རོང་འབྲོག་པའི་སྤོ་སྒྱུར་ལས་ཞུགས་དང་ངལ་ལས་ཕྱིར་གཏོང་ཐད་སྔར་བས་ལེགས་པའི་ཐེག་བྱེད་མཁོ་འདོན་བྱས་ནས། བོད་ལྗོངས་སྡོད་དམངས་ཀྱི་ཡོང་འབབ་དང་ལྷག་པར་དུ་གླ་ཕོགས་རང་བཞིན་གྱི་ཡོང་འབབ་བརྟན་པོའི་ངང་འཕར་བར་རོགས་འདེགས་ལེགས་པོ་བྱས་ཡོད།
གྲོང་ཁྱེར་དང་གྲོང་གསེབ་དབྱེ་ནས་བལྟས་ན། ལོ་ཧྲིལ་བོར་ལྷ་སའི་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་གྲོང་རྡལ་ལས་བརྒྱ་ཆའི་ཚེག2.5ཡི་མཐོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བསྡུར་ཚད2.14:1མར་ཆག་ནས་ལོ་གོང་མ་ལས་ཡང་བསྐྱར0.05ཇེ་ཉུང་དུ་ཕྱིན་པ་དང་། རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས0.20དམའ་བ། རང་སྐྱོང་ལྗོངས་ལས0.43གྱི་དམའ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་ཧེ་བག་རྒྱུན་མཐུད་ཇེ་ཆུང་དུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྔར་བས་ལེགས་པའི་ཕན་འབྲས་ཐོབ་ཡོད།
གཞན་ཡང་། ལྷ་ས་གྲོང་ཁྱེར་གྱིས་ད་དུང་ཡོང་འབབ་དམའ་བའི་ཚོགས་སྤྱིའི་ཡོང་འབབ་འགན་སྲུང་ལ་མཐོང་ཆེན་བྱས་པ། བོད་རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་དོན་དངོས31སོགས་ཐེག་བྱེད་ནུས་ཆེའི་དོན་འཁྱོལ་ལེགས་པོ་བྱས་པ་བརྒྱུད། ཡོང་འབབ་དམའ་བའི་ཚོགས་སྤྱིའི་ཡོང་འབབ་ལ་འགན་སྲུང་བྱས་པ་དང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོང་སྣང་དང་སྐྱིད་སྣང་ནུས་ལྡན་སྒོས་མཐོར་འདེགས་སུ་བཏང་།
བྱམས་པ་སྒྲོལ་དཀར་གྱིས་བཤད་རྒྱུར། 2024ལོའི་གཞི་གྲངས་ལ་བལྟས་ན། ལྷ་སའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་འབབ་འཕར་ཐད་ཡོང་འབབ་འཕར་བའི་སྤྱིའི་རྣམ་པ་ལེགས་པོ་དང་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་བསྡུར་རེས་ལེགས་ཆ་སྔར་བས་བརྟན་པོ་ཡིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་སྔར་བས་ཇེ་ཆུང་དུ་ཕྱིན་པའི་ཁྱད་ཆོས་མངོན་ཡོད། །