ཟླ3པའི་ཚེས17ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞིའི་སྤྱི་བསྡོམས་གཟེངས་བསྟོད་དང2025ལོའི་ལོ་འཁོར་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས། ཚོགས་འདུའི་ཐོག་ལྷོ་བྱང་རི་ལྗང་སྒྱུར་གྱི་སྔོན་ཐོན་ཐུན་མོང་ཚོགས་པ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས།
ཤེས་གསལ་ལྟར་ན། 2022ལོར་ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། བསྡོམས་པས་ནགས་སྐྲུན་མུའུ་ཁྲི70ཙམ་ལེགས་འགྲུབ་བྱུང་བ་དང་། སྡོང་ཕྲུག་རྐང་དུང་ཕྱུར1.14འདེབས་འཛུགས་བྱས་ཡོད། ནགས་སྐྲུན་སྤྱི་ཡོངས་ཀྱི་གསོན་ཚད85%ཡས་མས་དང་ཁྱབ་ཁོངས་ཁ་ཤས་སུ90%ཡན་དུ་སླེབས་ཡོད། གདོད་སྐྱེས་སྡོང་ཕྲན་གྱི་སྐྱེ་ཚུལ་ལེགས་པ་དང་ནགས་རྩྭ་སྔོ་ཁེབས་ཁྱབ་ཚད་མངོན་གསལ་མཐོར་འདེགས་སུ་ཕྱིན་པ། ལྷ་སའི་ཉེ་འཁོར་དང་འགྲིམ་འགྲུལ་ལམ་རྒྱུད་གལ་ཆེན་གྱི་ལྗང་སྒྱུར་རྒྱ་ཁྱོན་ཚད་མཐོའི་འཕར་བ། ལྗང་སྒྱུར་གྱི་ཚད་མངོན་གསལ་ཇེ་མང་དུ་ཕྱིན་པ། ནགས་ཚལ་གྱིས་གྲོང་ཁྱེར་སྐོར་བའི་སྒྲིག་གཞི་རགས་ཙམ་ཆགས་ཡོད།
ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞི་ལག་བསྟར་གྱི་གོ་རིམ་ཁྲོད་སྐྱེ་ཁམས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་རོང་འབྲོག་པའི་འབབ་འཕར་ཟུང་འབྲེལ་གང་ལེགས་བྱས་ཏེ། མི་དམངས་མང་ཚོགས་སྒྲིག་འཛུགས་བྱས་ནས་ལས་གཞི་འཛུགས་སྐྲུན་ནང་ཞུགས་པ་དང་། ཁེ་ལས་ཀྱིས་མང་ཚོགས་ཀྱི་སྡོང་ཕྲུག་ཉོ་སྒྲུབ་དང་འཕྲུལ་ཆས་བོགས་མར་ལེན་པ་ཁྲིད་སྟོན་བྱས་པས། ལྷོ་བྱང་རི“སྔོ་ལྗང“ཅན་དུ་གྱུར་བ་མ་ཟད་མང་ཚོགས་ཕྱུག་འགྱུར་བྱུང་ནས་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཕན་མངོན་འགྱུར་བྱུང་ཡོད། ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། བསྡོམས་པས་རོང་འབྲོག་མང་ཚོགས་མི་ཐེངས་ཁྲི720ལས་གཞི་འཛུགས་སྐྲུན་ནང་ཞུགས་པར་བསྡུ་ལེན་བྱས་ཤིང་། ངལ་ལས་དངུལ་གཏོང་དང་སྡོང་ཕྲུག་གསོ་སྤེལ་ཕྱིར་འཚོང་སོགས་ཐབས་ལམ་བརྒྱུད་དེ་མང་ཚོགས་ལ་སྒོར་དུང་ཕྱུར25ལྷག་གི་འབབ་འཕར་བྱུང་བར་སྐུལ་ཁྲིད་བྱས།
ཤེས་གསལ་ལྟར་ན། ལས་གཞི་དེའི་འགན་སྲུང་རང་བཞིན་གྱི་སྡོང་ཕྲུག་ར་བ65དང་ས་ཁྱོན་མུའུ་ཁྲི4ལྷག་བསྐྲུན་ཡོད། མིག་སྔར། སྟར་ག་དང་རྒྱལ་རྩེའི་སྟར་བུ། སྦྱར་ལྕང་། ཡོ་འབོག་ཤིང་། སྒྲོན་ཤིང་། ཤིང་ག་པུར། མངར་ཁམ། ཚེར་ཅན་ཚེས་སེར་སྡོང་པོ་སོགས་རིགས་ཁག་གི་སྡོང་ཕྲུག་རྐང་ཁྲི9000ཙམ་གསོག་འཇོག་བྱས་ཡོད་ལ། 2025ལོའི་ནགས་སྐྲུན་གྱི་དགོས་མཁོ་ཡོངས་སུ་སྐོང་ཐུབ། གཞན་ཡང་། ལྷ་ས་དང་ལྷོ་ཁ། གཞིས་ཀ་རྩེ། ཉིང་ཁྲི་སོགས་ས་ཁུལ་གྱིས་རང་ཡུལ་གྱི་འགན་སྲུང་རང་བཞིན་གྱི་སྡོང་ཕྲུག་ར་བ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རང་ཡུལ་གྱི་སྡོང་ཕྲུག་འདེབས་འཛུགས་མི་འདང་བའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས། །