འདས་དོན། འཇུ་སྐལ་བཟང་།

ཡོང་ཁུངས། བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

སྨུག་ཞག་འཐིབས་པའི་མཚེའུའི་ངོགས་སུ།

ལྗོང་ཤིང་གི་ལོ་མ་ཐར་ཐོར་ཞིག

རེས་འགར་ཕར་ལ་འཕྱོ་སྟེ་འགྲོ་ཞིང་།

རེས་འགར་ཚུར་ལ་གཡེང་ཞིང་ཡོང་།

ཟླ་འོད་དྭངས་པོའི་འོག་ཏུ།

མེ་ཏོག་གི་གྲིབ་མ་ཡང་པོ་ཞིག

གཡོ་བ་མེད་ཀྱང་འགུལ་སྙམ་བྱེད།

མོག་པོར་སྣང་ཡང་གསལ་བོར་མཐོང་།

ངུ་ཤུབ་མེད་ལ་དགོད་སྒྲའང་མེད་པའི་དུས་སུ།

འདས་དོན་གྱི་དྲན་གཞིག་ནི་ད་ལྟའི་འཚོ་བ་བྲོ་བ་དང་ལྡན་པ་ཞིག་གོ

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།