ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་པ་དང་། ཆོས་ལུགས་བར་གྱི་མཛའ་མཐུན་དང་སྤྱི་ཚོགས་འཆམ་མཐུན་ལ་སྲུང་སྐྱོང་བྱེད་པ། ཆོས་ལུགས་ལས་དོན་དོ་དམ་ཚད་ལྡན་དུ་གཏོང་བ། ཆོས་ལུགས་བྱ་བ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་ཆེད་དུ། རྩ་ཁྲིམས་དང་། འབྲེལ་ཡོད་བཅའ་ཁྲིམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི<<ཆོས་ལུགས་ལས་དོན་སྲོལ་ཡིག>>སོགས་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་ཞིང་། རང་ཞིང་གི་དོན་དངོས་དང་སྦྲེལ་ནས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་ཞིང་གི་སྲིད་འཛིན་ས་ཁོངས་ཀྱི་ཆོས་ལུགས་ལས་དོན་དང་དེའི་དོ་དམ་བྱེད་སྒོ་ཐད་སྤྱོད་པ་ཡིན།
ཆོས་ལུགས་ལས་དོན་དང་དེའི་དོ་དམ་བྱེད་སྒོར་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་ཡོད་པའི་རིགས་ནི་དེ་དག་གཞིར་བཟུང་ནས་ལག་བསྟར་བྱ་དགོས།
དོན་ཚན་གསུམ་པ། སྤྱི་དམངས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད།
རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལུགས་ལ་དད་པ་བྱེད་དུ་འཇུག་པའམ་ཡང་ན་ཆོས་ལུགས་ལ་དད་པ་བྱེད་དུ་མི་འཇུག་པའི་རིགས་གང་ཡང་བྱ་མི་ཆོག ཆོས་ལུགས་ལ་དད་པའི་སྤྱི་དམངས(གཤམ་དུ་བསྡུས་མིང་ལ་ཆོས་དད་སྤྱི་དམངས་ཞེས་འབྱུང)སམ་ཆོས་ལུགས་ལ་མི་དད་པའི་སྤྱི་དམངས(གཤམ་དུ་བསྡུས་མིང་ལ་དད་མེད་སྤྱི་དམངས་ཞེས་འབྱུང)ལ་མཐོང་ཆུང་བྱ་མི་ཆོག
ཆོས་དད་སྤྱི་དམངས་དང་དད་མེད་སྤྱི་དམངས། ཡང་ན་ཆོས་ལུགས་མི་འདྲ་བར་དད་མོས་བྱེད་མཁན་གྱི་སྤྱི་དམངས་དག་གིས་ཕན་ཚུན་ལ་བརྩི་བཀུར་དང་མཛའ་མཐུན་མཉམ་གནས་བྱ་དགོས།
དོན་ཚན་བཞི་པ། ཆོས་ལུགས་བྱ་བའི་ཐད་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ། ཆོས་ལུགས་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་མཐུན་ཡོང་བར་ཧུར་བརྩོན་གྱིས་སྣེ་འཁྲིད་བྱ་དགོས།
དོན་ཚན་ལྔ་པ། ཆོས་ལུགས་ལས་དོན་གྱི་དོ་དམ་ཐད་ཁྲིམས་མཐུན་ལ་སྲུང་སྐྱོབ་དང་། ཁྲིམས་འགལ་ལ་བཀག་འགོག ཐལ་སྤྱོད་ལ་བཀག་སྡོམ། སིམ་འཛུལ་ལ་འགོག་རྒོལ། ཉེས་སྤྱོད་ལ་རྡུང་རྡེག་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།
དོན་ཚན་དྲུག་པ། རང་ཞིང་གིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས་པ་དང་། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ལས་རིགས་མི་སྣ། ཆོས་དད་སྤྱི་དམངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་ཡིན།
ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ལས་རིགས་མི་སྣ། ཆོས་དད་སྤྱི་དམངས་བཅས་ཀྱིས་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ་སོགས་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱས་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་འཇགས་བཅས་ལ་སྲུང་སྐྱོང་བྱ་དགོས།
རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་ཆོས་ལུགས་བེད་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་། སྤྱི་ཚོགས་ཀྱི་སྒྲིགས་ལམ་ལ་གཏོར་བརླག་བྱེད་པ། སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་སྲིད་འཛིན་དང་། ཁྲིམས་འཛིན། འདེམས་བསྐོ། སློབ་གསོ། གཉེན་སྒྲིག་སོགས་ཀྱི་ལམ་ལུགས་ལ་འགོག་རྐྱེན་བཟོ་བ། དེ་བཞིན་རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་བའི་ཁེ་ཕན། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་གཞན་དག་སྤེལ་མི་ཆོག
རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་ཆོས་ལུགས་མི་འདྲ་བའི་བར་དང་། ཆོས་ལུགས་གཅིག་གི་ནང་ཁུལ་དང་། དེ་བཞིན་ཆོས་དད་སྤྱི་དམངས་དང་དད་མེད་སྤྱི་དམངས་བར་འགལ་ཟླ་དང་འགལ་རྐྱེན་བཟོ་མི་ཆོག་པ་དང་། ཆོས་ལུགས་ཐལ་མཐའ་རིང་ལུགས་དྲིལ་སྒྲོག་དང་། རྒྱབ་སྐྱོར། རོགས་དངུལ་སྤྲོད་པ་བཅས་བྱ་མི་ཆོག་ཅིང་། ཆོས་ལུགས་བེད་སྤྱད་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་། རྒྱལ་ཁབ་ཁ་ཕྲལ་གཏོང་བ། འཇིགས་སྐུལ་བྱེད་སྒོ་སྤེལ་བ་བཅས་བྱ་མི་ཆོག
དོན་ཚན་བདུན་པ། ཆོས་ལུགས་སོ་སོས་ཁེར་ཚུགས་དང་། རང་བདག རང་གཉེར་གྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ལས་དོན་གང་ཡིན་རུང་རྒྱལ་ཕྱིའི་སྟོབས་ཤུགས་ཀྱི་ཐེ་ཇུས་མི་ཐེབས་པ་བྱ་དགོས།
ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ལས་རིགས་མི་སྣ་བཅས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་། འདྲ་མཉམ། མཛའ་མཐུན་བཅས་ཀྱི་རྨང་གཞིའི་ཐོག་ནས་ཕྱི་ཕྱོགས་འགྲོ་འོང་བྱ་དགོས་པ་དང་། དེ་དག་མ་ཡིན་པའི་རྩ་འཛུགས་སམ་མི་སྒེར་གཞན་གྱིས་ཕྱི་ཕྱོགས་ལ་དཔལ་འབྱོར་དང་རིག་གནས་སོགས་ཀྱི་མཉམ་ལས་དང་། བསམ་བློ་བརྗེ་རེས་ཀྱི་བྱེད་སྒོ་སྤེལ་བའི་གོ་རིམ་ཁྲོད་ཆོས་ལུགས་ཀྱི་ཆ་རྐྱེན་ཡོད་པ་དང་ལེན་བྱ་མི་ཆོག
དོན་ཚན་བརྒྱད་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཆོས་ལུགས་བྱ་བར་ཤུགས་སྣོན་བྱ་དགོས་པ་དང་། ཆོས་ལུགས་བྱ་བའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། བྱ་བའི་སྟོབས་ཤུགས་དང་དགོས་ངེས་ཀྱི་བྱ་བའི་ཆ་རྐྱེན་འགན་སྲུང་བྱ་དགོས་ཤིང་། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་དད་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་། ཆོས་ལུགས་ལས་དོན་གྱི་དོ་དམ་བྱ་བ་མཐུན་སྦྱོར་བྱ་དགོས་ཤིང་། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ལ་སྤྱི་བའི་ཞབས་ཞུ་འདོན་སྤྲོད་བྱ་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་བའི་ཁེ་ཕན་དང་འབྲེལ་བའི་ཆོས་ལུགས་ལས་དོན་ལ་སྲིད་འཛིན་དོ་དམ་བྱ་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་གི་འགན་འཁྲིའི་ཁྱབ་ཁོངས་ནས་ཁྲིམས་ལྟར་འབྲེལ་ཡོད་ཀྱི་དོ་དམ་བྱ་བའི་འགན་འཁུར་དགོས།
དོན་ཚན་དགུ་པ། ཞང(གྲོང་རྡལ)མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་གིས་རང་ཁོངས་ཀྱི་ཆོས་ལུགས་ལས་དོན་དོ་དམ་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། ཆོས་ལུགས་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་། ཆོས་ལུགས་དང་འབྲེལ་བའི་འགལ་རྐྱེན་རྩོད་གཞི་མཐུན་སྦྱོར་འདུམ་སྒྲིག་བྱ་དགོས།
སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་ལ་གཞོགས་འདེགས་བྱས་ཏེ་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་དགོས། ཁྲིམས་འགལ་གྱི་ཆོས་ལུགས་རྩ་འཛུགས་དང་། ཁྲིམས་འགལ་གྱི་ཆོས་སྤེལ་མི་སྣ། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་སྒོ་ཕྱིའི་ཆོས་ལུགས་སྐུ་བརྙན་ཆེ་གྲས་གང་བྱུང་དུ་འཛུགས་སྐྲུན་བྱེད་པ་དང་ཆོས་ལུགས་བེད་སྤྱད་ནས་གཞི་རིམ་གྱི་སྤྱི་བའི་ལས་དོན་ལ་ཐེ་གཏོགས་བྱེད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་ས་གནས་དེའི་མི་དམངས་སྲིད་གཞུང་ལ་སྙན་ཞུ་འབུལ་དགོས།
དོན་ཚན་བཅུ་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་བའི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱ་བར་རྩ་འཛུགས་སྐུལ་འདེད་བྱས་ནས། ཆོས་ལུགས་ལས་དོན་དོ་དམ་ཆ་འཕྲིན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།
ལེའུ་གཉིས་པ། ཆོས་ལུགས་ཚོགས་པ།
དོན་ཚན་བཅུ་གཅིག་པ། ཆོས་ལུགས་ཚོགས་པ་གསར་འཛུགས་དང་། བསྒྱུར་བཅོས། ཐོ་བསུབ་བྱ་དགོས་ཚེ་ཆོས་ལུགས་ལས་དོན་སྡེ་ཁག་ལ་རེ་ཞུ་འབུལ་དགོས་ཤིང་། ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་བྱས་ཏེ་མོས་མཐུན་བྱུང་རྗེས་དམངས་སྲིད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚོགས་པར་དོ་དམ་བྱེད་པའི་འབྲེལ་ཡོད་གཏན་འབེབས་ལྟར་ཐོ་འགོད་བྱ་དགོས་པར་མ་ཟད། ཐོ་འགོད་བྱས་ཚུལ་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡིག་ཐོག་ནས་གསལ་བཤད་བྱ་དགོས།
དོན་ཚན་བཅུ་གཉིས་པ། ཆོས་ལུགས་ཚོགས་པས་ཁྲིམས་ལྟར་འགན་ནུས་བསྒྲུབ་དགོས་པ་དང་། དོ་དམ་ལམ་ལུགས་ཡོད་ཚད་འཐུས་ཚང་བཟོ་དགོས་ཤིང་། ཆོས་ལུགས་སློབ་གླིང་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ལས་རིགས་མི་སྣ་བཅས་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བར་ཁྲིད་སྟོན་བྱ་དགོས།
དོན་ཚན་བཅུ་གསུམ་པ། ཆོས་ལུགས་ཚོགས་པས་ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་སྤྱི་དམངས་ལ་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། ཁྲིམས་སྐྱོང་བཅས་ཀྱི་སློབ་གསོ་གཏོང་དགོས་པ་དང་། ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་སྤྱི་དམངས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཇེ་མཐོར་གཏོང་རྒྱུར་སྣེ་ཁྲིད་བྱ་དགོས།
ཆོས་ལུགས་ཚོགས་པས་ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་སྤྱི་དམངས་ལ་འབྲེལ་གཏུག་དང་ཞབས་ཞུ་བྱ་དགོས་པ་དང་། ཆོས་ལུགས་ལས་རིགས་ཀྱི་བསམ་འཆར་དང་ལུགས་མཐུན་གྱི་རེ་འདུན་ཡར་ཞུ་བྱེད་པ་དང་། ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ། ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་སྤྱི་དམངས་ཀྱིས་སྤྱི་དམངས་ཀྱི་འོས་འགན་བསྒྲུབ་རྒྱུར་སྣེ་ཁྲིད་བྱ་དགོས།
དོན་ཚན་བཅུ་བཞི་པ། ཆོས་ལུགས་ཚོགས་པས་ཆོས་ལུགས་རིག་གནས་དང་ཆོས་ལུགས་བསྟན་བཅོས་ལ་ཞིབ་འཇུག་བྱས་ནས། ཆོས་ལུགས་བསམ་བློ་འཛུགས་སྐྲུན་བྱས་ཏེ་ཆོས་དོན་ཆོས་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་འཆམ་མཐུན་དང་། དུས་རབས་ཡར་ཐོན། བདེ་ཐང་དཔལ་ཡོན་བཅས་ཀྱི་ནང་དོན་སྔོག་འདོན་གང་ལེགས་བྱ་དགོས་ཤིང་། ཆོས་དོན་ཆོས་ཁྲིམས་ལ་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་མཐུན་ཞིང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པའི་འགྲེལ་བརྗོད་བྱ་དགོས།
དོན་ཚན་བཅོ་ལྔ་པ། ཆོས་ལུགས་ཚོགས་པས་ཆོས་ལུགས་ལས་རིགས་མི་སྣའི་ཡིག་ཚགས་བཟོ་དགོས་པ་དང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དོ་དམ་བྱ་དགོས།
ཆོས་ལུགས་ལས་དོན་སྡེ་ཁག་དང་ཡིག་ཚགས་དོ་དམ་སྡེ་ཁག་གིས་ཆོས་ལུགས་ལས་རིགས་མི་སྣའི་ཡིག་ཚགས་དོ་དམ་ལ་མཛུབ་སྟོན་བྱ་དགོས།
དོན་ཚན་བཅུ་དྲུག་པ། ཞིང་ཆེན་ཆོས་ལུགས་ཚོགས་པས་ཆོས་ལུགས་རང་གི་དགོས་མཁོ་གཞིར་བཟུང་ནས་གཏན་འབེབས་ལྟར་ཆོས་ལུགས་ཕྱི་འགྲིམ་སློབ་མ་འདེམས་གཏོང་དང་སྡུད་ལེན་བྱ་ཆོག དེ་ལས་གཞན་པའི་རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་ཕྱི་འགྲིམ་མི་སྣ་འདེམས་གཏོང་དང་སྡུད་ལེན་བྱ་མི་ཆོག
ལེའུ་གསུམ་པ། ཆོས་ལུགས་སློབ་གླིང་།
དོན་ཚན་བཅུ་བདུན་པ། ཆོས་ལུགས་སློབ་གླིང་གིས་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས་ཤིང་། ནང་ཁུལ་དོ་དམ་དང་འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་བཟོས་ཏེ། སློབ་ཚན་བཀོད་སྒྲིག་འོས་འཚམ་བྱ་དགོས་ལ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་དང་ཉིན་རྒྱུན་གྱི་སློབ་ཁྲིད་དོ་དམ་ལ་ཤུགས་བསྣན་ནས། ཆོས་ལུགས་རིག་གཞུང་ཞིབ་འཇུག་བྱས་ཏེ་སློབ་སྒྲུབ་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས།
དོན་ཚན་བཅོ་བརྒྱད་པ། ཆོས་ལུགས་སློབ་གླིང་གིས་སློབ་བསྡུའི་སྒྲིགས་ཡིག་བཟོས་ནས་ཞིང་ཆེན་ཆོས་ལུགས་ཚོགས་པ་འཐད་པ་བྱུང་རྗེས། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་བྱ་དགོས།
ཆོས་ལུགས་སློབ་གླིང་གི་སློབ་བསྡུ་ནི་ཆོས་དད་སྤྱི་དམངས་ཀྱིས་རང་མོས་སྒོས་མིང་ཐོ་འགོད་དགོས་པ་དང་། ས་གནས་དེའི་ཆོས་ལུགས་ཚོགས་པས་འོས་སྦྱོར་བྱས་པ་བརྒྱུད། རྒྱུགས་སྤྲད་ནས་རྩེ་གྲ་གདམས་དགོས་པ་མ་ཟད། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་བྱ་དགོས།
དོན་ཚན་བཅུ་དགུ་པ། ཆོས་ལུགས་སློབ་གླིང་གིས་ཆོས་ལུགས་ཚོགས་པ་དང་འབྲེལ་ཡོད་སྡེ་ཁག་གི་ཁྲིད་སྟོན་འོག སློབ་བསྡུ་དང་། སློབ་ཁྲིད། སློབ་མ། བདེ་སྲུང་། མེ་གསོད། སྤྱི་བའི་འཕྲོད་བསྟེན། ཟས་རིགས་བདེ་འཇགས་སོགས་ཀྱི་དོ་དམ་ལམ་ལུགས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་དགོས་པ་དང་། སློབ་གཉེར་སྒྲིགས་ལམ་ཚད་ལྡན་དུ་བཏང་ནས་སློབ་སྒྲུབ་སྤུས་ཚད་ཇེ་མཐོར་གཏོང་དགོས།
དོན་ཚན་ཉི་ཤུ་པ། ཆོས་ལུགས་ཚོགས་པ་དང་ནང་བསྟན་དགོན་པ། ཏའོ་ཅའོ་དགོན་པ། ཁ་ཆེའི་ཕྱག་ཁང་། གནམ་བདག་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས་ཀྱི་ལྷ་ཁང(གཤམ་དུ་དགོན་སྡེ་ལྷ་ཁང་ཞེས་འབྱུང)བཅས་ནས་ཆོས་ལུགས་ལས་རིགས་མི་སྣ་གསོ་སྐྱོང་བྱེད་པའམ་སློབ་སྦྱོང་གི་དུས་ཡུན་ཟླ་གསུམ་ཡན་གྱི་ཆོས་ལུགས་སློབ་གསོ་དང་གསོ་སྦྱོང་སྤེལ་ན། གྲོང་ཁྱེར(ཁུལ)ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་ཞུ་ཕུལ་ནས་ཞིབ་མཆན་འགོད་དགོས། སློབ་སྦྱོང་བྱེད་ཡུན་ཟླ་གསུམ་ལས་མི་བརྒལ་ཚེ་བྱེད་སྒོ་སྤེལ་ཡུལ་གྱི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་བྱ་དགོས།
དོན་ཚན་ཉེར་གཅིག་པ། ཆོས་ལུགས་ཚོགས་པ་དང་དགོན་སྡེ་ལྷ་ཁང་གིས་ཆོས་ལུགས་སློབ་གསོ་གསོ་སྦྱོང་སྤེལ་བའི་རེ་འདུན་ཞུ་ན་་གཤམ་གྱི་ཆ་རྐྱེན་དང་མཐུན་དགོས།
གཅིག ཆོས་ལུགས་སློབ་གསོ་གསོ་སྦྱོང་སྤེལ་བའི་སྲོལ་རྒྱུན་དང་ཡང་དག་པའི་སློབ་གསོ་གསོ་སྦྱོང་གི་དམིགས་ཡུལ་ཡོད་པ།
གཉིས། སློབ་གསོ་དང་གསོ་སྦྱོང་གི་དགོས་མཁོ་སྐོང་ཐུབ་པའི་ས་གནས་གཏན་འཇགས་ཡོད་པ།
གསུམ། སློབ་ཚན་བཀོད་སྒྲིག་འོས་འཚམ་དང་སློབ་ཁྲིད་བྱེད་མཁན་ཚད་ལྡན་ཡོད་པ།
བཞི། དགོས་ངེས་ཀྱི་མ་དངུལ་ཡོད་པ་དང་མ་དངུལ་གྱི་ཡོང་ཁུངས་ཁྲིམས་མཐུན་ཡིན་པ།
ལྔ། དོ་དམ་ལམ་ལུགས་འཐུས་ཚང་ཡོད་པ།
དྲུག དོ་དམ་རྩ་འཛུགས་དང་འགན་འཁུར་བ་ཡོད་པ།
དོན་ཚན་ཉེར་གཉིས་པ། ཆོས་ལུགས་ཚོགས་པ་དང་དགོན་སྡེ་ལྷ་ཁང་གིས་ཆོས་ལུགས་སློབ་གསོ་གསོ་སྦྱོང་སྤེལ་བའི་རེ་འདུན་ཞུ་བར་གཤམ་གྱི་རྒྱུ་ཆ་མཁོ་སྤྲོད་བྱེད་དགོས།
གཅིག རེ་འདུན་ཞུ་ཡིག
གཉིས། སློབ་ཁྲིད་བྱེད་མཁན་གྱི་ལོ་རྒྱུས་མདོར་བསྡུས་དང་སློབ་གཉེར་དཔང་ཡིག
གསུམ། སློབ་གསོ་གསོ་སྦྱོང་གི་རྩ་གནད་དང་། སློབ་ཚན་བཀོད་སྒྲིག་གི་གནས་ཚུལ། སྤྱོད་བྱའི་སློབ་དེབ། ཁྲིད་གཞི།
བཞི། གྲོན་དངུལ་གྱི་ཡོང་ཁུངས་གཙོ་བོའི་གསལ་བཤད་དང་འབྲེལ་ཡོད་རྒྱུ་ཆ།
ལྔ། སློབ་གསོ་གསོ་སྦྱོང་སྤེལ་ས་སོགས་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་གནས་ཚུལ་གསལ་བཤད།
དྲུག འབྲེལ་ཡོད་ཀྱི་དོ་དམ་ལམ་ལུགས།
བདུན། དོ་དམ་རྩ་འཛུགས་ཀྱི་ཁོངས་མི་དང་འགན་འཁུར་བ་གཙོ་བོའི་གནས་ཚུལ།
ལེའུ་བཞི་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ།
དོན་ཚན་ཉེར་གསུམ་པ། སྲོལ་ཡིག་འདིའི་ནང་འཁོད་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི<<ཆོས་ལུགས་ལས་དོན་སྲོལ་ཡིག>>གི་གཏན་འབེབས་བཞིན་ཁྲིམས་ལྟར་ཐོ་འགོད་བྱས་ཏེ་ཆོས་དད་སྤྱི་དམངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དགོན་སྡེ་ལྷ་ཁང་དང་གཏན་འཇགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་གནས་གཞན་དག་ལ་ཟེར།
དོན་ཚན་ཉེར་བཞི་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དགོས་མཁོ་དངོས་ལ་གཞིགས་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་འཛུགས་སྐྲུན་དེ་རྒྱལ་ཁོངས་བར་སྟོང་འཆར་འགོད་ནང་འཇོག་དགོས།
རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་། གནས་སྤོས་ཡུལ་མི། མཁར་རྙིང་བསྒྱུར་བཀོད་བཅས་ཀྱི་འཆར་གཞི་བཟོ་སྐབས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་འབྲེལ་བ་ཡོད་ན་ཆོས་ལུགས་ལས་དོན་སྡེ་ཁག་དང་། ཆོས་ལུགས་ཚོགས་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་བསམ་འཆར་ལ་ཉན་དགོས།
དོན་ཚན་ཉེར་ལྔ་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་། སྒོ་ཕྱིའི་ཆོས་ལུགས་སྐུ་བརྙན་ཆེ་གྲས་འཛུགས་སྐྲུན་བྱེད་པར་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་། ལས་གྲྭ་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ། རིག་དངོས་སྲུང་སྐྱོབ། མེ་གསོད་བདེ་འཇགས་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་མཐུན་དགོས་ཤིང་། ཉེ་འཁོར་གྱི་ལས་ཁུངས་དང་། སློབ་གྲྭ། སྡོད་དམངས་བཅས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་། སློབ་སྦྱོང་། འཚོ་བ་བཅས་ལ་འགོག་རྐྱེན་བཟོ་མི་ཆོག འཛུགས་སྐྲུན་གྱི་གཞི་ཁྱོན་གཏན་འབེབས་དང་མཐུན་དགོས་ལ། བཀོད་སྒྲིག་ལུགས་མཐུན་དང་། བཟོ་བཀོད་ལ་ཀྲུང་གོའི་ཁྱད་ཆོས་ཐོན་པར་བྱ་དགོས།
ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལྗོངས་རྒྱུ་བྱེད་ས་གཙོ་བོ་ཡིན་པའི་མཛེས་ལྗོངས་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་བྱེད་སྐབས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁྱད་ཆོས་དང་ཁོར་ཡུག་དང་མཐུན་སྦྱོར་ཡོང་དགོས།
དོན་ཚན་ཉེར་དྲུག་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བཟོ་བཀོད་བསྐྱར་སྐྲུན་ནམ་གསར་འཛུགས་བྱེད་ཚེ། དགོན་སྡེ་ལྷ་ཁང་གི་ཁོངས་སུ་གཏོགས་པ་ཡིན་ན། ས་གནས་དེའི་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་བྱས་ནས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་ཐོབ་དགོས། གཏན་འཇགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གཞན་དག་ལ་གཏོགས་ན་ས་གནས་དེའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་བྱས་ནས་རིམ་པ་གོང་མའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་ཐོབ་དགོས། ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་བཀོད་རྗེས་ཁྲིམས་ལྟར་འཆར་འགོད་དང་འཛུགས་སྐྲུན་སོགས་ཀྱི་འགྲོ་ལུགས་བསྒྲུབ་དགོས།
དོན་ཚན་ཉེར་བདུན་པ། དགོན་སྡེ་ལྷ་ཁང་དུ་སྒོ་ཕྱིའི་ཆོས་ལུགས་སྐུ་བརྙན་ཆེ་གྲས་བཞེངས་ཚེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།
དགོན་སྡེ་ལྷ་ཁང་གི་ཕྱི་ལོགས་སུ་སྒོ་ཕྱིའི་ཆོས་ལུགས་སྐུ་བརྙན་ཆེ་གྲས་བཞེངས་མི་ཆོག་ཅིང་། ཡང་ན་དེང་རབས་ཀྱི་སྒྲ་དང་། འོད། གློག་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་སྒོ་ཕྱིའི་ཆོས་ལུགས་སྐུ་བརྙན་ཆེ་གྲས་སྡེབ་སྒྲིག་བྱ་མི་ཆོག
ཆོས་ལུགས་ཚོགས་པ་དང་དགོན་སྡེ་ལྷ་ཁང་ཕུད་པའི་རྩ་འཛུགས་དང་མི་སྒེར་གྱིས་སྒོ་ཕྱིའི་ཆོས་ལུགས་སྐུ་བརྙན་ཆེ་གྲས་བཞེངས་མི་ཆོག
དོན་ཚན་ཉེར་བརྒྱད་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མིང་ནི་ཆོས་ལུགས་གྲུབ་མཐའ་དང་། དབྱི་སི་ལན་མོན་ཧོན། མི་མིང་སོགས་ཀྱིས་བཏགས་མི་ཆོག
དོན་ཚན་ཉེར་དགུ་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་དོ་དམ་རྩ་འཛུགས་བཙུགས་ཏེ་དམངས་གཙོའི་དོ་དམ་ལག་བསྟར་བྱ་དགོས།
ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་རྩ་འཛུགས་ཀྱི་ཁོངས་མི་ནི་རྒྱལ་གཅེས་ཆོས་གཅེས་དང་། སྒྲིགས་བརྩི་ཁྲིམས་སྲུང་། ལས་སྒྲུབ་དྲང་གཞག་ཅིག་ཡིན་དགོས་ལ། ཆོས་ལུགས་ཤེས་ཡོན་དང་དོ་དམ་ནུས་པ་ངེས་ཅན་ལྡན་དགོས། ཁོངས་མི་ནི་སྤྱིར་བཏང་དུ་ཆོས་ལུགས་ལས་རིགས་མི་སྣ་དང་། ཆོས་ལུགས་རང་གི་གཏན་འབེབས་དང་མཐུན་པའི་ཆོས་ལུགས་བྱེད་སྒོ་གཙོ་སྐྱོང་བྱེད་པའི་མི་སྣ་གཞན་དག་དང་། ས་གནས་དེའི་ཆོས་དད་སྤྱི་དམངས་ཀྱི་འཐུས་མི་སོགས་ཀྱི་ཁྲོད་ནས་དམངས་གཙོའི་གྲོས་མོལ་བརྒྱུད་འདེམས་བསྐོ་བྱས་ནས་ཐོན་དགོས་པར་མ་ཟད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཐོ་འགོད་དོ་དམ་ལས་ཁུངས་ལ་ཐོ་འགོད་སྙན་སེང་བྱ་དགོས།
ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་རྩ་འཛུགས་ཀྱི་སྐབས་རེའི་འགན་ཡུན་ལོ་ལྔ་ལས་བརྒལ་མི་ཆོག དོ་དམ་རྩ་འཛུགས་ཀྱི་ཁོངས་མིས་གཏན་འབེབས་ལྟར་འགན་འཁྲི་མ་བསྒྲུབ་ཚེ་དུས་ཐོག་ཏུ་བརྗེ་སྤོར་བྱེད་དགོས།
དོན་ཚན་སུམ་ཅུ་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་རྩ་འཛུགས་ཀྱིས་གཤམ་གྱི་འགན་འཁྲི་བསྒྲུབ་དགོས།
གཅིག ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་སྤྱི་དམངས་ལ་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། སྲིད་ཇུས་བཅས་བརྩི་སྲུང་བྱས་ཏེ། རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ཁྲིམས་འགལ་གྱིས་ཆོས་ལུགས་སྤེལ་བ་བཀག་འགོག་བྱ་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱ་དགོས།
གཉིས། འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་ལམ་ལུགས་ལ་གཞིགས་ནས་ཆོས་དོན་དང་། མི་སྣ། ནོར་དོན། རྒྱུ་ནོར། བདེ་སྲུང་། མེ་གསོད། སྤྱི་བའི་འཕྲོད་བསྟེན། ཟས་རིགས་བདེ་འཇགས། སྐྱེ་ཁམས་སྲུང་སྐྱོབ། རིག་དངོས། གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ། ཡོམ་འགོག་གནོད་འཕྲི་སོགས་དོ་དམ་ལམ་ལུགས་འཛུགས་སྐྲུན་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་རྩ་འཛུགས་ལག་བསྟར་བྱ་དགོས།
གསུམ། བྱེད་སྒོ་སྤེལ་ཡུལ་དེའི་ཆོས་ལུགས་བྱེད་སྒོ་དང་རྒྱུན་ལྡན་གྱི་ལས་དོན་བཀོད་སྒྲིག་དང་ཐག་གཅོད་བྱ་རྒྱུ།
བཞི། དུས་བཅད་ལྟར་ནོར་དོན་གྱི་རྩིས་ཐོ་ཁྱབ་སྒྲོག་བྱ་རྒྱུ།
ལྔ། བྱེད་སྒོ་སྤེལ་ཡུལ་དེའི་ཁྲིམས་མཐུན་ཁེ་དབང་དང་རྒྱུན་ལྡན་གྱི་སྒྲིགས་ལམ་སྲུང་སྐྱོང་བྱ་རྒྱུ།
དོན་ཚན་སོ་གཅིག་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་ཐོལ་བྱུང་དོན་རྐྱེན་གྱི་འཚུབ་ཟློག་ཇུས་གཞི་བཟོས་ནས་ས་གནས་དེའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་དང་འཚུབ་ཟློག་དོ་དམ་སྡེ་ཁག་ལ་ཐོ་འགོད་སྙན་སེང་བྱ་དགོས།
ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཆག་སྒོ་ཚབས་ཆེན་བྱུང་བའམ་ཆོས་ལུགས་འཛེམ་བྱ་དང་འགལ་བ་སོགས་ཆོས་དད་སྤྱི་དམངས་ཀྱི་ཆོས་ལུགས་བརྩེ་དུང་ལ་གནོད་འཚེ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག སྤྱི་ཚོགས་བདེ་འཇགས་ལ་ཤུགས་རྐྱེན་ངན་པ་བཟོ་བ་སོགས་ཀྱི་དོན་རྐྱེན་བྱུང་སྐབས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་འཚུབ་ཟློག་ཇུས་གཞི་ལག་བསྟར་བྱས་ཏེ། འཕྲལ་མར་ས་གནས་དེའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་དང་། འཚུབ་ཟློག་དོ་དམ་སོགས་སྡེ་ཁག་ལ་སྙན་ཞུ་འབུལ་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ཁྲིམས་ལྟར་བརྟག་དཔྱད་ཐག་གཅོད་བྱ་དགོས།
དོན་ཚན་སོ་གཉིས་པ། གནས་སྐབས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་གནས་ཀྱི་རེ་ཞུ་དང་། གཏན་ཁེལ། ལྟ་སྐུལ་དོ་དམ་བཅས་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།
རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་གནས་སྐབས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་གནས་གཏན་ཁེལ་མ་བྱས་སྔོན་དུ་རིམ་པ་གཅིག་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྡེ་ཁག་དང་། ཆོས་ལུགས་ཚོགས་པ། ས་གནས་དེའི་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་། སྲང་ལམ་དོན་གཅོད་ཁང་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་དང་། ངེས་མཁོ་བྱུང་ཚེ་སྤྱི་བསྒྲགས་དང་། དཔང་མཉན་ཚོགས་འདུ། བཞུགས་མོལ་ཚོགས་འདུ་སོགས་ཀྱི་རྣམ་པར་བརྟེན་ནས་ཉེ་འཁོར་གྱི་ལས་ཁུངས་དང་སྡོད་དམངས་ཀྱི་བསམ་འཆར་ལ་ཉན་ཆོག
གནས་སྐབས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་གནས་ཀྱི་གོ་ཆོད་དུས་ཡུན་ནི་ཆེས་རིང་ན་ལོ་གསུམ་ཡིན། དུས་ཡུན་ལོངས་རྗེས་སྔར་བཞིན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་པའི་ཆ་རྐྱེན་མི་འཛོམས་པ་དང་། ཆོས་དད་སྤྱི་དམངས་ལ་རྒྱུན་ལྡན་གྱི་ཐུན་མོང་གི་ཆོས་ལུགས་བྱེད་སྒོ་སྤེལ་བའི་དགོས་མཁོ་ཡོད་ཚེ་ཡང་བསྐྱར་རེ་འདུན་ཞུ་དགོས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་པའི་ཆ་རྐྱེན་འཛོམས་ན་ཁྲིམས་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཞིབ་མཆན་དང་ཐོ་འགོད་འགྲོ་ལུགས་བསྒྲུབ་དགོས།
དོན་ཚན་སོ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་བརྩི་སྲུང་དང་། བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་ལམ་ལུགས་འཛུགས་སྐྲུན་ལག་བསྟར་དང་། ཐོ་འགོད་རྣམ་གྲངས་བསྒྱུར་བ། ཆོས་ལུགས་བྱེད་སྒོ་དང་ཕྱི་འབྲེལ་བྱེད་སྒོ་སྤེལ་བའི་གནས་ཚུལ་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱ་དགོས།
ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་ཆོས་ལུགས་ལས་དོན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གི་ལྟ་སྐུལ་ཞིབ་བཤེར་དང་མཛུབ་སྟོན་དང་ལེན་བྱ་དགོས།
ལེའུ་ལྔ་པ། ཆོས་ལུགས་ལས་རིགས་མི་སྣ།
དོན་ཚན་སོ་བཞི་པ། ཆོས་ལུགས་ལས་རིགས་མི་སྣ་ནི་ཆོས་ལུགས་ཚོགས་པས་གཏན་འབེབས་ཀྱི་གོ་རིམ་ལྟར་ངོས་འཛིན་བྱས་ཏེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་བྱ་དགོས།
ངོས་འཛིན་དང་ཐོ་འགོད་སྙན་སེང་བྱས་པའི་ཆོས་ལུགས་ལས་རིགས་མི་སྣ་ནི་ངོས་འཛིན་གཏན་འཁེལ་བྱེད་མཁན་གྱི་ཆོས་ལུགས་ཚོགས་པས་ཆོས་ལུགས་ལས་རིགས་མི་སྣའི་དཔང་ཡིག་གནང་རྗེས། ཆོས་ལུགས་ཀྱི་ཆོས་དོན་བྱེད་སྒོ་སྤེལ་ཆོག
ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་བླངས་མེད་པའམ་མེད་པར་གྱུར་པའི་རིགས་ཀྱིས་ཆོས་ལུགས་ལས་རིགས་མི་སྣའི་མིང་ཐོག་ནས་བྱེད་སྒོ་སྤེལ་མི་ཆོག
ཆོས་ལུགས་ལས་རིགས་མི་སྣར་བརྫུས་ནས་ཆོས་ལུགས་བྱེད་སྒོ་སྤེལ་བའམ་རྒྱུ་ནོར་གཡོ་ལེན་བྱེད་པ་གཏན་འགོག་བྱ་དགོས།
དོན་ཚན་སོ་ལྔ་པ། ཆོས་ལུགས་ལས་རིགས་མི་སྣར་གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ངོས་འཛིན་བྱེད་མཁན་གྱི་ཆོས་ལུགས་ཚོགས་པས་ཆོས་ལུགས་ལས་རིགས་མི་སྣའི་དཔང་ཡིག་ཕྱིར་བསྡུ་དགོས་པར་མ་ཟད། ཐོ་འགོད་སྙན་སེང་འགོད་མཁན་སྡེ་ཁག་ཏུ་ཐོ་བསུབ་འགྲོ་ལུགས་བསྒྲུབ་རྗེས་འོས་འཚམ་གྱི་རྣམ་པས་སྤྱི་བསྒྲགས་བྱ་དགོས།
གཅིག བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་ལམ་ཡང་ན་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་ཆོས་ལུགས་ཚོགས་པས་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་མེད་པར་བཟོས་པའི་རིགས།
གཉིས། ཆོས་ལུགས་དེའི་ཆོས་དོན་ཆོས་ཁྲིམས་དང་། ཡང་ན་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་ཆོས་ལུགས་ཚོགས་པས་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་མེད་པར་བཟོས་པའི་རིགས།
གསུམ། རང་འགུལ་གྱིས་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་དོར་བའི་རིགས།
བཞི། ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་དཔང་ཡིག་གི་གོ་ཆོད་དུས་ཡུན་ལོངས་ནས་རྒྱུན་མཐུད་མེད་པའི་རིགས།
ལྔ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་དང་ཁ་བྲལ་ནས་འབྲེལ་ཡོད་ཆོས་ལུགས་བྱེད་སྒོ་སྤེལ་བའི་རིགས།
དྲུག རྒྱུ་རྐྱེན་གཞན་གྱི་དབང་གིས་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་མེད་པར་གྱུར་བའི་རིགས།
དོན་ཚན་སོ་དྲུག་པ། བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ཁྲི་གསོལ་ཞུ་སྐབས། ནང་བསྟན་ཚོགས་པའི་མཛུབ་སྟོན་འོག་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ལམ་སྲོལ་ལྟར་བསྒྲུབས་ཏེ། རྒྱལ་ཁབ་ཀྱི་གཏན་འབེབས་བཞིན་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གམ་ཡང་ན་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱས་ནས་ཆོག་མཆན་ཐོབ་དགོས།
རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་རང་དགར་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ཁྲི་གསོལ་སྐོར་གྱི་བྱེད་སྒོ་སྤེལ་མི་ཆོག
བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ཁྲི་གསོལ་ལ་རྒྱལ་ཕྱིའི་རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གིས་ཀྱང་ཐེ་ཇུས་དང་ཁ་ལོ་མི་བསྒྱུར་བ་བྱ་དགོས།
དོན་ཚན་སོ་བདུན་པ། ཆོས་ལུགས་ལས་རིགས་མི་སྣ་ཆོས་ལུགས་ལས་དོན་སྡེ་ཁག་གིས་དུས་བཅད་ལྟར་རྩ་འཛུགས་བྱས་པའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས། ཆོས་ལུགས་གཞུང་ལུགས་སོགས་ཀྱི་གསོ་སྦྱོང་ལ་ཞུགས་དགོས་པ་མ་ཟད། ཆོས་ལུགས་ལས་དོན་སྡེ་ཁག་གིས་གསོ་སྦྱོང་དཔང་ཡིག་སྤྲོད་དགོས།
དོན་ཚན་སོ་བརྒྱད་པ། ཆོས་ལུགས་ལས་རིགས་མི་སྣས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཆོས་འགན་གཙོ་བོའི་འགན་འཁུར་བའམ་ལས་གནས་དང་འབྲལ་ཚེ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་རྩ་འཛུགས་ཀྱིས་བསམ་འཆར་འདོན་དགོས་པ་དང་། ས་གནས་དེའི་ཆོས་ལུགས་ཚོགས་པ་འཐད་པ་བྱུང་རྗེས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་བྱ་དགོས།
དོན་ཚན་སོ་དགུ་པ། ཆོས་ལུགས་ལས་རིགས་མི་སྣས་རང་ཞིང་གི་མངའ་ཁོངས་ནང་གི་གྲོང་ཁྱེར(ཁུལ)དང་རྫོང་(གྲོང་ཁྱེར་དང་ཆུས)བརྒལ་ནས་ཆོས་ལུགས་བྱེད་སྒོ་གཙོ་སྐྱོང་དང་། ཟབ་སྦྱོང་སློབ་གཉེར་བྱེད་ན་གནས་ཡུལ་དང་འགྲོ་ཡུལ་གྱི་ཆོས་ལུགས་ཚོགས་པ་མོས་མཐུན་བྱུང་རྗེས། ཕྱོགས་གཉིས་ཀའི་གནས་ཡུལ་གྱི་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)གི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་བྱ་དགོས།
རང་ཞིང་གི་ཆོས་ལུགས་ལས་རིགས་མི་སྣ་ཞིང་ཆེན་གཞན་དང་ཞིང་ཆེན་གཞན་གྱི་ཆོས་ལུགས་ལས་རིགས་མི་སྣ་རང་ཞིང་དུ་ཡོང་ནས་ཆོས་ལུགས་བྱེད་སྒོ་གཙོ་སྐྱོང་དང་ཟབ་སྦྱོང་སློབ་གཉེར་བྱེད་ཚེ། རང་ཞིང་གི་ཆོས་ལུགས་ཚོགས་པ་མོས་མཐུན་བྱུང་དགོས་པར་མ་ཟད། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་བྱ་དགོས།
དོན་ཚན་བཞི་བཅུ་པ། ཆོས་ལུགས་ལས་རིགས་མི་སྣས་སྤྱིར་བཏང་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གཅིག་གི་ཆོས་འགན་གཙོ་བོ་ལས་འཁུར་མི་ཆོག དམིགས་བསལ་གྱི་གནས་ཚུལ་འོག་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གཞན་ཞིག་གི་འགན་གཅིག་ལྕོགས་སུ་འཁུར་དགོས་ཚེ་ཕྱོགས་གཉིས་སོ་སོའི་ཆོས་ལུགས་ཚོགས་པ་འཐད་པ་བྱུང་དགོས་པ་མ་ཟད། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་བྱ་དགོས།
དོན་ཚན་ཞེ་གཅིག་པ། ཆོས་ལུགས་ལས་རིགས་མི་སྣ་ཁྲིམས་ལྟར་སྤྱི་ཚོགས་འགན་སྲུང་ལ་ཞུགས་ཆོག་པ་དང་འབྲེལ་ཡོད་ཀྱི་ཁེ་དབང་ལོངས་སུ་སྤྱོད་ཆོག
ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་འབྲེལ་ཡོད་གཏན་འབེབས་ལྟར་ཆོས་ལུགས་ལས་རིགས་མི་སྣར་སྤྱི་ཚོགས་འགན་སྲུང་གི་ཐོ་འགོད་བྱ་དགོས།
ལེའུ་དྲུག་པ། ཆོས་ལུགས་བྱེད་སྒོ།
དོན་ཚན་ཞེ་གཉིས་པ། ཆོས་དད་སྤྱི་དམངས་ཀྱི་ཐུན་མོང་གི་ཆོས་ལུགས་བྱེད་སྒོ་དེ་སྤྱིར་བཏང་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་སྤེལ་དགོས་ཤིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་། ཆོས་ལུགས་ཚོགས་པའམ་ཡང་ན་ཆོས་ལུགས་སློབ་གླིང་གིས་རྩ་འཛུགས་བྱ་དགོས་པ་དང་། ཆོས་ལུགས་ལས་རིགས་མི་སྣའམ་ཡང་ན་ཆོས་ལུགས་དེའི་གཏན་འབེབས་དང་མཐུན་པའི་མི་སྣ་གཞན་དག་གིས་གཙོ་སྐྱོང་བྱས་ཏེ་ཆོས་ལུགས་ཀྱི་ཆོས་དོན་ཆོས་ཁྲིམས་ལྟར་སྤེལ་དགོས།
དོན་ཚན་ཞེ་གསུམ་པ། ཆོས་ལུགས་ཚོགས་པ་མ་ཡིན་པ་དང་། ཆོས་ལུགས་སློབ་གླིང་མ་ཡིན་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་མ་ཡིན་པ། གནས་སྐབས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་གནས་མ་ཡིན་པ་བཅས་ཀྱིས་ཆོས་ལུགས་བྱེད་སྒོ་རྩ་འཛུགས་དང་བསྡུ་སྤེལ་བྱ་མི་ཆོག་ལ། ཆོས་ལུགས་རང་བཞིན་གྱི་ཞལ་འདེབས་དང་ལེན་བྱ་མི་ཆོག
ཆོས་ལུགས་ཚོགས་པ་མ་ཡིན་པ་དང་། ཆོས་ལུགས་སློབ་གླིང་མ་ཡིན་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་མ་ཡིན་པ་བཅས་ཀྱིས་ཆོས་ལུགས་སློབ་གསོ་དང་གསོ་སྦྱོང་སྤེལ་མི་ཆོག་ལ། སྤྱི་དམངས་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་ཕྱི་ཡི་ཆོས་ལུགས་ཐད་ཀྱི་གསོ་སྐྱོང་དང་། གྲོས་ཚོགས། བྱེད་སྒོ་སོགས་སུའང་ཞུགས་མི་ཆོག
དོན་ཚན་ཞེ་བཞི་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་འགྲོ་མཁན་གྱིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་དང་། ཆོས་ལུགས་དད་མོས་དང་གོམས་སྲོལ་ལ་བརྩི་འཇོག་བྱ་དགོས་ཤིང་། རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་འགལ་རྐྱེན་བཟོ་མི་ཆོག
ཆོས་དད་སྤྱི་དམངས་ཆོས་ལུགས་བྱེད་སྒོར་ཞུགས་པའམ་ཡང་ན་ཆོས་ལུགས་ཀྱི་འཚོ་བ་རོལ་སྐབས་སྤྱི་བའི་ཡུལ་དངོས་ཀྱི་སྒྲིགས་ལམ་དང་། བགྲོད་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་འགོག་རྐྱེན་བཟོ་མི་ཆོག་པ་དང་། ཉེ་འཁོར་གྱི་ལས་ཁུངས་དང་། སློབ་གྲྭ། སྡོད་དམངས་ཀྱི་ཐོན་སྐྱེད་དང་། སློབ་སྦྱོང་། འཚོ་བ་བཅས་ལ་ཤུགས་རྐྱེན་བཟོ་མི་ཆོག
དོན་ཚན་ཞེ་ལྔ་པ། ཞིང་ཆེན་དང་། གྲོང་ཁྱེར།(ཁུལ) རྫོང(གྲོང་ཁྱེར་དང་ཆུས)བརྒལ་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཤོང་ཚད་ལས་བརྒལ་བའི་ཆོས་ལུགས་བྱེད་སྒོ་ཆེ་གྲས་སྤེལ་བའམ་ཡང་ན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཕྱི་རོལ་དུ་སྤེལ་བའི་ཚོགས་ཞུགས་མི་གྲངས་གཞི་ཁྱོན་ངེས་ཅན་ཞིག་ལས་བརྒལ་བ་དང་། སྤྱི་ཚོགས་ལ་ཤུགས་རྐྱེན་ཅུང་ཆེ་བའི་ཆོས་ལུགས་བྱེད་སྒོ་ཆེ་གྲས་སྤེལ་ཚེ། ཁྲིམས་ལྟར་ཞིབ་མཆན་འགོད་པའི་འགྲོ་ལུགས་བསྒྲུབ་དགོས།
དོན་ཚན་ཞེ་དྲུག་པ། ཆོས་ལུགས་བྱེད་སྒོ་ཆེ་གྲས་སྤེལ་པའི་རེ་འདུན་ཞུ་ན་གཤམ་གྱི་ཆ་རྐྱེན་འཛོམས་དགོས།
གཅིག བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་གཏན་འབེབས་དང་མཐུན་པ།
གཉིས། ཆོས་ལུགས་ཀྱི་ཆོ་ག་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་གོམས་སྲོལ་དང་མཐུན་པ།
གསུམ། ཆོས་ལུགས་བྱེད་སྒོ་ཆེ་གྲས་སྤེལ་བའི་དགོས་མཁོ་དངོས་གནས་ཡོད་པར་མ་ཟད། ཆོས་ལུགས་བྱེད་སྒོ་ཆེ་གྲས་སྤེལ་བའི་ནུས་པ་དང་དགོས་ངེས་ཀྱི་ཆ་རྐྱེན་འཛོམས་པ།
བཞི། ཆོས་ལུགས་བྱེད་སྒོ་ཆེ་གྲས་ཀྱིས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིགས་ལམ་དང་སྤྱི་ཚོགས་ཀྱི་སྤྱི་བའི་སྒྲིགས་ལམ་ལ་ཤུགས་རྐྱེན་ཚབས་ཆེན་མི་བཟོ་བ།
ལྔ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་བཟོ་སྐྲུན་དང་། སྒྲིག་བཀོད། ཡུལ་དངོས་རྣམས་བདེ་འཇགས་ཀྱི་བླང་བྱ་དང་མཐུན་པ།
དྲུག དེ་འབྲེལ་གྱི་འཚུབ་ཟློག་ཇུས་གཞི་དང་། འགན་འཁུར་མི་སྣ། བདེ་འཇགས་ཉེན་སྲུང་གི་བྱེད་ཐབས་ཡོད་པ།
བདུན། ལོ་གསུམ་གྱི་རིང་ཆོས་ལུགས་བྱེད་སྒོ་ཆེ་གྲས་སྤེལ་བར་བདེ་འཇགས་མིན་པའི་ཆ་འཕྲིན་ཟིན་ཐོ་མེད་པ།
བརྒྱད། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་སྔོན་ཚུད་ནས་ཆོག་མཆན་ཐོབ་དགོས་པའི་རིགས་ལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་ཐོབ་པ།
དོན་ཚན་ཞེ་བདུན་པ། ཆོས་ལུགས་བྱེད་སྒོ་ཆེ་གྲས་སྤེལ་བའི་རེ་འདུན་ཞུ་བར་གཙོ་སྒྲུབ་བྱེད་མཁན་གྱི་ཆོས་ལུགས་ཚོགས་པ་དང་དགོན་སྡེ་ལྷ་ཁང་གིས་ཆོས་ལུགས་བྱེད་སྒོ་སྤེལ་འཆར་ཡོད་པའི་ཉིན་སུམ་ཅུའི་གོང་ནས། བྱེད་སྒོ་སྤེལ་ཡུལ་གྱི་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡིག་ཐོག་ནས་རེ་འདུན་ཞུ་དགོས་པ་དང་། གཏན་འབེབས་ལྟར་འབྲེལ་ཡོད་རྒྱུ་ཆ་སྤྲོད་དགོས། བྱེད་སྒོ་སྤེལ་ཡུལ་གྱི་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་དང་ལེན་བྱས་ཉིན་ནས་ཉིན་བཅོ་ལྔའི་ནང་དུ་རིམ་པ་དེའི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་དང་འཚུབ་ཟློག་དོ་དམ་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་བྱས་རྗེས་ཆོག་མཆན་འགོད་མིན་ཐག་གཅོད་བྱ་དགོས། ཆོག་མཆན་འགོད་རྒྱུའི་ཐག་གཅོད་བྱས་པར་ཆོག་མཆན་ཐོབ་པའི་ཉིན་ནས་བཟུང་ཉིན་ལྔའི་ནང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་བྱ་དགོས།
དོན་ཚན་ཞེ་བརྒྱད་པ། ཆོག་མཆན་ཐོབ་པའི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ནི་ཆོག་མཆན་བཀོད་པའི་བརྡ་སྦྱོར་ཡི་གེའི་བླང་བྱ་ལྟར་ཆོས་ལུགས་ཀྱི་ཆོ་ག་ལྟར་སྤེལ་དགོས་ཤིང་། སྲོལ་ཡིག་འདིའི་དོན་ཚན་དྲུག་པ་དང་བདུན་པའི་འབྲེལ་ཡོད་གཏན་འབེབས་དང་འགལ་མི་ཆོག གཙོ་སྒྲུབ་བྱེད་མཁན་གྱི་ཆོས་ལུགས་ཚོགས་པ་དང་། དགོན་སྡེ་ལྷ་ཁང་གིས་བྱེད་ཐབས་ནུས་ལྡན་སྤྱད་ནས་བློ་འདས་དོན་རྐྱེན་འབྱུང་བ་སྔོན་འགོག་བྱས་ཏེ། ཆོས་ལུགས་བྱེད་སྒོ་ཆེ་གྲས་བདེ་འཇགས་དང་རིམ་ལྡན་ངང་སྤེལ་བར་ཁག་ཐེག་བྱ་དགོས།
དོན་ཚན་ཞེ་དགུ་པ། ཆོས་ལུགས་སློབ་གླིང་ཕུད་པའི་སློབ་གྲྭ་དང་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་སོགས་སློབ་གསོའི་ལས་ཁུངས་གཞན་དག་ཏུ་ཆོས་ལུགས་སྤེལ་བ་དང་། ཆོས་ལུགས་བྱེད་སྒོ་སྤེལ་བ། ཆོས་ལུགས་རྩ་འཛུགས་འཛུགས་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་པ་བཅས་གཏན་འགོག་བྱ་དགོས།
མཐོ་རིམ་སློབ་གྲྭ་སོགས་སློབ་གྲྭ་སྣ་ཚོགས་དང་སློབ་གསོའི་གསོ་སྦྱོང་ལས་ཁུངས་གཞན་དག་གིས་ཆོས་ལུགས་བེད་སྤྱད་ནས་སིམ་འཛུལ་བྱེད་པར་བཀག་འགོག་བྱེད་པའི་ལས་ཀ་ལེགས་པོར་བསྒྲུབ་དགོས།
ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་དང་། དབྱར་སྒར། སྒོམ་སྒར་སོགས་སྤེལ་བའི་ཐབས་ལ་བརྟེན་ནས་ནར་མ་སོན་པའི་མི་ལ་ཆོས་ལུགས་བརྒྱུད་སྒྲོག་བྱེད་པ་གཏན་འགོག་བྱ་དགོས།
རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་ནར་མ་སོན་པའི་མི་ལ་བསླུ་བྲིད་དང་བཙན་ཤེད་ཀྱིས་ཆོས་ལུགས་བྱེད་སྒོར་ཞུགས་སུ་བཅུག་མི་ཆོག
དོན་ཚན་ལྔ་བཅུ་པ། དབྱི་སི་ལན་ཆོས་ལུགས་ཚོགས་པས་འབྲེལ་ཡོད་གཏན་འབེབས་ལྟར་ས་ཁུལ་དེའི་དབྱི་སི་ལན་ཆོས་ལུགས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པས་རྩ་འཛུགས་བྱས་པའི་གནས་མཇལ་བྱེད་སྒོ་སྤེལ་བའི་འགན་འཁུར་དགོས། དེ་མིན་གྱི་རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་གནས་མཇལ་བྱེད་སྒོ་རྩ་འཛུགས་བྱ་མི་ཆོག
དོན་ཚན་ང་གཅིག་པ། ཡོངས་ཁྱབ་ཏུ་འགྲེམས་སྤེལ་བྱེད་རྒྱུའི་ཆོས་ལུགས་ཀྱི་དཔེ་སྐྲུན་ཡིག་རིགས་དཔེ་སྐྲུན་བྱེད་པར་རྒྱལ་ཁབ་ཀྱི་དཔེ་སྐྲུན་དོ་དམ་སྐོར་གྱི་གཏན་འབེབས་ལྟར་བསྒྲུབ་དགོས།
ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། དགོན་སྡེ་ལྷ་ཁང་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆོས་ལུགས་ནང་ཁུལ་གྱི་དཔྱད་ཡིག་རང་བཞིན་གྱི་པར་སྐྲུན་དངོས་རིགས་རྩོམ་སྒྲིག་པར་འདེབས་དང་སྐྱེལ་གཏོང་བྱ་དགོས་ན། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་བྱས་རྗེས། ཞིང་ཆེན་དཔེ་སྐྲུན་དོ་དམ་སྡེ་ཁག་གིས་ཞིབ་བཤེར་བྱས་ནས་དཔར་འཐུས་དཔང་ཡིག་དགོས། ཆོས་ལུགས་ནང་ཁུལ་གྱི་དཔྱད་ཡིག་རང་བཞིན་གྱི་པར་སྐྲུན་དངོས་རིགས་ཆོག་མཆན་གྱི་གྲངས་ཀ་ལྟར་དཔར་བ་དང་གཏན་ཁེལ་གྱི་ཁྱབ་ཁོངས་ནང་དུ་བརྗེ་རེས་བྱ་དགོས།
མི་སྒེར་གྱི་དགོས་མཁོ་དང་ལུགས་མཐུན་གྱི་གྲངས་ལས་བརྒལ་བའི་ཆོས་ལུགས་པར་སྐྲུན་ཡིག་རིགས་ཕྱི་རྒྱལ་ནས་ནང་འདྲེན་བྱེད་པ་དང་། ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་ཆོས་ལུགས་པར་སྐྲུན་དང་པར་བཏབ་དངོས་རྫས་ནང་འདྲེན་བྱེད་ན། ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།
དོན་ཚན་ང་གཉིས་པ། ཆོས་ལུགས་ཀྱི་ནང་དོན་དང་འབྲེལ་བའི་པར་སྐྲུན་ཡིག་རིགས་རྒྱལ་ཁབ་ཀྱི་དཔེ་སྐྲུན་དོ་དམ་བྱེད་ཕྱོགས་སྐོར་གྱི་གཏན་འབེབས་དང་མཐུན་དགོས་པ་མ་ཟད། གཤམ་གསལ་གྱི་ནང་དོན་ཡོད་མི་ཆོག
གཅིག ཆོས་དད་སྤྱི་དམངས་དང་དད་མེད་སྤྱི་དམངས་འཆམ་མཐུན་མཉམ་གནས་ལ་གཏོར་བཤིག་གཏོང་བའི་རིགས།
གཉིས། ཆོས་ལུགས་མི་འདྲ་བའི་བར་གྱི་མཛའ་བརྩེ་དང་ཆོས་ལུགས་ནང་ཁུལ་གྱི་འཆམ་མཐུན་ལ་གཏོར་བཤིག་གཏོང་བའི་རིགས།
གསུམ། ཆོས་དད་སྤྱི་དམངས་དང་དད་མེད་སྤྱི་དམངས་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་པའི་རིགས།
བཞི། ཆོས་ལུགས་ཐལ་མཐའ་རིང་ལུགས་འུད་སྒྲོག་བྱེད་པའི་རིགས།
ལྔ། ཆོས་ལུགས་ཀྱི་ཁེར་ཚུགས་དང་། རང་བདག རང་གཉེར་གྱི་རྩ་དོན་དང་འགལ་བའི་རིགས།
དོན་ཚན་ང་གསུམ་པ། འཕྲིན་སྦྲེལ་དྲ་བ་སྟེང་ནས་ཆོས་ལུགས་ཆ་འཕྲིན་ཞབས་ཞུའི་ལས་ཀ་གཉེར་ན། ངེས་པར་དུ་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་མཆན་བཀོད་རྗེས། རྒྱལ་ཁབ་ཀྱི་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་ཞབས་ཞུ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།
དྲ་སྦྲེལ་ཆོས་ལུགས་ཆ་འཕྲིན་ཞབས་ཞུའི་ནང་དོན་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། ཆོས་ལུགས་ལས་དོན་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས།
དོན་ཚན་ང་བཞི་པ། གློག་འཕྲིན་ལས་སྒོ་གཉེར་མཁན་དང་། དྲ་སྦྲེལ་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱིས་ཁྲིམས་ལྟར་དྲ་རྒྱའི་བདེ་འཇགས་དང་། ཆ་འཕྲིན་གྱི་ནང་དོན་ལྟ་སྐུལ་ལམ་ལུགས། བདེ་འཇགས་འགོག་སྲུང་བྱ་ཐབས་དོན་འཁྱོལ་བྱ་དགོས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ཐོག་ཁྱབ་སྒྲོག་གམ་བརྒྱུད་གཏོང་བྱས་མི་ཆོག་པའི་ཆོས་ལུགས་ཀྱི་ཆ་འཕྲིན་ཡོད་པ་ཤེས་རྟོགས་བྱུང་ཚེ་འཕྲལ་མར་བརྒྱུད་གཏོང་བྱེད་མཚམས་འཇོག་དགོས་པ་དང་། འབྲེལ་ཡོད་ཟིན་ཐོ་ཉར་ཚགས་དང་འབྲེལ་ཡོད་ཆ་འཕྲིན་བསུབ་དགོས་པ་མ་ཟད། སྤྱི་བདེ་ལས་ཁུངས་དང་། ཆོས་ལུགས་ལས་དོན། དྲ་སྦྲེལ་ཆ་འཕྲིན་དོ་དམ་སྡེ་ཁག་ལ་སྙན་ཞུ་འབུལ་དགོས།
དོན་ཚན་ང་ལྔ་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་ཆོས་ལུགས་བྱེད་སྒོ་སྤེལ་པར་ཐོན་ཁུངས་གྲོན་ཆུང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཕན་དགོས།
ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་ཚེ་ཐར་གཏོང་བའི་བྱེད་སྒོ་རྩ་འཛུགས་བྱེད་ན། གནས་ཡུལ་དེ་དང་འཚམ་པའི་རིགས་འདེམས་དགོས་པ་མ་ཟད། གཏན་ཁེལ་བྱས་པའི་ས་ཁོངས་ནས་ཚེ་ཐར་གཏོང་དགོས། ཚེ་ཐར་བྱེད་སྒོས་ས་གནས་དེ་གའི་སྡོད་དམངས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བར་བར་ཆད་བཟོ་མི་ཆོག་ཅིང་། སྐྱེ་ཁམས་མ་ལག་ལ་གནོད་འཚེ་གཏོང་མི་ཆོག་པ་དང་། ཚེ་ཐར་གཏོང་བའི་བྱེད་སྒོ་བེད་སྤྱད་དེ་ཚོང་ལས་རང་བཞིན་གྱི་ལས་ཀ་གཉེར་མི་ཆོག
ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཕུད་པའི་རྩ་འཛུགས་དང་མི་སྒེར་གྱིས་ཆོས་ལུགས་ཀྱི་མིང་ཐོག་ནས་ཚེ་ཐར་གཏོང་བའི་བྱེད་སྒོ་རྩ་འཛུགས་བྱ་མི་ཆོག
ལེའུ་བདུན་པ། ཆོས་ལུགས་ཀྱི་རྒྱུ་ནོར།
དོན་ཚན་ང་དྲུག་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་ཁྲིམས་མཐུན་གྱིས་བེད་སྤྱོད་པའི་ས་ཞིང་དང་། ཁྲིམས་མཐུན་ངང་དབང་བའམ་བེད་སྤྱོད་པའི་ཁང་པ་དང་། བཟོ་བཀོད། སྒྲིག་བཀོད། དེ་མིན་གྱི་ཁྲིམས་མཐུན་གྱི་རྒྱུ་ནོར་དང་ཁེ་ཕན་སོགས་ཆོས་ལུགས་ཀྱི་རྒྱུ་ནོར་ལ་བཅའ་ཁྲིམས་གྱིས་སྲུང་སྐྱོང་བྱེད་པ་ཡིན།
རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་ཁྲིམས་མཐུན་གྱི་རྒྱུ་ནོར་བཅད་བཟུང་དང་། ཧམ་འཕྲོག ལྐོག་བགོ། གཏོར་བཤིག ཡང་ན་ཁྲིམས་འགལ་གྱིས་སྒོ་རྒྱ་ཐེལ་གནོན་དང་། བཙན་ཉར། གཞུང་བཞེས། ཆད་གཅོད་སོགས་བྱ་མི་ཆོག་ལ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་བདག་བཟུང་དང་བེད་སྤྱོད་བྱས་པའི་ཤུལ་བཞག་རིག་དངོས་ལ་གཏོར་བརླག་བྱ་མི་ཆོག
དོན་ཚན་ང་བདུན་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ནི་ཁེ་གཉེར་རང་བཞིན་མིན་པའི་རྩ་འཛུགས་ཡིན་པས། རྒྱུ་ནོར་དང་ཡོང་འབབ་རྣམས་དེའི་དགོངས་གཞི་དང་མཐུན་པའི་བྱེད་སྒོ་དང་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ཐད་སྤྱོད་པ་ལས་བགོ་བཤའ་རྒྱག་མི་ཆོག
རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོ་བེད་སྤྱད་དེ་ཆོས་ལུགས་སྤེལ་མི་ཆོག
དོན་ཚན་ང་བརྒྱད་པ། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་ཞལ་འདེབས་མ་དངུལ་བཏང་སྟེ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་བྱས་ན། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དེའི་བདག་དབང་དང་བེད་སྤྱོད་ཀྱི་དབང་ཆ་མེད་པ་མ་ཟད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དེ་ནས་དཔལ་འབྱོར་གྱི་ཁེ་ཕན་གང་ཡང་བླངས་མི་ཆོག་ལ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ལས་དོན་ལ་ཐེ་གཏོགས་བྱ་མི་ཆོག
ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་། ཆོས་ལུགས་སྐུ་བརྙན་ཆེ་གྲས་བཞེངས་བར་མ་དངུལ་གཏོང་བའམ་བདག་གཉེར་བྱ་མི་ཆོག་ལ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཚོང་ལས་འཁོར་སྐྱོད་བྱ་མི་ཆོག་ཅིང་། ཆོས་ལུགས་ཀྱི་མིང་གཡར་ནས་ཚོང་ལས་དྲིལ་སྒྲོག་བྱ་མི་ཆོག
དོན་ཚན་ང་དགུ་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། མངའ་ཁོངས་ཕྱི་ནང་གི་རྩ་འཛུགས་དང་མི་སྒེར་གྱིས་ཕུལ་བའི་ཞལ་འདེབས་དང་ལེན་བྱ་ཆོག་ལ་དེའི་དམིགས་ཡུལ་དང་མཐུན་པའི་བྱེད་སྒོ་སྟེང་བཀོལ་དགོས། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་མངའ་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་གྱི་ཞོར་འབྲེལ་ཆ་རྐྱེན་ཡོད་པའི་ཞལ་འདེབས་དང་ལེན་བྱ་མི་ཆོག ཞལ་འདེབས་དངུལ་གྲངས་སྒོར་ཁྲི10ལས་བརྒལ་ཚེ། ངེས་པར་དུ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་མཆན་འགོད་དགོས།
ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་ཆོས་ལུགས་ཀྱི་གོམས་སྲོལ་ལྟར་སྤྱི་དམངས་ཀྱི་ཞལ་འདེབས་དང་ལེན་བྱ་ཆོག འོན་ཀྱང་བཙན་སྐུལ་དང་འཁྲི་འགེལ་བྱ་མི་ཆོག
དོན་ཚན་དྲུག་ཅུ་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ལ་དབང་བའི་ཁང་པ་དང་བེད་སྤྱོད་པའི་ས་ཞིང་སོགས་བརྟན་ནོར་ལ་ཁྲིམས་ལྟར་དུ་བརྟན་ནོར་ཐོ་འགོད་སོགས་ཀྱི་འགྲོ་ལུགས་བསྒྲུབ་དགོས་པ་དང་། ས་ཞིང་གི་སྤྱོད་དབང་བསྒྱུར་བའམ་ཡང་ན་སྤོ་བསྒྱུར་བྱེད་སྐབས། བརྟན་ནོར་ཐོ་འགོད་ལས་ཁུངས་ཀྱིས་རིམ་པ་གཅིག་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱ་དགོས།
དོན་ཚན་རེ་གཅིག་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་རིག་དངོས་དང་། གཟུགས་འདས་རིག་གནས་ཤུལ་བཞག་དང་འབྲེལ་བའི་དངོས་རྫས་དང་། ཆེད་སྤྱོད་སྒྲིག་ཆས། འགྲིམ་འགྲུལ་ཡོ་བྱད། འགྲེམ་སྟོན་སྤྱོད་རྫས། དཔེ་དེབ་སོགས་བརྟན་ནོར་དངོས་རྗས་ཀྱི་གྲངས་འབོར་ཐོར་བཀོད་ནས་དེབ་དུ་བཟོ་བ་དང་། ཡིག་ཚགས་ལེགས་སྒྲིག་བྱས་ཏེ་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱ་དགོས།
དོན་ཚན་རེ་གཉིས་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་རིག་དངོས་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་བྱེད་སྒོ་སྤེལ་ཡུལ་རང་ངམ་རང་གིས་དོ་དམ་བྱེད་པའི་རིག་དངོས་རྣམས་ལ་དོ་དམ་དང་སྲུང་སྐྱོབ་བྱས་ནས། རིག་དངོས་ལ་གཏོར་སྐྱོན་ནམ་བོར་བརླག་བྱུང་བར་སྔོན་འགོག་བྱ་དགོས། རིག་དངོས་སྲུང་སྐྱོབ་དང་འབྲེལ་བའི་འཛུགས་སྐྲུན་དང་ཉམས་གསོ་བྱེད་སྒོ་ལ་ཁྲིམས་ལྟར་འབྲེལ་ཡོད་ཀྱི་འགྲོ་ལུགས་བསྒྲུབ་དགོས།
ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་ཉར་ཚགས་བྱས་པའི་སྤོ་རུང་རིག་དངོས་ལ་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ཏེ་དོ་དམ་བྱེད་པའི་འགན་འཁུར་དགོས།
དོན་ཚན་རེ་གསུམ་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་དངུལ་ཁང་གི་བསྡོམས་རྩིས་རྩིས་ཐོ་དོ་དམ་སྐོར་གྱི་གཏན་འབེབས་ལྟར་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྡེ་ཁག་ལ་ལས་ཁུངས་ཀྱི་དངུལ་ཁང་བསྡོམས་རྩིས་རྩིས་ཐོ་འཛུགས་པའི་རེ་འདུན་ཞུ་དགོས་ཤིང་། ལག་དངུལ་ཡོང་འབབ་དུས་ཐོག་ཏུ་ལས་ཁུངས་ཀྱི་དངུལ་ཁང་བསྡོམས་རྩིས་རྩིས་ཐོ་ནང་བཅོལ་དགོས་པ་ལས། རྩ་འཛུགས་གཞན་དག་དང་མི་སྒེར་གཞན་གྱི་རྩིས་ཐོའི་ཁོངས་སུ་བཅོལ་མི་ཆོག
ཆོག་མཆན་ཐོབ་ནས་བཙུགས་ཟིན་པ་དང་འཛུགས་གྲབས་བྱེད་བཞིན་པའི་སྐབས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩ་ལས་ཁུངས་ལ་གནས་སྐབས་ཀྱི་དངུལ་བཅོལ་རྩིས་ཐོ་འཛུགས་རྒྱུའི་རེ་འདུན་ཞུ་ཆོག
དོན་ཚན་རེ་བཞི་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་ནོར་དོན་དང་། རྒྱུ་ནོར། རྩིས་གཉེར། ཁྲལ་བསྡུ་བཅས་ཀྱི་ལམ་ལུགས་ལག་བསྟར་བྱ་དགོས་ཤིང་། ནང་ཁུལ་གྱི་ནོར་དོན་དོ་དམ་རྐྱེན་སྲོལ་འཛུགས་སྐྲུན་འཐུས་ཚང་དུ་བཏང་སྟེ། ལོ་རེའི་དུས་ཚིགས་དང་པོར་ཆོས་ལུགས་ལས་དོན་སྡེ་ཁག་ལ་ལོ་སྔོན་མའི་ནོར་དོན་གྱི་གནས་ཚུལ་དང་། འགྲོ་སོང་དང་ཡོང་འབབ་ཀྱི་གནས་ཚུལ། ཞལ་འདེབས་དང་ལེན་དང་བེད་སྤྱོད་བྱས་པའི་གནས་ཚུལ་བཅས་སྙན་ཞུ་འབུལ་དགོས་པ་མ་ཟད། དེའི་ལྟ་སྐུལ་དང་དོ་དམ་དང་ལེན་བྱེད་དགོས།
ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ལས་རིགས་མི་སྣ་བཅས་ཀྱིས་ཁྲིམས་ལྟར་ཁྲལ་འཇལ་སྙན་ཞུའི་འགྲོ་ལུགས་བསྒྲུབ་དགོས་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག
དོན་ཚན་རེ་ལྔ་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཐོ་ཁོངས་ནས་བསུབ་པའམ་ཡང་ན་མཚམས་འཇོག་དགོས་ཚེ་ངེས་པར་དུ་རྒྱུ་ནོར་ཚང་རྩིས་རྒྱག་དགོས། ཚང་རྩིས་བྱས་རྗེས་ཀྱི་རྒྱུ་ནོར་ལྷག་མ་རྣམས་ཚོགས་པའི་དགོངས་གཞི་དང་མཐུན་པའི་བྱ་གཞག་ཐད་སྤྱོད་དགོས།
ཆོས་ལུགས་ལས་རིགས་མི་སྣ་དང་འབྲེལ་ཡོད་ལས་བྱེད་མི་སྣ་ལས་གནས་ལས་འབྲལ་བའམ་ཡང་ན་ཚེ་ལས་འདས་རྗེས། དེས་ཉར་ཚགས་དང་བེད་སྤྱོད་བྱེད་བཞིན་པའི་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ལ་དབང་བའི་རྒྱུ་ནོར་རྣམས་ཕྱིར་སྤྲོད་དགོས།
ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་ཁུར།
དོན་ཚན་རེ་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཅའ་ཁྲིམས་ཀྱི་འགན་ཁུར་གཏན་འབེབས་བྱས་ཡོད་པའི་རིགས་དེ་དང་བསྟུན་དགོས།
དོན་ཚན་རེ་བདུན་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ལ་གཤམ་གསལ་གྱི་གནས་ཚུལ་རིགས་གཅིག་ཡོད་ན། ཆོས་ལུགས་ལས་དོན་སྡེ་ཁག་གིས་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། གནས་ཚུལ་ཅུང་ཚབས་ཆེན་ཡིན་ན་ཐོ་འགོད་དོ་དམ་ལས་ཁུངས་སམ་ཡང་ན་ཆོག་མཆན་འགོད་མཁན་ལས་ཁུངས་ཀྱིས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དེའི་ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་བརྗེ་འཐེན་བྱེད་དགོས། གནས་ཚུལ་ཚབས་ཆེན་ཡིན་ན་ཐོ་འགོད་དོ་དམ་ལས་ཁུངས་སམ་ཆོག་མཆན་འགོད་མཁན་ལས་ཁུངས་ཀྱིས་རྒྱུན་ལྡན་གྱི་བྱེད་སྒོ་སྤེལ་མཚམས་འཇོག་དུ་འཇུག་དགོས་པ་དང་། དོ་དམ་རྩ་འཛུགས་བསྐྱར་བཅོས་བྱ་དགོས་ཤིང་། དུས་བཅད་ལྟར་དག་ཐེར་ཡོ་བསྲང་བྱེད་དུ་འཇུག་དགོས། དག་ཐེར་ཡོ་བསྲང་མི་བྱེད་པའི་རིགས་ལ་ཁྲིམས་ལྟར་དེའི་ཐོ་འགོད་དཔང་ཡིག་གམ་ཆོག་འཐུས་ཡི་གེ་ཕྱིར་བསྡུ་དགོས། ཁྲིམས་འགལ་གྱི་ཐོབ་ཆ་དང་ཁྲིམས་འགལ་གྱི་རྒྱུ་ནོར་ཡོད་ཚེ་གཞུང་བཞེས་གཏོང་དགོས།
གཅིག ཆོས་ལུགས་ཀྱི་གྲུབ་མཐའ་དང་། དབྱི་སི་ལན་མོན་ཧོན། མི་མིང་གིས་མིང་བཏགས་པ།
གཉིས། སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོ་བེད་སྤྱད་དེ་ཆོས་ལུགས་སྤེལ་བ།
དོན་ཚན་རེ་བརྒྱད་པ། ཆོག་མཆན་མ་ཐོབ་པར་གནས་གཞན་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་རང་དགར་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པའམ་ཡང་ན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བཟོ་བཀོད་བསྐྱར་སྐྲུན་དང་གསར་སྐྲུན་བྱས་ན། ཆོས་ལུགས་ལས་དོན་དང་རང་བྱུང་ཐོན་ཁུངས། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་སོགས་སྡེ་ཁག་གིས་འགན་འཁྲི་བཞིན་ཁྲིམས་ལྟར་ཐག་གཅོད་བྱ་དགོས་པ་དང་། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས།
དོན་ཚན་རེ་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་དང་། དབྱར་སྒར། སྒོམ་སྒར་སོགས་སྤེལ་བའི་ཐབས་ལ་བརྟེན་ནས་ནར་མ་སོན་པའི་མི་ལ་ཆོས་ལུགས་སྤེལ་བའམ་ཡང་ན་ནར་མ་སོན་པའི་མི་ལ་ཆོས་ལུགས་བྱེད་སྒོར་ཞུགས་རྒྱུའི་བསླུ་བྲིད་དང་བཙན་སྐུལ་བྱེད་མཁན་ལ་ཆོས་ལུགས་ལས་དོན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བྱེད་སྒོ་མཚམས་འཇོག་ཏུ་འཇུག་དགོས་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་དང་ཁྲིམས་འགལ་གྱི་རྒྱུ་ནོར་གཞུང་བཞེས་གཏོང་དགོས། སློབ་བསྡུ་དང་སློབ་སྒྲུབ་ཀྱི་ཐོབ་ཐང་ཡོད་རིགས་ལ་སློབ་སྒྲུབ་བྱེད་མཚམས་འཇོག་ཏུ་འཇུག་དགོས་པ་དང་ཁྲིམས་ལྟར་སློབ་སྒྲུབ་ཆོག་འཐུས་ཡི་གེ་ཕྱིར་བསྡུ་དགོས། ནག་ཉེས་ཀྱི་ཚད་དུ་སླེབས་པའི་རིགས་ལ་བཅའ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།
དོན་ཚན་བདུན་ཅུ་པ། རྒྱལ་ཁབ་ཀྱི་གཞུང་འགན་མི་སྣས་ཆོས་ལུགས་ལས་དོན་དོ་དམ་བྱ་བའི་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་པ་ལ་ཁྲིམས་དང་སྒྲིགས་ལམ་ལྟར་ཆད་པ་གཅོད་དགོས་ཤིང་། ནག་ཉེས་ཀྱི་ཚད་དུ་སླེབས་པའི་རིགས་ལ་བཅའ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།
ལེའུ་དགུ་བ། ཞར་བྱུང་དོན་ཚན།
དོན་ཚན་དོན་གཅིག་པ། སྲོལ་ཡིག་འདི2021ལོའི་ཟླ10པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན། 2009ལོའི་ཟླ7པའི་ཚེས31ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི<<མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག>>དུས་མཚུངས་སུ་རྩིས་མེད་དུ་བཟོས་པ་ཡིན།