《ང་ཡི་རྟ་མཆོག》ཞང་ཀང་ཙི་ཅིང་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ2པའི་ཚེས24ཉིན། 2025ལོའི་སྐབས་བཞི་པའི་ཞང་ཀང་ཙི་ཅིང་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནས་ཡོང་བའི་གཏམ་བཟང་སྟེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གསར་རྩོམ་གྱི་དཔེ་གཞི་བྱས་པའི་བརྙན་ཐུང《ང་ཡི་རྟ་མཆོག》ཞེས་པ་གློག་བརྙན་དུས་ཆེན་དེའི་བརྙན་ཐུང་འགྲན་སྐོར་དུ་ཚུད།

དེ་སྔོན། 《ང་ཡི་རྟ་མཆོག》ཅེས་པ་འདི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་སྐབས་ཉི་ཤུ་པའི་ཁྲོད་གཟེངས་སུ་ཐོན་ཏེ་རྟིང་རྩོད་འགྲན་རིམ་དུ་ཚུད་པའི་གཟེངས་རྟགས་ཐོབ། ད་ཐེངས་ཞང་ཀང་ཙི་ཅིང་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཡང་བསྐྱར་ཚུད་པས་རྒྱལ་སྤྱིའི་གློག་བརྙན་གར་སྟེགས་སུ་དོ་སྣང་ཆེན་པོ་བྱུང་ལ། ཀྲུང་གོའི་མི་རིགས་རིག་གནས་དང་སྐྱེ་ཁམས་བློ་གྲོས་ངོམ་པའི་མིང་བྱང་མིག་དབང་འཕྲོག་པ་ཞིག་ཏུ་གྱུར།

བརྙན་ཐུང《ང་ཡི་རྟ་མཆོག》ཡིས་བརྙན་མིག་དེ་བོད་ཀྱི་འབྲོག་པ་གསེར་བཟང་རྒྱལ་དང་ཁོའི་གཅེས་པའི་རྟ་མཆོག་ལ་གཏད་དེ་ཁོ་ཚོའི་བར་གྱི་མི་སེམས་སྒུལ་བའི་བརྩེ་གདུང་ཟབ་མོ་དེ་བརྗོད་ཡོད། བརྙན་གྱི་མགོ་ནས་འཆར་ཡན་གྱིས་ཕྱུག་པའི་བརྙན་རིས་ལ་བརྟེན་ཏེ་ཐེམ་ཆེན་རྫོང་གི་མུ་མཐའ་བྲལ་བའི་རྩྭ་ཐང་དང་མེ་ལོང་ལྟར་དྭངས་ཤིང་གསལ་བའི་མཚེའུ་སོགས་བརྗིད་ཆགས་ལྟ་ན་སྡུག་པའི་རང་བྱུང་ཡུལ་ལྗོངས་དང་ཁྱད་ཆོས་ཀྱིས་ཕྱུག་པའི་འབྲོག་པའི་རིག་གནས་ཐགས་སུ་བརྒྱུས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྟག་བརྟན་གྱི་བརྗོད་བྱ་དེ་གླེང་ནས་ལྟད་མོ་བ་རྣམས་ལ་འདྲེན་བྱེད་མིག་གི་ལོངས་སྤྱོད་དང་གཏིང་ཟབ་པའི་བསམ་བློ་གཉིས་འདུས་ཀྱི་གློག་བརྙན་དགའ་སྟོན་ཞིག་བཤམས་ཡོད།

གསར་རྩོམ་ཚོགས་པའི་འགན་འཁུར་པས་ཐེམ་ཆེན་རྫོང་གི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་ཀླུང་དང་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་གཞི་རྒྱུ་ནི་གློག་བརྙན་འདི་ཡི་རྣམ་ཤེས་ཡིན། ང་ཚོས་བརྙན་རིས་སྒྱུ་རྩལ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ས་གཞི་འདི་ཡིས་རུམ་པའི་སྐྱེ་སྟོབས་ལྡན་པའི་ཚེ་སྲོག་དེ་སྟོན་པར་འདོད་པ་ཡིན་ཞེས་བཤད། ད་དུང་། གློག་བརྙན་གསར་རྩོམ་མི་སྣའི་ད་དུང་བཤད་རྒྱུར། གསར་རྩོམ་ཚོགས་པས་《ང་ཡི་རྟ་མཆོག》ཁྱེར་ཏེ་ཐེངས་འདིའི་གློག་བརྙན་དུས་ཆེན་གྱི་འགྲེམ་སྟོན་བྱེད་སྒོ་དང་རྒྱལ་སྤྱིའི་གླེང་སྟེགས་ལ་ཞུགས་ཏེ་ཀྲུང་གོའི་ན་གཞོན་གློག་བརྙན་པ་ཚོའི་གསར་རྩོམ་འདུ་ཤེས་རྒྱལ་སྤྱི་དང་འབྲེལ་མཐུད་བྱས་ཏེ་རིག་གནས་འབྲེལ་འདྲེས་བརྗེ་རེས་དང་ཁྱབ་སྤེལ་ལ་སྐུལ་འདེད་བྱས་ཡོད་པ་རེད་ཟེར།

ཆེད་ལས་ཁྱབ་ཁོངས་ཀྱི་མི་སྣའི་དབྱེ་ཞིབ་བྱས་པ་ལས་མངོན་པ་ལྟར་ན། 《ང་ཡི་རྟ་མཆོག》དེ་རྒྱལ་སྤྱིའི་གར་སྟེགས་སུ་མངོན་པ་ཡིན་ལ། དེ་ནི་ཐེམ་ཆེན་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་ལ་གསར་རྐྱང་གི་འཕེལ་རྒྱས་འགུལ་ནུས་གསབ་པ་མ་ཟད་ཀྲུང་གོའི་འཁྲབ་ཁྲིད་པ་གཞོན་རབས་རྣམས་ཀྱིས་རང་གི་རིག་གནས་མཐོང་ངོས་ཁྱད་པར་བ་ཞིག་བཏོད་དེ་རྒྱལ་སྤྱིའི་སྒྲོག་སྤེལ་བརྒྱུད་ལམ་གསར་རྐྱང་ཞིག་གསར་དུ་བཏོད་པ་མཚོན་ཡོད། གློག་བརྙན་གྱི་ཚ་རླབས་འཕྱུར་བ་དང་བསྟུན་ནས། ཐེམ་ཆེན་རྫོང་རྟ་མཆོག་གི་ཡུལ་གྲུའི་རིག་གནས་ཡུལ་སྐོར་རྟགས་མའི་གྲགས་ཚད་ཀྱང་མཐོར་འདེགས་སུ་འགྲོ་བཞིན་ཡོད། མཐོ་སྒང་ཞིང་ཁམས་འདིས་རུམ་པའི་རིག་གནས་ཁྱད་པར་བའི་མཛེས་སྡུག་དེ་འཛམ་གླིང་གི་གར་སྟེགས་སུ་མགྱོགས་མྱུར་གྱིས་བགྲོད་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།