མཇལ་འཛོམས་ཐེངས་ཤིག་གི་དྲན་བྱང་།

ཡོང་ཁུངས། ཙོང་ཁ་དཔེ་ཁང་འཕྲིན་སྟེགས།

ད་ལོའི་སྤྱི་ཟླ༢པའི་ཚེས༡༧ཉིན་ཏེ་ཧོར་ཟླ༡པོའི་ཚེས༢༠ཉིན་གྱི་ཞོགས་པའི་ཆུ་ཚོད༨པར་ཐོན་ལ་ཉེ་སྐབས། འཆར་ཅན་ནང་ལྟར་ལག་ཁྱེར་ཁ་པར་གྱི་ཁ་ཕྱེས་ནས་མིག་གཡེང་བྱས་ཚེ། དྲ་གྲོགས་འགས་དྲ་ལམ་དུ་བོད་རིག་པའི་མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་མཆོག་སྐུ་གཤེགས་པའི་གཏམ་ངན་སྤེལ་འདུག་པ་མཐོང་། འདི་ཨེ་བདེན་ནམ་ཞེས་རྣམ་རིག་ཇེ་གྲིམ་དུ་བཏང་ནས་ཞིབ་ལྟ་ཐེངས་ཤིག་བྱས་ཀྱང་མིག་ལམ་ལ་སྔ་མ་ཇི་བཞིན་དུ་སྣང་ཡོང་བས། ཁོང་ཉིད་སྐུ་གཤེགས་པ་ནི་ང་ཚོ་བོད་མི་རིགས་ཀྱི་གྱོང་གུད་ཆེན་པོ་ཞིག་དང་། ཁོང་ཉིད་ཀྱི་འཚོ་བཞུགས་ནི་ང་ཚོའི་བོད་མི་རིགས་ཀྱི་སྐད་དང་ཡི་གེ་ལ་མཛད་རྗེས་བླ་མེད་བསྩལ་དང་སྩོལ་བཞིན་པའི་སྐྱེས་མཆོག་ཟླ་བྲལ་ཅིག་ཡིན་པ་འབའ་ཞིག་ཡིད་ལ་འཁོར་འཁོར་བྱེད་པ་ལས། ཏབ་ཅིག་ལ་ཡིད་སེམས་སྟོང་པ་ཉིད་དུ་གྱུར་ནས་ཅི་བྱེད་འདི་བྱེད་མི་ཤེས་པ་བྱུང་། དེ་ནས་ལག་པ་གཙང་བཀྲུས་ཤིག་བྱས་རྗེས་མཆོད་མདུན་དུ་མར་མེ་རྐོང་གཅིག་གི་ཞལ་ཕྱེས་ཏེ་སྐྱབས་འཇུག་ཞུ་བ་དང་། སྤྲུལ་སྐུ་མྱུར་འབྱོན་གྱིསྨོན་ལམ་རྒྱག་པ་སོགས་ཀྱི་ཆོ་ག་རང་སེམས་ཕུགས་ནས་བརྡོལ་བ་ཞིག་བྱས། ནངས་ཇ་ཟིན་ནས་དཔེ་ཆ་ཞིག་ལ་ལྟ་གྲབས་བྱས་ཚེ། བསམ་པ་དཔེ་ཆའི་ཐོག་ཏུ་གཏན་ནས་འཁོར་མི་ཐུབ་པར་སྔོན་ཆད་ཁོང་དང་མཇལ་འཛོམས་ཀྱི་སྐལ་བ་ཐེངས་ཤིག་ཐོབ་ཚུལ་རྣམས་ིག་ལ་གཟུགས་བརྙན་བཞིན་འཆར་འོངས་ཤིང་། གསུང་བཤད་རྣམས་རྣ་ལམ་དུ་བྲག་ཅ་བཞིན་གསལ་ལྷང་ངེར་གྲག་འོངས་ཕྱིར། ལག་གི་དཔེ་ཆ་ཡར་བཞག་སྟེ་ཁོང་དང་དུས་ཐུང་གི་མཇལ་འཛོམས་ལན་གཅིག་ཇི་ལྟར་བྱུང་བ་དང་གསུང་བཤད་གསེར་ནག་མ་ལྟ་བུ་གང་དག་གནང་བའི་སྐོར། ཁོང་ལ་མྱ་ངན་ཞུ་བའི་བསམ་པ་མཚོན་ཕྱིར་རིམ་ཅན་དུ་ཡིག་རིས་སུ་མ་འཁོད་ཕྱིན་སེམས་ལྷོད་ལ་འབེབ་མི་ཐུབ་པའི་གནས་སུ་གྱུར། །

དེ་ཡང་ལོ་ངོ་བཅུ་འགོར་ལ་ཉེ་བའི་ཡར་སྔོན་ཞིག་སྟེ། ༢༠༡༥ལོའི་སྤྱི་ཟླ༡༠བའི་ཚེས༡༦ཉིན་ང་རང་གནའ་མཁར་ཟི་ལིང་ནས་མེ་འཁོར་ལ་བསྡད་དེ་རྒྱལ་ནང་གི་ཁྲིན་ཏུའུ་གྲོང་ཁྱེར་རམ་སྤོས་ལྡན་གྲོང་ཁྱེར་དུ་སོང་ཞིང་། འགྲོ་དོན་ནི་སྐབས་དེར་ཁོ་བོས་སྒྲིག་རྩོམ་བྱེད་ཀྱིན་པའི་བོད་ཡིག་ཚིག་མཛོད《གབ་འགྲེལ་མེས་པོའི་ངག་རྗེས》སྐོར་ལ་ཡུལ་ལུང་སོ་སོ་དང་སློབ་ཆེན་ཁག་གི་སྐྱེས་ཆེན་དམ་པ་རྣམས་ལ་དགོངས་འཆར་བསྡུ་ལེན་དང་ཉམས་མྱོང་སོགས་བཀའ་འདྲི་ཞུ་རུ་སོང་བ་ཡིན། མ་སོང་སྔོན་ཞིག་ནས་ཟི་ལིང་དུ་བཞུགས་པའི་བོད་རིག་པའི་མཁས་དབང་གཉའ་ཟླ་བ་བློ་གྲོས་ཚང་གིས་བདག་ལ《བརྡ་དཀྲོལ་གསེར་གྱི་མེ་ལོང》ཞེས་པའི་དག་ཡིག་ཅིག་གཡར་བྱུང་བ་ལ། ཁོང་གིས་དག་ཡིག་འདི་ལ་ཁྱོད་ཀྱིས་ཟུར་ལྟ་བྱ་རིན་ཡོད་པ་དང་མཛད་པ་པོ་ནི་ཁོང་གི་སློབ་གྲོགས་ཡིན་ཚུལ། འདི་བོར་བརླག་གཏང་མི་རུང་བར་ཕྱིར་ང་ལ་ད་ན་མ་ན་བྱས་ཏེ་འཕྲོད་དུ་འཇུག་དགོས་གསུངས། ངས་ནོར་བུ་ཞིག་ལག་ཏུ་ཐོབ་པ་འདྲ་བའི་འདུ་ཤེས་ཀྱིས་དུས་ཚོད་དམ་འཛིན་བྱས་ཏེ་བཀླགས་ཤིང་གལ་ཆེན་རིགས་ཐོ་འགོད་བྱས། ཚིག་མཛོད་སྒྲིག་སྟངས་དང་འགྲེལ་སྟངས་སོགས་ཀྱིས་བདག་ལ་བློ་སྐྱེད་དང་ཉམས་མྱོང་སྔ་ན་མེད་པ་ཞིག་བསྩལ་བྱུང་བས། འདི་བ་ཚང་ལ་ཅིས་ཀྱང་མཇལ་དུ་འགྲོ་འདོད་ཀྱི་བསམ་པ་བཅོས་མིན་ཞིག་སེམས་ཀྱི་གཏིང་ནས་བརྡོལ། ཁྲིན་ཏུའུ་གྲོང་ཁྱེར་ལ་ཐོན་མ་ཐག་ལྷོ་ནུབ་མི་རིགས་སློབ་ཆེན་དུ་བསྐྱོད་ནས་དགེ་མིང་འཛིན་པ་གཙུག་ཏོར་རྒྱལ་ལགས་ལ་མཁས་དབང་བཙན་ལྷ་ཚང་གང་དུ་བཞུགས་མིན་རྩད་འདྲི་ཞུས་ཚེ། ཁོང་ཚང་ད་བར་ཁྲིན་ཏུའུ་ན་མི་བཞུགས་པར་འབར་ཁམས་ན་བཞུགས་ཟེར། དེ་ནས་མྱུར་དུ་འབར་ཁམས་སུ་ཡོད་པའི་རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གྲོགས་པོ་ག་བུར་ལགས་ལ་ཁ་པར་བཏང་ནས། རྒན་བཙན་ལྷ་ངག་དབང་ཚང་འབར་ཁམས་ན་བཞུགས་ཟེར་བས་ཁྱོད་ཀྱིས་ཁོང་ཚང་ལ་ང་མཇལ་དུ་ཡོང་ན་ཁོམ་མིན་སོགས་གནས་ཚུལ་ཞིག་དྲིས་རྗེས་ང་ལ་ལན་ཞིག་སྟེར་རོགས་ཞེས་བཤད་པ་ན། ཁོས་ཀྱང་དེ་མ་ཐག་བསྒྲུབས་ནས་ཁྱོད་ཡོང་ཆོག་ལ་ཁོང་གིས་ཞལ་བཞེས་གནང་སོང་ཟེར་བའི་ཁ་པར་འབྱོར་བ་ལ་དངོས་གནས་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟ་བུའི་དགའ་བ་ཐོབ། དེ་ནས་དགེ་རྒན་གཙུག་ཏོར་རྒྱལ་དང་སྐབས་དེར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཟབ་སྦྱོང་བྱེད་བཞིན་པའི་འབར་ཁམས་བོད་ཡིག་སློབ་འབྲིང་གི་དགེ་རྒན་གསང་དབང་རྣམ་གཉིས་ལ་ཉིན་གཉིས་ཀྱི་བཅར་འདྲི་བྱས་རྗེས། ཚེས༢༠ཉིན་གྱི་ཞོགས་པར་འགྲུལ་བཞུད་རླངས་འཁོར་ལ་བསྡད་དེ་འབར་ཁམས་སུ་ཤར་སྐྱོད་བྱས། ཉིན་དེའི་དགོང་ཁར་ཁོང་ཚང་ལ་ཁ་པར་ལམ་ནས་འབྲེལ་བ་བྱས་པ་ན། སང་ཉིན་སྔ་དྲོའི་ཆུ་ཚོད་དགུའི་ཐོག་ཡོང་ཆོག །སྔ་དྲོ་མ་གཏོགས་ཕྱི་དྲོ་མི་ཁོམ་གསུངས། ཁོང་ཚང་ནི་རྒྱལ་མོ་ཚ་བ་རོང་གི་མི་ཡིན་ཡང་ཨ་མདོ་པ་དང་འགྲོགས་འདྲིས་ཆེ་སྟོབས་ཀྱིས་ཞལ་བརྡ་གནང་ཚེ་ང་ཚོ་ཨ་མདོ་པ་དང་གཅིག་པ་གཅིག་རྐྱང་ཡིན་པས་ང་རང་ལྷག་ཏུ་དགའ་བ་སྐྱེས་པ་བྱུང་། ཕྱི་ཉིན་ང་རང་དུས་བཅད་ལྟར་ཁོང་ཚང་གི་བཞུགས་ཤག་ཏུ་བསྐྱོད། 

བཞུགས་ཤག་ཆེ་རྒྱུ་མེད་རུང་ཁང་པའི་ནང་དེང་སང་གི་རང་འདེམ་ཚོང་ཁང་ཆུང་བ་ཞིག་དང་འདྲ་བར་དཔེ་སྟེགས་ཕྱི་རིམ་ནང་རིམ་བྱས་ཏེ་བསྒྲིགས་པའི་སྟོད་སྨད་བར་གསུམ་ཚང་མར་གྲུབ་མཐའ་རིས་མེད་ཀྱི་མཁས་པ་ཚོའི་དཔེ་ཆས་གང་ནས་ཡོད་པས། བར་ན་འགྲོ་འོང་བྱེད་ས་སྲུབས་ཀ་ཆུང་ཆུང་ཞིག་མ་གཏོགས་མེད། བཞུགས་ཤག་ནང་གི་འབོལ་གདན་སོགས་འཚོ་བ་བབ་ཆགས་པོར་ཡོད་པའི་སྣང་བ་སྟེར། སྐབས་དེར་ཁོང་ཚང་དགུང་ལོ་བརྒྱད་ཅུ་གྱ་ལྔར་སོན་ཡོད་ཟེར་མོད། བལྟས་ཚོད་དུ་ཁོང་ཚང་གི་ཐུགས་རིག་དང་བདེ་ཐང་ནི་དགུང་ལོའི་ཚད་དང་ཡ་ཡོ་གཏན་ནས་མི་མཐུན་པ་ཞིག་རེད་ལ། གསུང་གདངས་དམའ་ཞིང་གསུང་ངག་འཇམ་པ་མི་ཆེན་གྱི་བཟོ་ལྟ་ཡེ་མི་མངོན་པར་འགྲོགས་བདེ་གཤིབ་བདེ་ཅན་ཞིག་ལགས་པས། ང་ལ་གྲོགས་པོ་རྒན་པ་ཞིག་ལ་འཕྲད་དུ་ཡོང་འདྲའི་སྣང་བ་ཙམ་ལས་མཁས་པ་ཆེན་པོ་ཞིག་ལ་མཇལ་དུ་ཡོང་བའི་ཚོར་བ་ཞིག་སྐྱེས་སུ་མི་འཇུག འཚམས་འདྲིའི་དོད་དུ་མཇལ་དར་དང་ལག་སྟོང་མིན་ཙམ་གྱི་ལེགས་སྐྱེས་རིགས་ཕུལ་རྗེས་ང་རང་ཡོང་དོན་ཅི་ཡིན་སོགས་ཁོང་ཚང་ལ་ཡར་ཞུ་འབུལ་མགོ་བརྩམས། ངས་ལོ་འགའི་སྔོན་ནས་བཟུང་ཨ་མདོའི་ཡུལ་སྐད་དང་ཡིག་སྐད་གཉིས་བར་ཁྱད་པར་ཆེ་ཚུལ་ཅི་ཡིན་ཐད་ལ་ཞིབ་འཇུག་བྱེད་མགོ་ཚུགས་ཡོད་པ་དང་། ནང་སྒོས་སུ་འཚོ་བ་དངོས་ཀྱི་ཁྲོད་ཨ་མདོའི་ཡུལ་སྐད་དུ་ནམ་རྒྱུན་འཆད་བཞིན་པའི་སྐད་ཆ་མང་པོ་ཞིག་ཕན་ཚུན་བར་སྤྱད་ན་གོ་བརྡ་མི་འཕྲོད་པ་མེད་ཀྱང་། དེའི་སྒྲ་དོན་དང་མཐུན་པར་ཡི་གེར་དགོད་རྒྱུ་ཟེར་ན་དཀའ་ཁག་ཡོད་པ། དག་ཡིག་ཁག་ཏུ་བཙལ་ན་མི་རྙེད་ཅིང་མཁས་པར་དྲིས་ནའང་མི་ཤེས་པ་བཅས་ཀྱི་གནས་ཚུལ་དངོས་ཡོད་པས། འདི་ལྟར་རྒྱུན་མར་སོང་ན་ཅང་མི་འགོར་བར་བོད་རང་གི་རྩམ་དྲི་མར་དྲི་བྲོ་བའི་མིང་བརྡ་རྩ་ཆེན་མང་དག་ཅིག་ཉམས་སྲིད་པ་འབྱུང་ཉེན་ཆེ། དེས་ན་ངས་གནས་ཚུལ་དེ་དམིགས་སུ་བཟུང་སྟེ་ཕྱོགས་ཡར་མར་ལ་བསྐྱོད་ནས་མིང་བརྡ་དེ་རིགས་འཚོལ་སྡུད་དང་མཁས་པར་བཀའ་འདྲི། དཔྱད་པ་ཞིབ་འཇུག་བཅས་ཀྱི་སྒོ་ནས་དེའི་སྐོར་གྱི་ཚིག་མཛོད་ཅིག་བསྒྲིག་འཆར་ཡོད་པ་ལ། ཁྱེད་ཚང་གིས་དེའི་ཐད་ནས་མཛུབ་སྟོན་རེ་གནང་རྒྱུ་ཐུགས་རྗེ་ཆེ། ད་རེབ་ང་ཡོང་དོན་ཡང་དེ་ག་ལགས་ཞུས་པ་ན། ཁོང་གིས་གསུངས་རྒྱུར། འོ། གོ་ཐལ། ཁྱོད་ཀྱི་བྱ་བ་འདི་ཡ་མཚན་ལེགས་པོ་ཞིག་རེད། ཡུལ་སྐད་ཉར་ཚགས་བྱས་ནས་སྲུང་སྐྱོབ་བྱ་རྒྱུ་དེ་འཕྲལ་ཕུགས་གཉིས་ལ་ཕན་པའི་དོན་དག་གལ་ཆེན་ཞིག་རེད། ངའི་ཕ་ཡུལ་རྒྱལ་རོང་ཡིན་པས་སྔོན་མ་ཞིག་ལ་ངས་རྒྱལ་རོང་སྐད་དང་འབྲེལ་བའི་དཔེ་དེབ་ཅིག་འབྲི་གྲབས་བྱེད་དུས་དགེ་རྒན་ཚང་གིས། ཁྱོད། ཡང་འདུག་མི་ཐུབ་པར་ཅི་ལས་རྩིས་ཡོད་ཟེར་ནས་བཀའ་བཀྱོན་གནང་བས། དོན་དག་དེ་རིགས་རྗེས་ནས་མ་གཏོགས་བསྒྲུབས་མ་ཐུབ། ད་ལྟ་འདང་བརྒྱབ་ན་དེ་འདྲ་ཟེར་མི་ཉན་གི །ང་ཚོའང་དེ་འདྲ་བྱས་ནས་འདུག་མི་ཉན་གི །ཁྱོད་ཀྱིས་ལྟོས་དང་ཟེར་ནས་ཕྱག་མཛུབ་ཀྱིས་འགྲུལ་ཁང་གི་གྱང་ངོར་བཀལ་བའི་མཐའ་ཤན་ཅན་གྱི་མཉམ་པར་ཞིག་སྟོན་ཞོར་དུ་དེའི་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་གསོན་ཉམས་ལྡན་པ་ཞིག་ང་ལ་མཚམས་སྦྱོར་གནང་།   མཉམ་པར་འདི་ནི་ཀྲུང་གོ་གསར་པ་ཚུགས་རུང་སྐབས་(དུས་ཚོད་གསལ་བོ་གསུངས་ཀྱང་ཡུན་འགོར་བས་ཁོ་ཐག་མི་ཆོད། ཕལ་ཆེར༡༩༥༠-༡༩༥༢ལོའི་བར་ཡིན་པ་འདྲ།)སུ་ང་ཚོ་སི་ཁྲོན་རྔ་བ་ཁུལ་གྱིས་ལྟ་སྐོར་ཚོགས་པ་ཞིག་རྩ་འཛུགས་བྱས་ཏེ་རྒྱལ་ས་པེ་ཅིན་ལ་ལྟད་མོར་བལྟ་རུ་སོང་དུས་ཀྱི་འགྲོ་གྲོགས་རྣམས་དང་མཉམ་དུ་བླངས་པའི་དྲན་རྟེན་ཞིག་ཡིན། འདིའི་ནང་གི་མི་འདི། ཁྱོས་ལྟོས་དང་ཁོས་སྐབས་དེར་བོད་རིགས་ཡིན་ཟེར་ནས་བོད་ལྭ་གྱོན་ཡོད་པ་འདི་རེད།(མི་དེའི་མིང་ཡང་གསུངས་མོད་ངས་བརྗེད་ནས་འབྲི་ཐབས་མ་བྱུང་།)རྗེས་སུ་ཁོ་ཚོ་ཆང་རིགས་སུ་བསྒྱུར་རྗེས་ཁོ་ནི་བོད་མིན་ཆང་རིགས་ཡིན་ཟེར་མཁན་གཙོ་བོ་ཞིག་ཏུ་གྱུར། ཞིབ་འདང་བརྒྱབ་ན་གནས་ཚུལ་དེ་རིགས་འབྱུང་རྐྱེན་ལ་ཕྱི་ནང་གཉིས་ཀའི་རྐྱེན་གཉིས་མཆིས་པར་འདོད། ནང་རྐྱེན་བཤད་ན། གཅིག །ང་ཚོས་ཡུལ་ལུང་ཆུང་བ་དག་གི་སྐད་ཆ་དང་ཡུལ་སྲོལ་ལ་དཔྱད་པ་ཞིབ་འཇུག་གིས་ཡི་གེར་ཕབས་ན་ངན་པ་ཞིག་ཏུ་བརྩི་སྲོལ་ཡོད་པ་དེ་གཅིག་རེད། གཉིས། ང་ཚོ་བོད་པ་འདིས་ཡུལ་ལུང་ཁག་བར་སྐད་ཆ་ཅུང་ཟད་མི་གཅིག་པ་རེ་བྱུང་ཚེ་དཔུང་ཆེ་བ་དེས་དཔུང་ཞན་པའི་ཕྱོགས་ལ་འཕྱ་དམོད་དང་མཐོང་ཆུང་བྱ་རྒྱུ་དགའ་ཞིང་ཐབས་བརྒྱ་ཇུས་སྟོང་གིས་ཚང་མ་ཕྱོགས་གཅིག་ལ་ལོག་ལོག་བྱ་རྩིས་མི་བྱེད་པར་ཁ་འཐོར་འགྲོ་ཉེན་ཆེ་བའི་སྤྱོད་ལམ་འབུད་ཤུགས་ཆེ་ཕྱིར། ཁོ་ཚོའང་འུ་ཐུག་ནས་ང་ཚོ་དང་མཉམ་འདུག་བྱ་འདོད་མེད་པར་ལོགས་སུ་མཆེད་འདོད་དེ་ལྟར་བྱུང་བ་རེད་གསུངས། ངོ་མའི་གསུང་གསེར་ནག་མ་ཟེར་བ་དེ་ལ་མི་ཟེར་བར་གང་ལ་ཟེར་རམ། གསུང་དེ་ལས་ང་ཚོར་འདང་རྒྱག་རྒྱུ་མང་པོ་ཞིག་བསྩལ་མེད་པ་མིན་ནམ། ནང་ཁུལ་འཆམ་མཐུན་མཉམ་གནས་ཡོང་དགོས་ན་ཇི་ལྟར་བྱ་དགོས་པའི་གནས་ལུགས་བསྟན་མ་སོང་ངམ། ཁོང་གིས་ངའི་ལས་ཀ་ལ་དངོས་སུ་བསྔགས་བརྗོད་ཀྱི་ཚིག་མང་པོ་མ་གསུངས་ཀྱང་གཏམ་རྒྱུད་འདིའི་ཕག་ནས་ཁྱོད་ཀྱི་ལས་ཀ་དེ་འཕྲལ་ཕུགས་གཉིས་ཀར་ཕན་པའི་ལས་ཤིག་ཡིན་ཚུལ་ཁས་ལེན་དང་གདེང་འཇོག་གནང་སོང་བ་མ་ཡིན་ནམ། དེར་མ་ཟད་ཁོང་ཉིད་རྒྱལ་མོ་ཚ་བ་རོང་གི་མི་ཞིག་ཡིན་པའི་ཆ་ནས་ང་ཚོ་བོད་པ་ཚོས་རྒྱལ་རོང་པ་ཞིག་དང་འཕྲད་ཚེ་རྒྱལ་རོང་སྐད་ཆ་ཟེར་ནས་རྒྱལ་རོང་མི་ལ་མཐོང་ཆུང་གི་རྣམ་འགྱུར་དངོས་ཤུགས་གང་རུང་ནས་བསྟན་མྱོང་བའི་སེམས་ཀྱི་ན་ཟུག་དེ་ཡང་བརྗོད་སོང་བ་མིན་ནམ། ངས་གསུང་དེ་ཐོས་རྗེས། ང་ཚོས་གནའ་སྔ་མོ་ཞིག་ནས་ཕྱོགས་རིས་མེད་པར་ཡུལ་སྐད་དག་ལ་ཉམས་ཞིབ་བཏང་ཡོད་རྒྱུ་ན། ད་ལྟའི་ཆང་རིགས་ཟེར་བ་དེ་ཡང་བོད་རིགས་ལས་གུད་དུ་ཆད་མེད་པ་འདྲ་ཡོང་སྲིད་སྙམ་པའང་སྐྱེ། ཡང་ཅིག་བཤད་ན། ངས་ད་ལྟ་ཨ་མདོའི་ཡུལ་སྐད་ལ་དཔྱད་པ་ཞིབ་འཇུག་བྱས་བཞག་ན་མ་འོངས་པའི་དུས་ཤིག་ཏུ་ཡུལ་ལུང་ཁག་ཅིག་གི་སྐད་དང་ཡི་གེ་ལ་ཆག་འཇིག་བྱུང་ཡང་ཁོ་ཚོ་མི་རིགས་གཞན་ཞིག་ཏུ་བསྒྱུར་ཐབས་མེད་པ་ཞིག་འོངས་པར་ཕན་སྙམ་ནས་དགའ་བའང་སྐྱེས། དེ་ནས་ངས་ཁོང་ཚང་ལ། ཁྱེད་ཚང་གི་དག་ཡིག་《བརྡ་དཀྲོལ་གསེར་གྱི་མེ་ལོང་།》དེ་ངས་མཇལ་མྱོང་། ངས་ཁ་མི་གྲག་པའི་དགེ་རྒན་ཞིག་ཏུ་བརྩིས་ཡོད་ལགས། དེ་ད་བར་བཙོང་རྒྱུ་མེད་ཀི་ཞུས་ཚེ། ཁོང་གིས། འོ་དེ་ལག་ལ་མི་ཡོང་བ་ཁག་མེད། ངས་དེ་བརྩམས་རྗེས་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་རྒྱུ་ཁས་བླངས་ནས་ལོ་ངོ་ལྔ་ལ་མནན་ནས་བཞག མཐའ་མར་ལྔ་བརྒྱ་མ་གཏོགས་དཔར་མ་ཐུབ་པས་ཡིན། ཁ་སང་དེ་རིང་ངས་དེ་རྨང་གཞི་བྱས་པའི་སྟེང་དུ་ད་དུང་ཐ་སྙད་ཁ་སྣོན་དང་འགྲེལ་སྟངས་ལེགས་བཅོས་བྱས་རྗེས་མིང་ལའང་ཞང་བོད་མིང་མཛོད་འདྲ་ཞིག་འདོགས་རྩིས་ཡོད།ཁྱོད་ཀྱིས་ཀྱང་རྗེས་མར་ཚིག་མཛོད་རྒྱས་པ་ཞིག་བསྒྲིགས་པའི་མགོར་བུད་སོང་ན་ཡིན་གཅིག་མིན་གཉིས་བོན་གྱི་གསུང་རབ་སྐོར་ལ་བལྟ་དགོས་ཞེས་ནན་ཅན་དུ་གསུངས། ཁོང་ནི་ཇི་འདྲའི་ཐུགས་དཀྱེལ་ཡངས་པ་ཞིག་རེད་ཨང་། འུ་ཅག་གི་མཁས་པ་ཁ་ཅིག་གིས་དག་ཡིག་ཁག་ཏུ་བོན་གྱི་ཐ་སྙད་མི་འཇུག་པའམ་བཅུག་ཉུང་བའི་རྐྱེན་གྱིས་ཞང་བོད་ཚིག་མཛོད་ཟེར་ནས་བོན་དང་འབྲེལ་བའི་བརྡ་ཆད་རྣམས་ལོགས་སུ་བསྒྲིགས་དགོས་ཚུལ་བྱུང་བ་རེད་སྙམ། བར་གླགས་ཤིག་ནས་ཁོང་ལ་ཁ་པར་ཞིག་ཐོན་པས་ངེད་གཉིས་ཀྱི་གླེང་མོལ་མཚམས་འཇོག་དགོས་བྱུང་། ཉིན་དེར་ཁོང་ཚང་ན་ངེད་གཉིས་མ་གཏོགས་མེད་པས་ཁོང་དང་མཉམ་དུ་འདྲ་པར་ཞིག་བསྐྱོན་པའི་བསོད་ནམས་ཀྱང་མེད་སོང་། ཁོང་གིས་ཐུགས་ལྷོད་ལྷོད་དུ་ཁ་པར་གཏོང་བཞིན་པ་དེ་མཐོང་འཕྲལ་ངས་ཁ་རོག་ཏུ་པར་ཞིག་བརྒྱབ་ནས་དྲན་རྟེན་དུ་བླངས་པ་དེ་ཁོང་གིས་ང་ལ་གནང་བའི་ལེགས་སྐྱེས་སྣུམ་པོ་ཞིག་ཏུ་བརྩིས་ཡོད། ཁ་པར་བཏང་ཚར་རྗེས་ཁོང་གིས་སྐུ་ཞབས་དོན་གྲུབ་རྒྱལ་གླེང་སོང་། དོན་གྲུབ་རྒྱལ་དང་ངེད་གཉིས་པེ་ཅིན་ནས་སློབ་གྲོགས་ཡིན། རིག་རྒོད་ཅན། ལྟ་བ་གསར་བའི་རྟོགས་པ་མཐོན་པོ་ཡོད་པ་ཞིག་ཡིན། ཆང་འཐུང་རྒྱུར་དགའ། ང་རང་རྩོམ་འབྲིའི་ལམ་ཁར་གཟུད་མཁན་དང་སྐུལ་ལྕག་གཏོང་མཁན་ཡང་དོན་གྲུབ་རྒྱལ་ཡིན་ཟེར་ཆོག །ཁོས་ནམ་རྒྱུན་བརྩམས་ཆོས་ཤིག་དུས་དེབ་དང་ཚགས་པར་གང་རུང་དུ་སྤེལ་རྗེས་རྩོམ་ཡོན་ཁྱེར་ནས་ང་ཚོར་ངོམ་ངོམ་དང་ཐ་ན་དེའི་ཁ་ནས་མགྲོན་བྱས་པའང་ཡོད་པས། ཁོའི་བྱ་སྤྱོད་དེས་ང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་གསུངས། ཇི་འདྲའི་ཐུགས་ཀ་དྲང་པོ་ཞིག་མིན་ནམ། ཁོང་ཚང་མ་གཏོགས་གཞན་པ་ཁོང་ཚང་ལྟ་བུའི་ཐོབ་ཐང་ཅན་ཞིག་གིས་རང་ལས་ལོ་ཉི་ཤུ་ལྷག་གིས་ཆུང་བའི་མི་ཞིག་ལ་དེ་འདྲའི་གདེང་འཇོག་དང་དངོས་བྱུང་དེ་རིགས་གཞན་ལ་འཆད་སྲིད་དམ། དེ་ལྟར་སྔ་དྲོའི་དུས་ཚོད་ཇི་ལྟར་སོང་བའང་མ་ཤེས་པར་གུང་ཇ་འཐུང་རན་ལ་ཐོན། ཉིན་དེར་ཁོང་ཚང་ན་མི་གཞན་མེད་པས་ངས་ཁོང་ལ། ང་སོང་ནས་ཟ་ཁང་ཞིག་ནས་ཟ་མ་ཉོས་ཡོང་། ཁྱེད་ཚང་གིས་བཞེས་འདོད་པའི་ཟ་མ་ཞིག་གསུངས་དང་འུ་གཉིས་ཀས་གུང་ཟས་ཁྱེད་ཀ་ནས་འཐུང་ཞེས་ཞུས་ཚེ། ཁོང་གིས་ཉོས་ཤོག་ཟེར་བ་དེ་སྟབས་བདེའི་ནང་གི་སྟབས་བདེ་ཞིག་ཡིན་པས། ང་ཡང་ཅུང་ཟད་དོགས་མི་བདེ་བ་བྱུང་། དེ་ལྟར་ཉིན་དེའི་སྔ་དྲོའི་མཇལ་འཛོམས་དང་གུང་ཟས་རོལ་བ་གྲུབ་རྗེས་ང་ལམ་ཆས་བརྒྱབ། ཡོང་ཁར་ཁོང་གིས་ང་ལ་ཁོང་གིས་རྩོམ་སྒྲིག་བྱས་པའི་རྒྱལ་རོང་གི་ཡུལ་སྲོལ་དང་འབྲེལ་བའི་དེབ་འགའ་ལེགས་སྐྱེས་སུ་གནངས། །

ཕྱིར་མགྲོན་ཁང་དུ་སླེབས་ནས་མལ་གསོས་བསྡད་པའི་སྐབས་སུ། ཁོང་གིས་ང་ལ་ཁ་པར་ཡོང་ནས་དེ་དགོང་ང་ལ་གྲོགས་པོ་ཞིག་གིས་མགྲོན་བྱ་རྒྱུ་ཟེར་བས། ཁྱོད་ཡིན་གཅིག་མིན་གཉིས་ཡོང་དགོས་གསུངས་པ་ལ་ངས་ཀྱང་དགའ་བཞིན་ལགས་སོ་ཕུལ། དགོང་མོར་དུས་བཅད་ལྟར་སོང་བ་ན་ཁོང་གི་སློབ་མ་ཞིག་གི་བཟའ་མི་ཚང་མས་ཁོང་ལ་བཞེས་ཆུ་འདྲེན་གྱིན་ཡོད་པ་ཤེས་རྟོགས་བྱུང་། ནུབ་འཚལ་འཐུང་ཞོར་དུ་ཁོང་གིས་ང་ལ་ངའི་སྐོར་གྱི་གནས་ཚུལ་མང་པོ་དྲིས་བྱུང་། སྟབས་འགྲིག་པ་ཞིག་ལ་དགོང་མོ་དེར་ཁོང་དང་མཉམ་དུ་པར་ཞིག་རྒྱག་ཐུབ་པ་བྱུང་བས། དེ་ནི་མཁས་དབང་ཁོང་ལ་མཇལ་འཛོམས་ཐེངས་ཤིག་བྱུང་བའི་དྲན་བྱང་མཆོག་ཏུ་གྱུར་པ་ཞིག་ཏུ་རློམ་ཡོད། །

ཕྱི་ཉིན་ཞོགས་པར། ཁ་སང་ཁོང་དང་མཇལ་འཛོམས་སྐབས་ཀྱི་གསུང་བཅུད་རྣམས་ཕྱིར་དྲན་བྱེད་ཞོར་དུ་རླངས་འཁོར་ལ་བསྡད་ནས་རྔ་བ་རྫོང་དུ་བསྐྱོད། །

ཕྱིས་སུ་ཁོང་གི་སློབ་མ་ཞིག་གིས་བཤད་པ་ལྟར་ན། ཁོང་ཚང་ལ་མི་སུ་དང་སུ་ཞིག་ཡོང་རུང་ཐམས་ཅད་ལ་འགྲུལ་ཁང་གི་གྱང་ངོར་བཀལ་བའི་མཉམ་པར་དྲན་རྟེན་གྱི་གཏམ་རྒྱུད་གསུངས་རྒྱུ་དེ་ཁོང་ལ་གོམས་གཤིས་ལྟ་བུར་ཆགས་ཡོད་ཟེར། །

ཁོང་གིས། གཤིན་རྗེ་ཆོས་རྒྱལ་གྱིས་ང་ལ་དུས་ཚོད་ཅི་ཙམ་སྟེར་ན་དེ་ཙམ་དུ་བོད་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་འབད་རྒྱུ་ཡིན་ཞེས་གསུངས་མྱོང་། ཁོང་ནི་དེ་ལྟར་དུ་གསུང་མཁན་ཞིག་ཡིན་ལ་དེ་ལྟར་དུ་ཉམས་ལེན་བྱེད་པའི་ངེས་དོན་གྱི་རིག་པའི་དཔའ་བོ་ཞིག་ཀྱང་ལགས། ། 

ད་ནི་ཁོང་ཉིད་རེ་ཞིག་ང་ཚོ་དང་ཞལ་གྱེས་པ་ལྟར་སྣང་ཡང་། ཁོང་གི་གསུང་སྐད་རེ་རེ་ནི་ངའི་རྣ་ལམ་ནས་ནམ་ཡང་འཇགས་ཐབས་མེད་ལ། ཁོང་གིས་བོད་རིག་པའི་ཐད་ལ་བཞག་པའི་མཛད་རྗེས་བླ་མེད་དག་ནི་བསྐལ་བ་མ་སྟོང་བར་དུ་འཇིག་པར་མི་འགྱུར་རོ། །

ཀུན་ཁྱབ་ཀླུ་བྱམས་ཀྱིས། ༢༠༢༥ལོའི་སྤྱི་ཟླ༢ཚེས༡༨ཉིན།

ཟུར་མཆན།

དྲན་བྱང་། ཨ་མདོའི་ཡུལ་སྐད་དུ། དྲན་ཤང་ཞེས་པའི་གདངས་ཐོན།དེ་ནི་བྱ་ཡིག་དང་ཕྱ་ཡིག་ཁག་ཅིག་ལ་སྐབས་འགར་ཤ་སྒྲ་ཐོན་པས་ཡིན། དཔེར་ན། འདི་བྱེད་བྱོས་ལ་འདི་ཤེད་ཤོས་ཞེས་དང་། ཕྱི་དྲོ་ལ་ཤི་དྲོ། ཕྱིར་རྟིང་ལ་ཤིར་རྟིང་ཟེར་བ་སོགས་དང་འགྲོས་མཚུངས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།