ཚེས18ཉིན་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི2025ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ངང་ལས་མགོ་བརྩམས་པའི་མཛད་སྒོ་སྤེལ་ཤིང་། འཕྱོངས་རྒྱས་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་དང་ཨར་སྐྲུན་ཁེ་ལས། རོང་འབྲོག་པའི་འཐུས་མི་སོགས120ལྷག་ཞུགས།
“རྣམ་གྲངས་དམ་འཛིན་ནི་འཕེལ་རྒྱས་དམ་འཛིན་དང་། རྣམ་གྲངས་དོན་གཉེར་ནི་འབྱུང་འགྱུར་དོན་གཉེར་ཡིན“ཞེས་འཕྱོངས་རྒྱས་རྫོང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པའམ་རྫོང་མི་དམངས་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་ཝང་ཞའོ་ཅིན་གྱིས་མགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་གཅིག་སྡུད་ལས་མགོ་ཚུགས་པའི་རྣམ་གྲངས14ཡོད་པ་དང་བསྡོམས་པས་དངུལ་གཏོང་སྒོར་དུང་ཕྱུར21.6ཟིན་ལ། ནུས་ཁུངས་གསར་བ་དང་འགྲིམ་འགྲུལ། ཆུ་བེད། སློབ་གསོ། འཕྲོད་བསྟེན། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད། དེའི་ཁྲོད་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་གྱི60MWཡི་འགན་སྲུང་རང་བཞིན་གྱི་དྲ་སྦྲེལ་རླུང་ཤུགས་གློག་འདོན+ནུས་གསོག་རྣམ་གྲངས་དང་ལྷོ་ཁ་གྲོང་ཁྱེར་ལྷ་ཡུལ་གྱི་ཆན་ཧྥུའུ220གློག་སྒྱུར་ལས་གཞི་སོགས་དངུལ་གཏོང་སྒོར་དུང་ཕྱུར3ཡན་བཏང་བའི་གཙོ་གནད་རྣམ་གྲངས་ཡོད་པས། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགུལ་ནུས་གསར་བ་སྣོན་ཐུབ།
ཝང་ཞའོ་ཅིན་གྱིས2025ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་པས། རིམ་པ་སོ་སོའི་སྡེ་ཁག་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་ནུས་ཤུགས་ཡོད་རྒུས་ནུས་ལྡན་མ་འཇོག་རྒྱ་སྐྱེད་དུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་དཔལ་འབྱོར་བརྟན་པོ་འཕར་སྣོན་ཡོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།
གཙོ་གནད་རྣམ་གྲངས་ཨར་སྐྲུན་ཁེ་ལས་ཀྱི་འཐུས་མི་དང་ཀྲུང་གོ་ཨན་ནུང་སྡེ་ཚོགས་ལས་གཞི་ཅུའུ་གསུམ་པ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལིའུ་ཆི་ཡིས་གཏམ་བཤད་ཁྲོད་རྣམ་གྲངས་ཐོ་འགོད་ནས་དངོས་སུ་ལས་མགོ་ཚུགས་པའི་བར་འཕྱོངས་རྒྱས་རྫོང་ཨུ་དང་རྫོང་སྲིད་གཞུང་གི“ཆེད་གཉེར་ཅན”གྱི་ཞབས་ཞུ་ཡིས་ས་ཆ་བཀོལ་སྤྱོད་དང་ཞིབ་བཤེར་ཆན་འགོད་སོགས་ཀྱི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱས་ཏེ། ཁེ་ལས་དག་ལ་དངོས་གནས“འཕྱོངས་རྒྱས་མྱུར་ཚད“དང“འཕྱོངས་རྒྱས་དྲོད་ཚད“ཚོར་དུ་བཅུག་ཡོད་ཅེས་བསྟན།
”ཁེ་ལས་ཀྱིས་ལས་ཡུན་ཚགས་དམ་དང་རིས་འགེལ་ཨར་སྐྲུན་བྱས་ཏེ་ལོ་མཇུག་གི་སྔོན་དུ་ལེགས་འགྲུབ་བྱས་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པ་བརྩོན་ལེན་བྱས་ཏེ། རྫོང་ཁོངས་ལྗང་མདོག་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་དགོས”ཞེས་ལིའུ་ཆི་ཡིས་བཤད།
འཕྱོངས་རྒྱས་རྫོང་འཕེལ་རྒྱས་བཅོས་སྒྱུར་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ནེའུ་ཧའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། སྔོན་དཔག་བྱས་ན་དུས་ཚིགས་དང་པོར་འཕྱོངས་རྒྱས་རྫོང་གིས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར1ལྷག་ལེགས་པར་འགྲུབ་པ་དང་དུས་མཉམ་ལས31.3%འཕར་ཡོད། ཐེངས་འདིའི་གཅིག་སྡུད་ལས་མགོ་ཚུགས་པའི་མཛད་སྒོའི་རྗེས་སུ་གཙོ་གནད་རྣམ་གྲངས་ཁག་འཛུགས་སྐྲུན་གྱི་མྱུར་བགྲོད་ལམ་དུ་ཞུགས་པ་དང་། སྔོན་དཔག་བྱས་པ་ལྟར་ན་ལོ་འཁོར་ནང་མ་འཇོག་སྒོར་དུང་ཕྱུར10.6ལེགས་འགྲུབ་བྱུང་བ་དང་། ལས་ཞུགས་ལས་གནས2500ལྷག་གསར་འཕར་བྱུང་སྟེ། རྫོང་ཁོངས་ཀྱི་དཔལ་འབྱོར་འཕར་བ་དང་གྲུབ་ཚུལ་སྙོམ་སྒྲིག དམངས་འཚོར་ཕན་པ་བཅས་ཀྱི་ཐད་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་རྒྱུ་རེད། །