སློབ་གསོའི་ཐ་སྙད་གཙོ་ཆེ་བ་འགར་འགྱུར་གསར་པ་བྱུང་ཚུལ་གླེང་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རྟ་ནག་འགྱུར་མེད་རྡོ་རྗེ།  བོད་ལྗོངས་སློབ་གྲྭ་ཆེན་མོ།

དང་པོ། ཞིབ་འཇུག་བྱེད་པའི་གནད་དོན་དང་དགོས་པ་བཤད་པ།

སློབ་གསོ་ནི་མི་སྣ་གསོ་སྐྱོང་གི་དགོས་པ་ཡིན་ལ། དུས་རབས་ཀྱི་འགྲོས་དང་བསྟུན་ནས་ལེགས་བཅོས་བྱེད་བཞིན་ཡོད་པས། སྔར་ཡོད་ཀྱི་སློབ་གསོའི་ཐ་སྙད་འགའི་བོད་འགྱུར་ལ་ཡང་འགྱུར་བ་འབྱུང་ཞོར། སྔར་མེད་ཀྱི་སློབ་གསོའི་ཐ་སྙད་འགའ་ཡང་རིམ་བཞིན་ཐོན་ཡོད། འོན་ཀྱང་། བོད་སྐད་ཡིག་བསླབ་ཚན་ཚད་གཞི་དང་འབྲེལ་བའི་སློབ་གསོའི་ཐ་སྙད་དེ་དག་གི་བོད་འགྱུར་ལ་གཅིག་གྱུར་བྱུང་མེད། སློབ་གྲྭ་ཁག་ཏུ་རང་རང་གི་བློ་མོས་ལྟར་ཐ་སྙད་གསར་པ་བཏགས་ནས་བེད་སྤྱོད་པ་ལས་གཅིག་མཐུན་གྱི་གོ་བ་མེད་ལ། དགེ་རྒན་དང་སློབ་མའི་བར་ལ་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ཚེ་ནའང་རྒྱ་ཡིག་ལ་བརྟེན་ན་མ་གཏོགས་བོད་ཡིག་གིས་བརྡ་འཕྲོད་དཀའ་བའི་གནས་སུ་ལྷུང་ཡོད། དེ་བས་ན་བོད་སྐད་ཡིག་གི་སློབ་གསོའི་ཐ་སྙད་དག་ལ་དབྱེ་ཞིབ་བྱས་ཏེ། གཅིག་གྱུར་ཡོང་བར་ཤུགས་སྣོན་རྒྱུ་གལ་ཆེ་བས། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་ཡི་རྗེས་སུ། བོད་འབྲེལ་ས་ཁུལ་དུ་རྒྱལ་ནང་གི་སློབ་གྲྭ་སྤྱིས་སྤྱོད་པའི་སློབ་གསོའི་ཆེད་སྤྱོད་ཐ་སྙད་གཙོ་ཆེ་བ་འགའ་དར་མགོ་ཚུགས་ནས་ཚིག་མཛོད་ནང་གཏན་འཁེལ་བྱུང་ཡོད། དེ་ནས་རིམ་བཞིན་དུས་རབས་ཉེར་གཅིག་པར། སློབ་གསོའི་ལག་ལེན་ཁྲོད་ཐ་སྙད་དེ་དག་ལ་གོ་བ་ཇེ་ཟབ་ཏུ་འགྲོ་བ་དང་ལྷན་དུ་གསར་བྱུང་ཐ་སྙད་འགའ་ཡང་ཐོན་པས། སྔར་ཡོད་ཐ་སྙད་དང་གསར་བྱུང་ཐ་སྙད་ཀྱི་དོན་ཉེ་བར་གོ་འཛོལ་མི་ཐེབས་པ་དང་འགྱུར་གྱི་དོན་ལ་ཆད་ལྷག་ཡོ་འཁྱོག་གི་ནོར་འཛོལ་མི་ཐེབས་ཆེད། མ་ཡིག་གི་དོན་ལ་གོ་བ་ལེགས་པར་བླངས་ནས་སྔར་ཡོད་ཐ་སྙད་ཀྱི་བོད་འགྱུར་ལ་སླར་ཡང་བསམ་གཞིག་བཏང་ཞིང་། ཡིག་སྒྱུར་བྱེད་པའི་ཁྲོད་དུ་འགྱུར་ཡིག་དེ་ཉིད་བོད་ཡིག་གི་བརྡ་སྤྲོད་རིག་པའི་འགྲོས་དང་བསྟུན་གང་ཐུབ་བྱས་ནས་འགྱུར་ཇེ་ལེགས་སུ་སོང་ཡོད།

གཉིས་པ། གཞུང་དོན་ཐ་སྙད་ཀྱི་དབྱེ་ཞིབ་བཤད་པ།

教学”ལ1961དང1991ལོའི་ནང་དུ“སློབ་ཁྲིད་དང་དཔེ་ཁྲིད”དུ་བསྒྱུར་མོད། གལ་ཏེ“དཔེ་ཁྲིད”ཅེས་ན་རྒྱ་ཆུང་དྲགས་པའི་སྐྱོན་ཡོད་དེ། “教学”ནི་སྲོལ་རྒྱུན་བཞིན་དགེ་རྒན་གྱིས་སློབ་མར་དཔེ་ཆའམ་དཔེ་དེབ་སློབ་ཁྲིད་བྱེད་པ་དེ་ཙམ་མ་ཡིན་པར། དགེ་རྒན་གྱི་འཁྲིད་བྱའི་ནང་དོན་རྒྱ་ཆེ་རུ་ཕྱིན་པ་དང་དགེ་རྒན་གྱིས་སློབ་མར་མཛུབ་སྟོན་བྱེད་པའི་ནུས་པར་ནན་བཤད་ཆེ་བས། མཐར“སློབ་ཁྲིད”ཁོ་ནར་འབོད།

教材”ལ“སློབ་གཞི་དང་འཁྲིད་བྱ། སློབ་གཞི་དང་སློབ་དེབ”ཏུ་བསྒྱུར་མོད་ཀྱང་། ཕྱིས་སུ“བསླབ་གཞིར”གཏན་འཁེལ་བྱས་ཡོད་དེ།“教材”ལ་བསླབ་ཚན་དང་བསླབ་གཞིའི་ཞིབ་འཇུག་མཁས་པ་ཚོས་མཚན་ཉིད་འཇོག་ཚུལ་ཐད། “སྒྲ་ཡངས་འཇུག་གི་བསླབ་གཞི་ཞེས་པ་ནི། སློབ་ཁྲིད་ཐོག་བེད་སྤྱོད་བྱེད་པའི་རྒྱུ་ཆ་ཡོད་ཚད་ལ་ཟེར་ཞིང་། དེ་ནི་དགེ་རྒན་གྱིས་སློབ་མར་སློབ་སྦྱོང་ཐད་སྣེ་ཁྲིད་བྱེད་པའི་སློབ་ཁྲིད་ཀྱི་དཔྱད་གཞི་ཡིན་ཏེ། དེ་ལ་སློབ་དེབ་དང་། ཁྲིད་ཟིན། འཆད་ཁྲིད་གནད་བསྡུས། དཔྱད་གཞིའི་དཔེ་དེབ། ཟུར་ཁྲིད་རྒྱུ་ཆ་སོགས་ལ་ངོས་འཛིན་བྱེད་པ་དང་། སྒྲ་དོག་འཇུག་གི་བསླབ་གཞི་ནི། སློབ་དེབ་ཁོ་ནར་ངོས་འཛིན་བྱེད་པ་རེད།” དེས་ན། “教材”ལ“སློབ་དེབ”ཅེས་ན་ཁྱབ་ཆུང་དྲགས་ལ།“སློབ་གཞི”མི་ཟེར་བར“བསླབ་གཞི”ཟེར་དོན་གང་ཡིན་ཞེ་ན། སུམ་ཅུ་པའི་རྩ་བར“བསླབ་པ་ཀུན་གྱི་གཞི་འཛིན”ཞེས་གསལ་བ་དང་། སྲོལ་རྒྱུན་དུ་བསླབ་བྱ། བསླབ་པ་གསུམ། བསླབ་པའི་གནས་ལྔ་ལྟ་བུར་འབོད་པས། བསླབ་གཞི་ནི་གང་བསླབ་པར་བྱ་བའི་གཞིའམ་གནས་ལ་གོ་ཆེ་ལ། ལྗོངས་ཞིང་ལྔའི《འགན་བབས་སློབ་གསོའི་སྐད་ཡིག་བསླབ་ཚན་གྱི་ཚད་གཞི(ཚོད་ལྟའི་མ་ཕྱི)》ཡི་ནང་དུའང་དེ་ལྟར་གཏན་ལ་ཕབ་ཡོད།

教案”ལ“ཁྲིད་ཡིག ཁྲིད་ཟིན། སློབ་ཁྱད”དུ་བསྒྱུར་བ་ལ། ཕྱིས་སུ“ཁྲིད་གཞི”རུ་གཏན་འཁེལ་བྱས་ཡོད་དེ། “教案”ནི“སློབ་ཁྲིད་ཀྱི་འཆར་གཞི་རང་མཚན་པ་ཞིག་ཡིན་པར། དེའི་ནང་བསླབ་ཚན་གྱི་བརྗོད་བྱ་དང་སློབ་ཁྲིད་ཀྱི་དམིགས་ཡུལ། བསླབ་ཚན་གྱི་རིགས་དབྱེ། བསླབ་གཞིའི་གཙོ་གནད། སློབ་ཁྲིད་ཀྱི་བརྒྱུད་རིམ་དང་ཐབས་ཤེས། ཁྲིད་ཆས། དུས་ཚོད་བཀོད་སྒྲིག་སོགས་ཚུད”ལ། དེར་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས“སློབ་ཁྲིད་ཀྱི་འཆར་གཞི”ཞེས་གསུངས་པས། དེ་ནི་ཆེད་དུ་སློབ་ཁྲིད་རང་ལ་དམིགས་ཆེ་བའི་སློབ་ཁྲིད་ཀྱི་གཞི་འཛིན་ས་གཙོ་བོ་ཞིག་ཏུ་ཆགས་པས“ཁྲིད་གཞི”རུ་བསྒྱུར་བར་སྙམ། གལ་ཏེ“ཁྲིད་ཡིག་དང་ཁྲིད་ཟིན”ཞེས་བསྒྱུར་ན། “备课”དང་ནོར་ཉེན་ཆེ་ལ། “སློབ་ཁྱད”ཅེས་ན་སློབ་ཁྲིད་ཀྱི་ཁྱད་པར་རམ་གོ་རིམ་ཙམ་ལ་གོ་བས་དོན་མཚོན་ཚུལ་ཁྱབ་ཆུང་དྲགས་ཡོད།

备课”ནི“སློབ་ཚན་མ་ཁྲིད་གོང་གི་སློབ་ཁྲིད་གྲ་སྒྲིག་སྟེ། རིག་ཚན་གྱི་རྩ་གནད་དང་བསླབ་གཞི། དཔྱད་གཞིའི་ཡིག་ཆར་ཞིབ་འཇུག་བྱེད་པ་དང་། སློབ་མར་རྒྱུས་ལོན་བྱེད་པ། སློབ་རིམ་ཁག་གི་སློབ་ཁྲིད་མྱུར་ཚད་དང་སྡེ་ཚན་འཆར་འགོད་བྱེད་པ། ཁྲིད་གཞི་འགོད་པ་སོགས་ཚུད་ཡོད།”“备课”ལ་དེ་སྔ“དཔེ་ཁྲིད་ཀྱི་གྲ་སྒྲིག”ཅེས་འབོད་པ་ནས། ཕྱིས“སློབ་ཁྲིད་གྲ་སྒྲིག”ཅེས་འབོད་ལ། ཡང་སློབ་གྲྭ་འགར“སློབ་ཁྲིད་འཆར་ཟིན”ཞེས་འབོད་པ་དང་། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་དེར“སློབ་ཁྲིད་ཟིན་བྲིས”སུ་གསུངས། དེ་ཡང་ཡིན་ཏེ། གལ་ཏེ“སློབ་ཁྲིད་གྲ་སྒྲིག”ཅེས་ན་ཁྱབ་ཆེ་དྲགས་པའི་སྐྱོན་ལྷགས་པར་སྙམ་སྟེ། “教案”དང“备课”“导学案” ལ་སོགས་པ་སློབ་ཁྲིད་མ་བྱས་གོང་གི་གྲ་སྒྲིག་ཚང་མ་འདིར་ཚུད་པས་སོ། །དེང་དུས་སློབ་གསོ་སློབ་ཁྲིད་ཀྱི་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་ཁྲོད། “备课”ལ“ཁྲིད་ཟིན”ཞེས་འབོད་དེ། དེ་ནི“སློབ་ཁྲིད་ཟིན་བྲིས”ཞེས་པའི་བསྡུས་མིང་ཡིན་པར་སྙམ།

课程” ལ་དེ་སྔ“སློབ་ཚན”ཟེར་བ་ནས་ཕྱིས་སུ“བསླབ་ཚན”ཞེས་བརྗོད་དེ། དུས་ད་ལྟ་བ“སློབ”ནས་དུས་མ་འོངས་པ“བསླབ”ལ་འགྱུར་ཡོད། དེ་ནི་གོང་གི“བསླབ་གཞི”ལ“བསླབ”ཅེས་འབྲི་དོན་དང་མཚུངས་པར། “གང་བསླབ་པར་བྱ་བའི་སྡེའམ་ཚན་པ”དང“གང་བསླབ་པར་བྱ་བའི་ཁྲིམས”ལྟ་བུ།

课堂”ལ་དེ་སྔ“སློབ་ཁང”ཟེར་བ་ནས་ཕྱིས་སུ“སློབ་ཚན”ཞེས་བརྗོད་དེ། གལ་ཏེ“སློབ་ཁང”ཞེས་བོས་ན“课室”དང་ནོར་ཉེན་ཆེ་ལ། སྤྱིར“课堂”ནི་སློབ་ཁྲིད་བྱེད་བཞིན་པའི་གནས་སྐབས་ལ་གོ་ཆེ་བས། “སློབ”ཅེས་དུས་ད་ལྟ་བ་སྦྱར་བ། གཞན་ཡང་། དེར“སློབ་ཐུན”ཞེས་འབོད་པའང་ཡོད་པས། གལ་ཏེ་དེ་ལྟར་བོས་ན“课时”དང་ནོར་ཉེན་ཆེ་བས། “སློབ་ཚན”ཞེས་སྤྱད་པ་ལེགས་པར་མཐོང་ངོ་། །

课本”ལ་དེ་སྔ“སློབ་དེབ”དང“བསླབ་གཞི”ཞེས་འབོད་མོད། ཕྱིས་སུ“བསླབ་དེབ”ཅེས་བརྗོད་ཡོད།  གལ་ཏེ“བསླབ་གཞི”ཞེས་བརྗོད་ན་ཁྱབ་ཆེ་དྲགས་ཏེ། “བསླབ་གཞིའི”སྒྲ་དོག་འཇུག་ནི“课本”ལ་གོ་ཞིང་། “教材”དང་འགྱུར་ཟློས་པས་སོ། །ཕྱིས་སུ“教科书”ལ་ཡང“བསླབ་དེབ”ཅེས་འབོད།

ཉེ་དུས་གསར་དུ་ཐོན་པའི་སློབ་གསོའི་ཐ་སྙད“说课”ཞེས་པར“སློབ་ཚན་གླེང་བརྗོད”དང་། མཐོ་འབྲིང་བོད་སྐད་ཡིག་བསླབ་ཚན་ཚད་གཞིའི་ནང“素质”ལ“བྱང་ཚད”དང“素养”ལ“ཡོན་ཚད”དུ་གཅིག་གྱུར་གཏན་འབེབས་བྱས་པས། “核心素养”ལ“སློབ་མའི་ལྟེ་བའི་ཡོན་ཚད”ཅེས་འབོད་པ། གཞན་ཡང“学习任务群、学业质量标准”བཅས་ལ་འགྱུར་གཏན་འཁེལ་བྱུང་མེད་ཚོད་འདུག་གོ །

གསུམ་པ། མཇུག་བསྡུའི་གྲོས་གཞི།

སློབ་གསོ་སྤྱི་ཡོངས་མི་སྣ་སྐྱོང་བའི་བླང་བྱ་གསར་པ་དང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་བྱུང་དུས། སློབ་གསོའི་འབྲེལ་ཡོད་བརྡ་ཆད་གསར་པ་དག་ཀྱང་རིམ་བཞིན་དར་ཡོང་བས། བརྡ་ཆད་གསར་པ་དེ་དག་ལ་ཁུངས་བཙུན་ཡོངས་གྲགས་ལྡན་པའི་སློབ་གསོ་ཅུས་དང་བསླབ་གཞི་རྩོམ་སྒྱུར་ཅུས། བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་སོགས་པས་སྔ་ཙམ་ནས་དོ་སྣང་དང་། མཁས་དབང་གདན་འདྲེན་གྱིས་གཅིག་གྱུར་གྱི་བཀས་བཅད་དགོས་པ་ཡིན་ལ། སློབ་གསོའི་ལས་གཉེར་པ་དག་གིས་ཀྱང་རང་བློའི་དཔག་ཚོད་ཀྱིས་ཡིག་སྒྱུར་མི་བྱེད་པར། ཁུངས་བཙུན་ཡོངས་གྲགས་ལྡན་པའི་བྱ་གཞག་སྡེ་ཚན་དག་གིས་གཅིག་གྱུར་གཏན་འབེབས་མཛད་པ་བཞིན་ལག་ལེན་བྱ་རྒྱུ་གལ་ཆེ་སྟེ། དེ་འདྲ་མ་ཡིན་པར་རང་བློའི་འདོད་མོས་བཞིན་བོད་འགྱུར་བྱས་ཚེ་སུ་ལའང་རྒྱུ་མཚན་ཡོད་པས། མཐར་གཅིག་གྱུར་མ་བྱུང་བར་བརྡ་འཕྲོད་དཀའ་བའི་གནས་སུ་ལྷུང་ངེས། །

ཟུར་ལྟའི་དཔྱད་གཞི། 

1.《རྒྱ་བོད་ཤན་སྦྱར་ཚིག་མཛོད། 汉藏词汇》མི་རིགས་དཔེ་སྐྲུན་ཁང་། 1964ལོའི་ཟླ2པ།

2.《རྒྱ་བོད་ཤན་སྦྱར་ཚིག་མཛོད། 汉藏对照词典》མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ9པ།

3.ཁང་སྐྱིད་བསོད་བསྟན།“བསླབ་ཚན་དང་བསླབ་གཞི་ཞེས་པའི་ཐ་སྙད་ཀྱི་བརྡ་དང་བོད་འགྱུར་ངོས་འཕྲོད་ཚུལ”[ J ] 2014ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་གསུམ་པ།

4.顾明远 主编,《教育大辞典》[ Z ]增订合编本(上),1998年上海教育出版社

5.ཞལ་ལྕེ་ལྷག་པ་ཚེ་རིང་གིས་བསྒྲིགས།《བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་རྣམ་བཤད》[Z]མི་རིགས་དཔེ་སྐྲུན་ཁང་།

6.《སློབ་ཆུང་སྐད་ཡིག་བསླབ་ཚན་གྱི་སློབ་ཚན་གླེང་བརྗོད་རྣམ་བཤད》[M]ཞེས་པའི་ཤོག་ངོས35གསལ་བ་བཞིན།

7.《དེང་རབས་རྒྱ་ཡིག་ཚིག་མཛོད(རྒྱ་བོད་ཐ་སྙད་ཤན་སྦྱར)》

[ Z ]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།