མདོ་ལྷོ་ཀླུ་ཆུ་ཡུལ་གྱི་རྭ་ཚང་གི་གྱ་སྟོན་ལུགས་སྲོལ་དང་སྤེལ་སྟངས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

༄༅། །རྭ་ཚང་གི་དྲིན་ཅན་ཕ་མའི་གྱ་སྟོན་ཕན་བདེ་གཡང་འཁྱིལ་ཞེས་བྱ་བའི་རྣམ་བཤད།

བོད་འདིར་སྔ་མོ་ནས་དྲིན་ཅན་ཕ་མེས་རྒན་པ་ལ་ཚེ་གཡོག་བདག་གཉོར་བརྩི་བཀུར་རྒྱ་ཆེན་ཞུས་པ་བརྒྱུད་ལོ་ལོན་བགྲེས་སོང་གང་ཞིག་ཁ་དྲོ་བཀྲ་ཤིས་དང་ཚེ་རིང་ནད་མེད་ངང་རང་ལོ་བརྒྱད་ཅུ་ཟིན་མ་ཟིན་ཙམ་ལ་སླེབས་པ་ན། ཚེ་ལོ་མཐར་ཕྱིན་པར་བརྩིས་ཏེ་བརྒྱད་ཅུའི་གོས་དཀར་གཡོགས་ཤིང་། དགའ་སྐྱིད་དཔལ་གསུམ་འཛོམས་པའི་ངང་བརྒྱད་ཅུའི་ཚེ་སྐལ་ལོ་གཡང་སློང་སྦྱིན་གྱི་སྟོན་མོ་ཆེ་ཆུང་ཅི་འབྱོར་བྱེད་པ་ལ་བརྒྱད་ཅུའི་གྱ་སྟོན་ཞེས་གྲགས། ཡུལ་ཁ་ཤས་སུ་ཕ་མེས་ཀྱི་གྱ་སྟོན་ལ་བུ་ཚ་ནང་མི་དགའ་འཛོམས་ཀྱི་སྟོན་ཆུང་བྱེད་པ་ལས། བླ་མ་དང་གཉེན་ཉེ་སྐུ་མགྲོན་གདན་འདྲེན་སོགས་སྟོན་ཆེན་མི་བྱེད། ཡང་ཡུལ་ཁ་ཤས་སུ་ལོ་དུས་ངེས་གཏན་གྱི་གྱ་སྟོན་དམིགས་བསལ་མེད་ཀྱང་ཕ་མེས་རྒན་གྲས་ལ་ཆོས་སྟོན་ནམ་གསོན་ཆོས་ཞེས་སྒར་གྲོང་གཉིས་ལ་སྟོན་ཆེན་བྱེད།

རང་ཡུལ་ཀླུ་ཆུ་རྫོང་དང་བཅས་མདོ་སྨད་ཀྱི་འབྲོག་པའི་ཡུལ་སྡེ་མང་ཆེར་བརྒྱད་ཅུའི་གྱ་སྟོན་བྱེད་སྲོལ་ཡོད་ཀྱང་། བྱེད་ལུགས་ཆོ་གའི་ཐད་རྒྱས་བསྡུས་འབྱོར་མིན་ཅི་རིགས་སུ་ངེས་ཤིང་། ལྷག་པར་དུ། དེང་སང་བརྒྱད་ཅུའི་གྱ་སྟོན་ཡང་སྔར་གྱི་ཚེ་གཡང་ལོ་སྐལ་སློང་སྦྱིན་གྱི་ཡ་རབས་ལུགས་སྲོལ་གྱི་རྣམ་པ་ལས་འགྱུར་ནས། གཅིག་ནས་རྒན་རྒོན་གྱི་བདེ་ཐང་གནས་བབ་དང་བུ་ཚའི་གཉོར་བཀུར་བཟང་ངན་ལ་ལྟོས་པ་མེད་པ་དང་། གཉིས་ནས་གྱ་སྟོན་གྱི་དམིགས་གཞིའི་མཆོད་སྦྱིན་དགེ་རྩ་སྒྲུབ་པ་བོར་བ་དང་། གསུམ་ནས་ཁྱིམ་གྱི་འབྱོར་འཁོས་དང་ཡུལ་དུས་ལ་ལྟོས་པ་མེད་པར་གྱ་སྟོན་གྱི་གསོལ་སྟོན་དུ་རང་སའི་ཁྱད་ཆོས་ཤོར་བའི་ཚོང་རྫས་ཟས་རིགས་དང་སྐོམ་ཆུའི་སྡེར་ཁ་དག་མིན་སྣ་ཚོགས་སྤུང་སྒྲིག་བཤམ་སྟོན་བྱེད་པ་དང་། བཞི་ནས་མི་ཚོགས་བོས་ནས་ལེགས་སྐྱེས་སྒོར་མོ་བསྡུ་བྱེད་ཙམ་དུ་གྱུར་དང་འགྱུར་བཞིན་པ་མིག་མཐོང་བྱུང་།

དེར་བརྟེན། ཁོ་བོས་ན་ནིང་ནས་བོད་ཀྱི་གྱ་སྟོན་གྱི་ཆོ་གའི་སྦྱོར་དངོས་རྗེས་གསུམ་ཁོང་དུ་ཆུད་པར་བྱ་བ་ལ། སྔར་ཡོད་ཡིག་ཆ་ཐ་ཐོར་ལ་རྟོག་དཔྱོད་དང་འབྲེལ་ཡོད་ཆེད་མཁས་པ་ཁ་ཅིག་ལ་འདྲི་གཅོད་བྱས་ཐོག ངེད་ཀྱི་མདོ་དབུས་ཁམས་གསུམ་གྱི་སློབ་ཕྲུག་དུ་མར་ཡང་སོ་སོའི་ཕ་ཡུལ་གྱི་གྱ་སྟོན་སྐོར་རྩད་གཅོད་བྱེད་དུ་བཅུག་ནས་གནས་ཚུལ་བླངས་པ་བཅས་ལ་གཞི་བཅོལ་ནས།ངེད་ཀྱི་ཕ་མའི་གྱ་སྟོན་ལ་གྲ་སྒྲིག་བྱས་པ་བཞིད་ལོ་ངེད་རྭ་ཚང་གི་དྲིན་ཅན་ཕ་མ་གཉིས་ལ་ཨ་འགྲིག་ཆ་འགྲིག་དང་ཨ་མཉམ་དུས་མཉམ་ལ་གྱ་སྟོན་བྱེད་པའི་ལས་དང་བསོད་ནམས་ཀྱི་བསྐལ་བ་བཟང་པོ་ཡོངས་སུ་སྨིན་པ་ན།འདིར་གཞན་ལ་ཕན་རེ་ཡིས་ངེད་རྭ་ཚང་གི་གྱ་སྟོན་ཕན་བདེ་གཡང་འཁྱིལ་ཞེས་བྱ་བའི་གནས་དུས་དམིགས་གཞི་དང་། ཆོ་ག་བཅུ་དྲུགཚེ་སྐལ་ལོ་གཡང་གི་མཚོན་དོན། རང་ཟས་དག་མས་གསོལ་སྟོན་བཀྱགས་ཚུལ་དང་སྡེར་ཁའི་བཀག་བྱ་སོགས་མདོར་བསྡུས་སུ་འགོད་པར་བྱ།

(དྲིན་ཅན་ཕ་མ་གཉིས་བཞུགས་གྲལ་དུ་འཁོད་པའི་དཔར།2025.2.2)

དོན་ཚན་དང་པོ། གྱ་སྟོན་གྱི་ཡུལ་དུས་དམིགས་གཞི་གསུམ་བཤད་པ།

དང་པོ། གྱ་སྟོན་གྱི་མིང་ངམ་མགོ་རྒྱན།

༄༅། །རྭ་ཚང་གི་ཕ་མའི་གྱ་སྟོན་ཕན་བདེ་གཡང་འཁྱིལ་དགེ།། ཞེས་པའོ།། 

གཉིས་པ། གྱ་སྟོན་གྱི་དུས། 

གྱ་སྟོན་ཕན་བདེ་གཡང་འཁྱིལ་གྱི་ཚེ་གཡང་ཞུ་གནང་དང་གསོལ་སྟོན་གྱི་མཛད་སྒོ་སྤེལ་བའི་དུས་ནི། དུས་ཕུན་སུམ་ཚོགས་པ་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་སྦྲུལ་གྱི་གནམ་ལོ་གསར་བའི་ཧོར་ཟླ་དང་པོའི་ཚེས་ལྔའི་ཉིན་ཏེ། སྤྱི་ལོ་2025ལོའི་ཟླ2ཚེསཉིན་ཡིན། 

གསུམ་པ། གྱ་སྟོན་གྱི་གནས། 

གྱ་སྟོན་ཕན་བདེ་གཡང་འཁྱིལ་འགྱོག་སའི་ཡུལ་ནི།གནས་ཕུན་སུམ་ཚོགས་པ་དགེ་བཅུ་ཚང་བའི་རང་ཡུལ་ཀླུ་ཆུ་རྫོང་བླ་རི་མགུལ་ཐང་འཁོར་གྱི་མཛོ་རྒྱུག་ཐང་གི་ལུང་དཀར་རྭ་གཞིས་ཏེ། ནང་མི་རྒྱུན་སྡོད་ཀྱི་ཁང་འཁོར་མི་ནོར་ཟས་གསུམ་གྱིས་ཁྱིམ་གང་ཞིང་མི་རབས་བཞི་འཛོམས་བྱེད་ས། རྟ་ནོར་ལུག་གསུམ་གྱིས་ལྷས་གང་ཞིང་འབྲོག་ཁྱི་རྒྱ་རྒྱ་མིག་བཞི་གཉིས་ཀྱིས་སྒོ་སྲུང་བའི་རང་གི་གཡང་ཁྱིམ་དྲོན་མོ་ཡིན་ནོ། ། 

བཞི་པ། གྱ་སྟོན་གྱི་དམིགས་གཞི། 

གྱ་སྟོན་ཕན་བདེ་གཡང་འཁྱིལ་ཞེས་བྱ་བ་འགྱོག་པའི་རྩ་དོན་ནམ་དམིགས་གཞི་ནི། སྤྱིར་བཤད་ན། བདག་ཅག་གི་དྲིན་ཅན་ཕ་མ་གཉིས་ནི་མི་ཁྱིམ་ཕལ་བ་ཞིག་གི་རྒན་རྒོན་ཕལ་བ་གཉིས་ཡིན་ཀྱང་། ཁོང་གཉིས་ཀྱི་མི་ཚེ་གང་པོའི་ལྟ་སྤྱོད་སྒོམ་གསུམ་གྱི་སྙིང་པོ་ནི། ཕན་པ་དང་བདེ་བ་གཉིས་ཏེ། སྣོད་བཅུད་གཉིས་ཕན་གཉིས་བདེ་དང་། ལུས་སེམས་གཉིས་ཕན་གཉིས་བདེ། རང་གཞན་གཉིས་ཕན་གཉིས་བདེ་སྟེ། ཕན་དྲུག་བདེ་དྲུག་གི་རང་བཞིན་ནམ་ཡང་མ་དོར་བ་ཞིག་གོ། །དེར་བརྟེན། ཆོས་འཇིག་རྟེན་གཉིས་ཀྱི་ལས་ཅི་ཞིག་བསྒྲུབ་ན། ལག་ལེན་གསེར་གྱི་ཐིགས་པ་དང་ཁ་བཤད་ཆུ་ཡི་ཝུ་བ་ཡིན་པ་བཞིན། ཁོ་བོ་ཅག་གིས་ཀྱང་ད་རེ་གྱ་སྟོན་དུ་དྲིན་ཅན་ཕ་མ་གཉིས་ཀྱི་ནམ་ཡང་འགྱུར་བ་མེད་པའི་ཕན་བདེ་ཡི་ལྟ་སྤྱོད་སྒོམ་གསུམ་ལག་ལེན་ཏུ་བསྟར་ཅི་ཐུབ་བྱས་པའི་ཚུལ་ནི། གྱ་སྟོན་གྱི་ཚེ་སྐལ་ལོ་གཡང་དང་གསོལ་སྟོན་སོགས་ལས་ཀྱང་ཤེས་སྲིད་པ་བཞིན། གཞན་རྣམས་ཀྱང་གྱ་སྟོན་གྱི་ཚུལ་འདི་དང་འདི་ལྟ་བུའི་ཕན་བདེ་ཡི་ལམ་དུ་འགྲོ་བའི་རེ་བ་སྙིང་ནས་ཞུ་བ་སྨོས་ཅི་དགོས།

གྱ་སྟོན་ཆོས་སྟོན་གསོལ་སྟོན་ཡིན།།ཆོ་ག་ལྷ་ཆོས་མི་ཆོས་ཡིན། །

ཆོས་སྐལ་གཡང་རྫས་འབུལ་སྦྱིན་ཡོད།།ཚེ་སྐལ་ལོ་གཡང་གནང་སྦྱིན་ཡོད།།

དམིགས་གཞི་ཚོགས་གསོག་སྦྱིན་པ་ཡིན།།འབྲས་བུ་ཕན་བདེ་དགེ་བ་ཡིན།།

སེམས་ཅན་དགའ་ན་དགེ་བ་ཡིན།།ཕ་མ་དགའ་ན་དྲིན་ལན་ཡིན།།ཞེས་པའོ།། 

མདོར་ན། གྱ་སྟོན་གྱི་རྒྱན་དམ་པ་ལྷ་ཆོས་དང་གཞི་དམ་པ་མི་ཆོས་གཉིས་ལས། ཆོས་སྟོན་དུ་ཚེ་སྒྲུབ་དང་ཚེ་ཐར་ཆོས་སྐལ་སོགས་ཀྱི་ཆོ་ག་དང་། གསོལ་སྟོན་དུ་སྤྱིར་སྣོད་བཅུད་ཀྱི་སྐྱེ་ཁམས་ལ་ཕན་བདེ་འཚེ་མེད་འབྱུང་བ་གཞིར་བཞག་ཐོག སྒོས་སུ་རང་གཞན་གཞི་མགྲོན་ཀུན་གྱི་ལུས་སེམས་ལ་ཕན་བདེའི་དགའ་སྐྱིད་དཔལ་གསུམ་འབྱུང་བའི་དམིགས་པ་ཉག་གཅིག་སྒོམ་ནས།དྲིན་ཕ་མ་ཉི་ཟླ་ཁ་སྤྲོད་ལ། ནང་བུ་ཚ་རྒྱུ་སྐར་ཉེར་བརྒྱད་ཀྱི་གྲངས་དང་ལྡན་པ་བཅས་ནང་མི་གཉེན་ཉེ་ཕུ་ནུ་མཛའ་གྲོགས་ཀྱི་འཁོར་དག་པ་བཀའ་དྲིན་ཅན་མང་པོའི་རོགས་རམ་རྒྱབ་སྐྱོར་ལ་བརྟེན་ནས། ངེད་རྭ་ཚང་གི་དྲིན་ཅན་ཕ་མ་གཉིས་ཀྱི་གྱ་སྟོན་ཕན་བདེ་གཡང་འཁྱིལ་ཞེས་བྱ་བ་བདེ་བླག་ངང་འགྱོག་ཐུབ་པ་ལགས་སོ། ། 

དོན་ཚན་གཉིས་པ། རྭ་ཚང་གི་ཕ་མའི་གྱ་སྟོན་གྱི་ཆོ་ག་བཅུ་དྲུག་མ་བཞུགས་སོ།།

དང་པོ། བརྒྱད་ཅུའི་ཕ་མ་གཉིས་ཞོགས་པ་སྔ་མོར་ཡར་བཞེངས་ནས་བརྒྱད་ཅུའི་གོས་དཀར་གྱོན་པ།(འདིར་ཚིལ་ལེན་ནམ་སྟོད་ཐུང་དཀར་པོས་གཙོས། ཚ་རུའམ་སློག་པ་དང་སྣམ་བུ་དཀར་པོ། ཚར་ཞྭ། ལྷམ་སོགས་དཀར་པོ་དང་གསར་བ་གྱོན་ནས་དཀར་པོ་དགེ་ཕྱོགས་སུ་འཁོར་བའི་རྟེན་འབྲེལ་སྒྲིག་པ་ཡིན།)

གཉིས་པ། བརྒྱད་ཅུའི་ཕ་མ་གཉིས་ཀྱིས་ཆུ་དཀར་ཁྲ་ཡིས་(འོ་མས་དཀར་ཐིགས་བརྒྱབ་པའི་ཆུ་གཙང་མ།)ཁྲུས་གསོལ་དུ་ཁ་ལག་གཙང་བཀྲུ་བྱ་བ།

གསུམ་པ། བརྒྱད་ཅུའི་ཕ་མ་གཉིས་ཀྱིས་མགོ་ཁྲིད་དེ་ཁྱིམ་མིས་མཆོད་ཁང་ལ་ཕྱག་མཆོད་འབུལ་བ་དང་། དུས་མཚུངས་སུ་དབུས་ཀྱི་རྭ་མོ་ཆེར་སྟོང་མཆོད་འཛིན་པ།(འདིར་རང་དགོན་དུ་བརྒྱ་མཆོད་སྟོང་མཆོད་བཟུང་བས་འཐུས།)

བཞི་པ། བརྒྱད་ཅུའི་ཕ་མ་གཉིས་ཀྱིས་ཐོག་དྲངས་ནངས་ཇ་ལ་ཉེ་མི་ཚང་མས་ཐོག་མར་གཏོས་མ་ཟ་བ།(གཏོས་མ་ནི་དཀར་ཡོལ་དུ་མར་རྩམ་ཕྱུར་གསུམ་སྤུངས་པར་འོ་ཇ་བླུགས་པ་ཡང་ཡང་དཀྲུགས་ནས་ཡུན་རིང་པོར་ཟ་བ་ཞིག་སྟེ། ཚེ་རིང་བའི་རྟེན་འབྲེལ་མཚོན་པ་ཡིན།)

ལྔ་པ།ཞོགས་པ་ཉི་མ་རྩེ་ཤར་ལ་དགེ་སློང་བཞི་སྡེ་ཡིས་ཁྱིམ་དུ་ཚེ་སྒྲུབ་གནང་ཞིང་བརྒྱད་ཅུའི་ཕ་མ་གཉིས་གྲལ་རྔར་འཁོད་ནས་ཕྱག་འཚལ་གུས་འདུད་ཞུ་བ་དང་། བརྒྱད་ཅུའི་ཕ་མ་གཉིས་དང་བཅས་ཉེ་འཁོར་རྣམས་ཀྱིས་ཚེ་གཟུངས་འདོན་པ།(ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ།)

དྲུག་པ། ཚེ་སྒྲུབ་ཀྱི་བར་མཚམས་སུ། ཁང་བའི་ཕྱི་ནས་ཁྱིམ་བདག་གིས་དཀར་གསུམ་མངར་གསུམ་གྱི་བསང་མཆོད་བྱ་བ། 

བདུན་པ། ཚེ་སྒྲུབ་ཚར་མཚམས། དགེ་སློང་གིས་སྣེ་ཁྲིད་དེ་ཁང་བའི་ཕྱི་ནས་བརྒྱད་ཅུའི་ཕ་མ་གཉིས་དང་བཅས་པ་བྱང་ཕྱོགས་སུ་འཁོར་ནས་བྱང་ཤམྦྷལར་སྐྱེ་བའི་སྨོན་ལམ་འདེབས་པ།

བརྒྱད་པ། ལུག་གཡང་དཀར་གསུམ་ཚེ་ཐར་དུ་གཏོང་བ། 

དགུ་པ། བརྒྱད་ཅུའི་ཕ་མ་གཉིས་བར་ཁྱམས་ཀྱི་གཡུང་དྲུང་གི་རི་མོ་ཕབ་པའི་ཕྱིང་སྟན་དཀར་པོར་འཁོད་པ།

བཅུ་པ། བུ་ཆེ་བ་ནས་རིམ་བཞིན་ཉེ་མི་རྣམས་ཀྱིས་བརྒྱད་ཅུའི་ཕ་མར་ཕྱག་འཚལ་ཞིང་མཇལ་དར་དང་སྦྲགས་ཆོས་སྐལ་འབུལ་བ།(འདིར་བརྗོད་ཆོས་སྐལ་ནི་སྐུ་གསུང་ཐུགས་རྟེན་སོགས་ཆོས་སྤྱོད་མཁོ་ཆས་རིགས་ལ་ཟེར་ཞིང་།བརྒྱད་ཅུའི་རྒན་རྒོན་རྣམས་འཇིག་རྟེན་གྱི་ཟང་ཟིང་ལ་མི་གཡེང་བར་ཆོས་དགེ་སྦྱོར་གྱིས་འཚོ་བའི་རྟེན་འབྲེལ་སྒྲིག་པ་ཡིན།

བཅུ་གཅིག་པ། བརྒྱད་ཅུའི་ཕ་མ་གཉིས་ཀྱིས་བུ་བུ་མོ་དག་ལ་གཅེས་སྐལ་ལམ་ཚེ་སྐལ་གཡང་རྫས་གནང་བ་(འདིར་གོས་རྒྱན་སོགས་གཅེས་རྫས་ལྟ་བུ་གནང་ནས་བུ་བུ་མོ་རྣམས་ཚེ་བསོད་འབྱོར་བ་རྒྱས་པའི་རྟེན་འབྲེལ་སྒྲིག་པ་ཡིན།)དང་བཅས་བུ་ཚ་ནང་མི་ཉེ་འཁོར་ལ་ཚེ་སྒྲུབ་ཀྱི་ཚེ་རིལ་ཚེ་ཆུ་གནང་བ།(འདི་ལ་སྐྱེས་ཆེན་དུ་མའི་ཚེ་དབང་གི་ཚེ་རིལ་གྱིས་རུ་རྟ་བྱས་པའི་ཚེ་རིལ་མདོག་དམར་པོ་ཚེ་བསོད་དབང་ཐང་རྒྱས་བྱེད་དང་ཚེ་ཆུ་གནང་ནས་ཕྱི་རབས་བུ་ཚ་ནང་མི་ཉེ་འཁོར་རྣམས་ཚེ་རིང་ལོ་བརྒྱ་ཐུབ་པའི་རྟེན་འབྲེལ་སྒྲིག་པ་ཡིན།)

བཅུ་གཉིས་པ། གཉེན་ཉེ་རིང་ཕུ་ནུ་མཛའ་གྲོགས་རུ་སྡེ་བ་གྱ་སྟོན་ལ་ཕེབས་པ་ཚོས་བརྒྱད་ཅུའི་ལོ་ལོན་རྒན་རྒོན་གཉིས་ལ་ཚེ་གཡང་སློང་རྟེན་དུ་ཁ་བཏགས་དང་ལེགས་སྐྱེས་འབུལ་བ།(ཆེ་བ་རྟ་ནོར་ལུག་གསུམ་ནས་གོས་ཕྲུག་རས་གསུམ་དང་སྒོར་མོ་དང་ལོ་གསར་ལེགས་སྐྱེས་སོགས་འབུལ་བ།)

བཅུ་གསུམ་པ། བརྒྱད་ཅུའི་ལོ་ལོན་གཉིས་ཀྱིས་མགྲོན་པོ་རིམ་ཕེབས་རྣམས་ལ་ཚེ་རིལ་ཚེ་ཆུས་བྱིན་གྱིས་བརླབས་པའི་ཀར་རྩམ་ཁེམ་བུ་གང་རེ་གནང་བ་མགྲོན་པོ་ཚོས་རྟེན་འབྲེལ་དུ་བཞེས་པ།(འདིས་གཉེན་ཉེ་སྐུ་མགྲོན་རྣམས་ཚེ་རིང་ལོ་བརྒྱ་ཐུབ་པའི་རྟེན་འབྲེལ་སྒྲིག་པ་ཡིན།)

བཅུ་བཞི་པ། བརྒྱད་ཅུའི་ལོ་ལོན་གཉིས་ཀྱིས་གྱ་སྟོན་གྱི་ཕེབས་མགྲོན་ཚོར་ཚེ་གཡང་མཚོན་པའི་ཚེ་སྐལ་ལོ་གཡང་གནང་བ།(འདིའི་སྐོར་འོག་གི་ཚེ་སྐལ་ལོ་གཡང་གི་བཤད་པར་གཟིགས།

བཅོ་ལྔ་པ། གྱ་སྟོན་གྱི་ཕེབས་མགྲོན་རྣམས་རིམ་པར་ཁམས་བདེའི་གསོལ་སྟོན་ལ་རོལ་བ།(འདིའི་སྐོར་འོག་གི་སྟོན་མོའི་སྡེར་ཁའི་བཤད་པར་གཟིགས།)

བཅུ་དྲུག་པ། གྱ་བཤད་བཀའ་དྲིན་ཆེ་ཚུལ་དང་བཅས་སྟོན་བཤད་ཁ་གཡང་དང་བཀྲ་ཤིས་གྱ་གླུ་ལེན་པ་བཅས་སོ། ། (གྱ་བཤད་གཞན་དུ་འགོད་འཆར་ལས་འདིར་བཀོད་མེད།)

(ཚེ་སྒྲུབ་དང་བྱང་ཤམྦྷར་སྐྱེ་བའི་སྨོན་ལམ་དང་ལུག་ཚེ་ཐར་དུ་གཏོང་བ་སོགས་ཀྱི་དཔར།2025.2.2)

(ཕ་མ་གཉིས་གཡུང་དྲུང་གི་རི་མོ་ཕབ་པའི་ཕྱིང་སྟན་དཀར་པོར་འཁོད་ནས་ཚེ་རིལ་ཚེ་ཆུ་དང་ཀར་རྩམ་གནང་བའི་དཔར།)

(གྱ་སྟོན་ལེགས་སྐྱེས་རྟ་ནོར་ལུག་གསུམ་གྱི་དཔར། 2025.2.2)

གྱ་གླུ་ལ་དཔེར་ན།

ཕོ་རོག་ནག་ཆུང་ཁྱུང་གི་རྒྱུད།།ཁྱུང་གི་རྒྱུད་ལ་རྒས་རྒྱུ་མེད།།

རྒས་རུང་སྐྱ་ཐིག་འབབ་རྒྱུ་མེད།།

འདོ་རིགས་རྟ་ཕོ་རྐྱང་གི་རྒྱུད།།རྐྱང་གི་རྒྱུད་ལ་རྒས་རྒྱུ་མེད།།

རྒས་རུང་གོམ་ལག་འཆོལ་རྒྱུ་མེད།།

དྲིན་ཅན་ཕ་མ་སྲིད་པའི་རྒྱུད།།སྲིད་པའི་རྒྱུད་ལ་རྒས་རྒྱུ་མེད།།

རྒས་རུང་བཀའ་གསུང་འཕྱུག་རྒྱུ་མེད།། ལྟ་བུ་དང་། ཡང་ན། 

སྟག་འདུས་གཟིག་འདུས་ནགས་ལ་འདུས། །ནགས་དགའ་ལྡན་ཡག་གི་སྐྱིད་ལ་འདུས། ། 

ཤ་འདུས་དགོ་འདུས་སྤང་ལ་འདུས། །སྤང་མེ་ཏོག་ཡག་གི་སྐྱིད་ལ་འདུས། ། 

ཆེ་འདུས་ཆུང་འདུས་ཁྱིམ་ལ་འདུས། །ཁྱིམ་བཟའ་ཚང་འཛོམས་ཀི་སྐྱིད་ལ་འདུས། ། ལྟ་བུ་དང་།

(ནང་མི་ལྷན་འཛོམས་ཀྱི་རྣམ་པའི་དཔར། 2025.2.2)

ཡང་ན། ཕ་དྲིན་ཅན་རྒས་རྒས་སྟག་རྒས་རེད། །སྟག་རྒས་རུང་ཤ་མོ་ཁྲ་ཁྲ་རེད། །

མ་དྲིན་ཅན་རྒས་རྒས་འབྲི་རྒས་རེད། །འབྲི་རྒས་རུང་འབྲི་མར་སེར་པོ་རེད། ། ལྟ་བུའོ། ། 

གཞན་ཡང་ཆོ་གའི་རྗེས་འབྲེལ་དུ།ཧོར་ཟླ་དང་པོའི་ཚེས་བཅུ་གཅིག་ལ་རང་དགོན་ཀླུ་ཆུ་རྫོང་ཤིས་ཚང་སྒར་གསར་དགའ་ལྡན་ཆོས་འཁོར་གླིང་གི་གྲྭ་དམངས་ལྔ་བརྒྱ་ཟིན་ཉེ་ཙམ་ལ་ཚོགས་ཐུག་མང་འགྱེད་དང་བརྒྱ་མཆོད་འབུལ་བ་སོགས་དགེ་བསྔོ་དང་བཅས་རྭ་ཚང་གི་ཕ་མའི་གྱ་སྟོན་ཕན་བདེ་གཡང་འཁྱིལ་ཞེས་བྱ་བ་བཀྲ་ཤིས་པའི་ངང་མཇུག་རྫོགས་པ་དགེའོ། ། 

དོན་ཚན་གསུམ་པ། གྱ་སྟོན་གྱི་ཚེ་སྐལ་ལོ་གཡང་གི་མཚོན་དོན།

འདི་ནི་གོང་གི་ཆོ་ག་བཅུ་བཞི་པའི་ནང་དོན་ཡིན་ཞིང་། རྭ་ཚང་གི་དྲིན་ཅན་ཕ་མའི་གྱ་སྟོན་དུ་གཉེན་ཉེ་སྐུ་མགྲོན་རྣམས་ལ་གནང་བའི་ཚེ་སྐལ་ལོ་གཡང་ནི། མགོ་ནག་བོད་ཀྱི་ཟས་མཆོག་མར་ཕྱུར་རྩམ་པ་དང་སིལ་ཏོག་དམར་ཆེན་བཅས་ཟས་རིགས་བཞི་དང་། དཀར་ཡོལ་དཀར་གཙང་གཉིས། རས་རྐྱང་གི་ཁུག་མ་དཀར་པོ་ཆེ་འབྲིང་ཆུང་གསུམ་བཅས་ཡིན་པ་ལས། རས་ཁུག་ཆུང་འབྲིང་ནི་མར་ཕྱུར་དང་རྩམ་ཁུག་ཡིན་ལ། རས་ཁུག་ཆེ་བའི་མདོག་དཀར་ཞིང་རྒྱུ་མཐུག་ལ་བཀྲ་ཤིས་རི་མོ་དང་ལྡན་པ་བཅས་རྒྱུན་སྤྱོད་ལག་ཁུག་གི་གོ་ཆོད་པར་བྱས་ཡོད།

(མར་རྩམ་ཕྱུར་བ་སིལ་ཏོག་དང་། དཀར་ཡོལ། ལག་ཁུག་དཀར་པོ་སོགས་ཚེ་སྐལ་ལོ་གཡང་གི་དཔར།)

དང་པོ། མར་ཕྱུར་སིལ་ཏོག་དང་དཀར་ཡོལ་གྱི་བཤད་པ།

གྱ་སྟོན་གྱི་ཚེ་སྐལ་ལོ་གཡང་ལས། དྲིན་ཅན་ཕ་ལོའི་དོད་དུ་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་ཀྱི་ནང་དུ་སིལ་ཏོག་དམར་ཆེན་གང་རེ་དང་། དྲིན་ཅན་མ་ལོའི་དོད་དུ་དཀར་ཡོལ་པདྨ་འདབ་བརྒྱད་ཀྱི་ནང་དུ་ལག་ལས་མར་ཕྱུར་རས་ཁུག་དཀར་གཙང་ཆུང་བ་རེ་གནང་བ་ལ། རྭ་ཚང་གི་གྱ་བཤད་ལས། 

དྲིན་ཅན་ཕ་ལོར་དཔེ་བླངས་ནས། །ཕ་ཨ་ཁུའི་ལག་ལ་དཀར་ཡོལ་འཇོག །

དཀར་ཡོལ་གསེར་ཅན་དངུལ་ཅན་ཡིན། །བུ་ཚ་བོས་འཐུང་ན་ཁ་མགོ་བདེ། ། 

ཕྱི་རི་མོ་བཀྲ་ཤིས་རྟགས་བརྒྱད་ཡིན། །ནང་ཟས་མཆོག་སིལ་ཏོག་དམར་ཆེན་ཡིན། ། 

ཚེ་བསོད་དབང་ཐང་རྒྱས་པར་ཤོག། །ཚེ་རིང་ལོ་བརྒྱ་ཡོང་བར་ཤོག། །

དྲིན་ཅན་མ་ལོར་དཔེ་བླངས་ནས། ། མ་སྲུ་མོའི་ལག་ལ་དཀར་ཡོལ་འཇོག །

དཀར་ཡོལ་གཡུ་ཅན་དུང་ཅན་ཡིན། །སྨན་བུ་མོས་འཐུང་ན་ཁ་སེམས་སྐྱིད། ། 

ཕྱི་རི་མོ་པདྨ་འདབ་བརྒྱད་ཡིན། །ནང་ཟས་མཆོག་མར་དང་ཕྱུར་བ་ཡིན། ། 

སྲོག་ལུས་དབང་ཐང་དར་བར་ཤོག། །ཚེ་རིང་ལོ་བརྒྱ་ཡོང་བར་ཤོག། ། ཅེས་པ་ལྟ་བུ། 

གཉིས་པ། སྦྲང་དཀར་རྩམ་པ།

གྱ་སྟོན་གྱིཚེ་སྐལ་ལོ་གཡང་དུ། སྦྲང་དཀར་རྩམ་པ་རང་འཐག་མ་རྒྱ་མ་བཞི་ལྷག་ཙམ་རེ་རས་ཁུག་དཀར་གཙང་དུ་བླུགས་ནས་གནང་དོན་ནི།

ཟས་གཅིག་གིས་མགོ་ནག་སོས་པ་དེ། །བོད་ཀྱི་སྦྲང་དཀར་རྩམ་པ་ཡིན། །

གོས་གཅིག་གིས་འཛམ་གླིང་དྲོས་པ་དེ། །དགུང་གི་ཉི་མ་སེར་པོ་ཡིན། ། ཞེས་གྲགས་པ་ལྟར།སྦྲང་དཀར་རྩམ་པ་ནི་ཁ་དོག་དཀར་པོ་དང་བྲོ་བ་ཞིམ་པའི་བོད་ཟས་ཀྱི་རྒྱལ་པོ་སྟེ། སྲོག་ལུས་འཚོ་བྱེད་ཀྱི་བཅུད་དང་རྟགས་རྟེན་འབྲེལ་གྱི་བདག་པོ་ཡིན་པས་ན། ངེད་ཚང་གི་དྲིན་ཅན་ཕ་མ་གཉིས་ཀྱིས་མི་ཚེ་གང་པོར་ད་ལྟའི་བར་དུ་ཕལ་ཆེར་ཉི་མ་རེ་རེར་རྩམ་པ་ཟ་བ་ཆད་མ་མྱོང་བས་ན། འདིར་ཆེད་དུ་གྱ་སྟོན་གྱི་ཚེ་སྐལ་ལོ་གཡང་དུའང་སྦྲང་དཀར་རྩམ་པ་ཁུག་མ་གང་རེ་གནང་བ་ལགས་སོ། །

སྤྱིར་རང་ཡུལ་སོགས་ཡར་མར་མང་པོར་གྱ་སྟོན་གྱི་ལག་རྟགས་ཞེས་འགྱིག་ཁུག་ཏུ་སིལ་ཏོག་དམར་ཆུང་ངམ་ཡང་ན་བ་དམ་སྤར་མོ་གང་ཙམ་བཅུག་ནས་དཀར་ཡོལ་དང་བཅས་སྟེར་སྲོལ་ཙམ་ཆགས་པ་ལ། བདག་གཞན་ཀུན་གྱིས་དེ་ཉིད་ཚེ་སྐལ་ལོ་གཡང་དུ་བརྩིས་ནས་མཐོང་ཆེན་ཡེ་ནས་མི་བྱེད་པར། ཟ་རིན་མེད་པའམ་ཟ་མི་རུང་བའི་རྫས་སུ་རློམ་ནས་གང་སར་འདོར་བ་མིག་མཐོང་ལག་ཟིན་བྱུང་བར་བརྟེན། ད་ལོ་ངེད་རྭ་ཚང་གིས་བརྒྱད་ཅུའི་དྲིན་ཅན་ཕ་མའི་ཟས་སྐལ་བོད་ཀྱི་སྦྲང་དཀར་རྩམ་པ་འདི་ཉིད། མར་ཕྱུར་དང་ལྷན་དུ་སྐྱ་སེར་གཞི་མགྲོན་ཀུན་ལ་ཚེ་སྐལ་ལོ་གཡང་དུ་གནང་བ་ལགས་ན། ཁྱེད་གཉེན་ཉེ་སྐུ་མགྲོན་ཀུན་གྱིས་ཀྱང་། རབ་ཡིན་ན། འདི་ཉིད་སོ་སོའི་བཟའ་མིའི་ཁ་ཟས་སུ་འགྲོ་ཐབས་བྱ་བ་དང་། ཡང་ན་བསང་རྩམ་གསུར་རྩམ་དུ་འགྲོ་བ་དང་། ཡང་ན་ས་གནམ་ལ་གཏོར་ནས་འབའ་འབུ་དང་བྱ་བྱེའུ་ཡི་གཟན་དུ་འགྲོ་བའི་རེ་བ་ཆེ།གལ་སྲིད་དགོས་མེད་དུ་གང་སར་དོར་ན་ཡང་། མར་རྩམ་ཕྱུར་བ་སིལ་ཏོག་རས་ཁུག་དང་བཅས་པ་འབྱུང་བ་ས་ལ་འཐིམ་ནས་རང་བྱུང་ཁམས་ཀྱི་ལུད་རྫས་དག་མར་འགྱུར་བར་ཐེ་ཚོམ་མེད་པས། དེ་ཡང་སྔར་བཞིན། ངེད་རྭ་ཚང་གི་དྲིན་ཅན་ཕ་མའི་གྱ་སྟོན་ཕན་བདེ་གཡང་འཁྱིལ་ཞེས་བྱ་བའི་ཕན་བདེའི་དམིགས་གཞི་དང་འགལ་མེད་པའང་སྨོས་ཅི་དགོས།

གསུམ་པ། ལག་ཁུག་དཀར་པོའི་བཤད་པ། 

གྱ་སྟོན་གྱིཚེ་སྐལ་ལོ་གཡང་ལས། རས་ཀྱི་ལག་ཁུག་དཀར་པོའི་རི་མོ་ལ་མཚོན་ན། མདུན་སྟོད་ལ་ཤ་བ་ཚེ་རིང་ཁ་སྤྲོད་དང་། གྱ་སྟོན་གྱི་མགོ་རྒྱན། མདུན་སྨད་ལ་འབྲོག་སའི་ཡུལ་ལྗོངས་དང་། རྒྱབ་ཏུ་ཁ་དྲོ་བཀྲ་ཤིས་མཚོན་པའི་གྲོ་མའི་མེ་ཏོག་ཡོད་ལ།ཁུག་ལུང་གི་མདོག་ནི་སེར་ལྗང་གཉིས་སོ། ། 

གཅིག ཤ་བ་ཁ་སྤྲོད། 

ལག་ཁུག་གི་མདུན་སྟོད་ཀྱི་ཤ་བ་གཉིས་ཆའམ་ཤ་བ་ཁ་སྤྲོད་ཀྱི་རི་མོ་འདི་ནི་བོད་བཙན་པོའི་དུས་སུ་བྱུང་ཞིང་དར་གོས་ཀྱི་ཐོག་ཏུ་ཕབ་ཡོད་པར། རི་དྭགས་ཤ་བ་ནི་ཚེ་རིང་རྣམ་དྲུག་གི་གྲས་དང་། ཤ་འཆམ་དུ་རྗེ་བཙུན་མི་ལ་རས་པས་ཚེ་ཐར་དུ་བཏང་བའི་ཤ་བ་དང་། ཤ་བ་རུ་རྒྱས་དང་། བཅུ་བཅུ་ཤ་བོ་རྭ་བཅུ་སྟེ་རྩ་བ་དང་ཡན་ལག་ཆ་ཚང་དོན་འགྲིག་དང་ཚང་འཛོམས་ཀྱི་དོན་ཡིན་པ་བཅས། རྭ་ཚང་གི་དྲིན་ཅན་ཕ་མ་གཉིས་ཀྱི་གྱ་སྟོན་གྱི་མཚོན་རྟགས་ལ་ཆེད་དུ་ཤ་བ་ཁ་སྤྲོད་ཀྱི་རི་མོ་རྙིང་པ་འདི་ལ་བཟོ་སྒྲིག་ཅུང་ཙམ་བྱས་ནས་བཀོད་པ་ཡིན།(རི་མོ་འདིའི་མ་དཔེ་སྒོ་བུ་ཤ་བོ་ཚེ་རིང་གིས་གནང་བར་ཐུགས་རྗེ་ཆེ་ཞུ།)ཇི་སྐད་དུ། ཕ་ནི་གསེར་དང་མ་ནི་གཡུ་ཞེས་པ་བཞིན། ཤ་རྭ་གསེར་འོད་འཁྱུག་འཁྱུག་གིས་ཕ་མཚོན་པ་དང་། ཤ་རྭ་གཡུ་མདངས་ཤིག་ཤིག་གིས་མ་མཚོན་ཞིང་། ཤ་བ་ཁ་སྤྲོད་ཀྱི་མཐའ་འཁོར་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་བཅས་སུ་ཕྱོགས་བཅུའི་མུན་པ་སེལ་བའི་བཀྲ་ཤིས་མཚན་མ་ཤར་བའོ། ། གྱ་སྟོན་གྱི་ཚེ་སྐལ་གཡང་ཁུག་གི་བཤད་པ་ལ་དཔེར་ན།

ཚེ་སྐལ་གཡང་ཁུག་དཀར་པོ་ཡིན། །རྒྱུ་ནི་འགྱིག་མེད་རས་རྐྱང་ཡིན། །

མདུན་ན་ཤ་བ་ཁ་སྤྲོད་ཡོད། །ཚེ་རིང་རྣམ་དྲུག་མཚོན་རྟགས་ཡིན། །

རྒྱབ་ན་ཚེ་རིང་གྲོ་ལོ་ཡོད། །ཁ་དྲོ་བཀྲ་ཤིས་མཚོན་རྟགས་ཡིན། །

ཤ་བ་རྭ་བཅུ་རྒྱས་པ་དེ། །བཟའ་ཚང་མགོ་ལུས་འཛོམས་པའི་རྟགས། ། 

ཕ་རྭ་གསེར་དང་མ་རྭ་གཡུ། །གསེར་རྭ་གཡུ་རྭ་འཁྱུགས་སེ་འཁྱུགས། །

ཞི་རྒྱས་དབང་དྲག་འཛོམས་པ་ཡིན། །སྲོག་ལུས་དབང་ཐང་དར་བ་ཡིན། ། 

ཆོས་ནོར་ཐར་འདོད་རྙེད་པ་ཡིན། །ཚེ་ལོ་མཐར་ལ་ཕྱིན་པ་ཡིན། ། ལྟ་བུའོ། །

གཉིས།འབྲོག་སའི་ཡུལ་ལྗོངས།

ལག་ཁུག་གི་མདུན་སྨད་ཀྱི་རི་མོ་ནི། གངས་རི་དང་སྤང་རི། ཆུ་བོ། སྤང་ལྗོངས། སྦྲ་གུར། རྫི་བོ། བཞོན་མ། རྟ་ནོར་ལུག་གསུམ་སོགས་འབྲོག་སའི་ཡུལ་ལྗོངས་ཡིན་ཞིང་།(རི་མོ་འདི་བིས་མདོ་བསོད་ནམས་དོན་གྲུབ་ཀྱིས་བྲིས་པར་ཐུགས་རྗེ་ཆེ་ཞུ།)འདིས་དྲིན་ཅན་ཕ་མ་གཉིས་གཙོས་ངེད་ཚང་གིས། གཅིག་ནས། ཀུན་མཁྱེན་ཡབ་སྲས་རྣམས་ཀྱི་བཀའ་སློབ་ལྟར། རང་ས་རང་ཡུལ་དང་འབྲོག་ས་འབྲོག་ཡུལ་ནམ་ཡང་བསྐྱུར་མྱོང་མེད་པར་རང་ཡུལ་འདོད་པ་འཇོ་བའི་འབྲོག་སར་རང་དབང་གི་རྒྱལ་པོ་བཞིན་དུ་བཞུགས་རྟག་པ་དང་། གཉིས་ནས་གྲོང་གྲོང་བརྡལ་གྱི་ཨར་ལྕགས་ཀྱི་ཐོག་ཁང་གུ་དོག་དང་རྒྱ་སྒོ་སྲང་སྒོ་ནས་གཞན་གསོས་ཀྱི་གཡོག་པོ་བཞིན་སོས་མི་དལ་བ་ཡེ་ནས་བྱེད་འདོད་མེད་པ་དང་། གསུམ་ནས། དེང་སང་འབྲོག་པ་ཕལ་མོ་ཆེས་སྒོ་ཕྱུགས་ལ་ནོར་གཅིག་པུ་འཚོ་བའམ་གསོ་བ་དང་། ཉུང་ཤས་ཀྱིས་ནོར་ལུག་གཉིས་འཚོ་དང་། རྟ་ལ་ལོ་ཕལ་ཆེར་འཚོ་མཁན་མེད་དུས་འདིར། ངེད་ཚང་གིས་ད་ལྟའི་བར་དུ་གནའ་སྲོལ་བཞིན་དགུང་གི་ཉི་ཟླ་སྐར་གསུམ་ལྟ་བུའི་རྟ་ནོར་ལུག་གསུམ་བཅས་འབྲོག་པའི་གཡང་ར་སྒོ་བཞི་ཁ་མ་གཏོར་ཞིང་རྒྱུད་མ་བཅད་མ་བསླད་པར་མཉམ་འཚོ་མཉམ་སྐྱོང་བྱས་པའི་རྣམ་པ་དང་གཟི་བརྗིད་མཚོན།

གསུམ། གྲོ་མའི་མེ་ཏོག

མདོ་དབུས་མཐོ་སྒང་གི་ཟས་མཆོག་གྲོ་མ་དང་བཅས་གྲོ་མ་འབྲས་སིལ་ནི་བོད་དུ་སྐྱ་སེར་གཉིས་ཀྱི་གསོལ་སྟོན་མཛད་སྒོ་གང་དྲག་གི་བཀྲ་ཤིས་པའི་མཆོད་ཟས་ཐོག་མ་ཡིན་པ་དང་། གཉིས་སུ་གྲོ་ཞེས་པ་བག་གྲོ་དང་ཁ་དྲོ་བཀྲ་ཤིས་ཀྱི་སྒྲ་དོད་ཡིན་པ་དང་། གསུམ་དུ་གྲོ་མའི་མེ་ཏོག་ནི་བཀྲ་ཤིས་རྫས་བརྒྱད་གྲས་རྩྭ་དུརྦ་དང་རྒྱལ་བ་ཚེ་དཔག་མེད་སོགས་ལྷ་ཚོགས་ཀྱི་ཕྱག་མཚན་མེ་ཏོག་པདྨ་དང་ཨུཏྤལ་སོགས་དང་ཆ་འདྲ་བའི་བོད་རང་སའི་བཀྲ་ཤིས་སྐྱེ་དངོས་ཀྱི་མཚོན་བྱེད་དོ། ། 

བཞི། ཁུག་ལུང་སེར་ལྗང་།

ལག་ཁུག་དཀར་པོའི་ཁུག་ལུང་གི་ཁ་དོག་སེར་ལྗང་གཉིས་ཀྱིས། གཅིག་ཏུ་གསེར་དང་གཡུ་སྟེ། ཕ་དང་མ་མཚོན་པ་དང་། གཉིས་སུ། ཁ་དོག་ལྗང་གུས་དྲིན་ཅན་ཕ་ལོའི་འབྱུང་བ་ས་མཚོན་པ་དང་། ཁ་དོག་དམར་སེར་གྱིས་དྲིན་ཅན་མ་ལོའི་འབྱུང་བ་མེ་མཚོན་ནོ། །

དོན་ཚན་བཞི་པ། གྱ་སྟོན་གྱི་སྡེར་ཁའི་བཤད་པ།

སྡེ་ཚན་དང་པོ། ཇ་ཐུག་གི་སྐོར།

ཇ་ནི་འོ་ཇ་དག་མ་སྟེ་རང་གི་ལག་བཞོས་འབྲི་འོ་དག་མ་དང་ས་མཐོའི་སྟོད་ཇའམ་ཤར་ཇ་གཉིས་ཐབ་ཆེན་དང་ཟངས་ཆེན་དུ་བསྐོལ་བ།

ཐུག་པ་ལ། གྲོ་མ་འབྲས་སིལ་དང་། གྱ་ཐུག་སྟེ་ཤ་འབྲས་ཐུག་པ་ཐབ་ཆེན་དང་ཟངས་ཆེན་དུ་བསྐོལ་བ།

སྡེ་ཚན་གཉིས་པ། ཤ་ཐུད་ཀྱི་སྐོར།

ཤ་ནི་རང་གིས་འཚོས་པའི་སྒོ་ཕྱུགས་སྐམ་ལུག་གི་ཤ་དག་མ་ཚོན་པོ་བྲང་དང་། ཚང་ར། རྩིབས་གུ། ལུག་གི་ནང་ཁྲོལ་རྩེ་གྲས་རྒྱུ་དཀར་རམ་ཁྲ་ལོ་བཅས། 

ཐུད་ནི་མར་ཕྱུར་རྩམ་པ་ཀ་རས་གྲུབ་པའི་ཐུད་དབྱིབས་གྲུ་བཞི་ནར་མོ་དང་ཟླུམ་གོར་གཉིས།

སྡེ་ཚན་གསུམ་པ། གོ་རེ་བག་ལེབ་ཀྱི་སྐོར།

གོ་རེ་བག་ལེབ་ལ་ཤ་ཅན་གཉིས་དང་ཤ་མེད་གཉིས་ཏེ། རང་གི་ལག་ལས་སྣུམ་བཙོས་དཀྲིས་རིང་དང་འོ་དཀྲུགས། ཤ་པ་ལི། ཤ་ཚོད་དམ་ཤ་མོག་མོག་བཅས་རིགས་བཞིའོ། ། 

(མགྲོན་པོ་ཕེབས་བསུ་དང་སྡེར་ཁའི་རྣམ་པའི་དཔར།2025.2.2)

སྡེ་ཚན་བཞི་པ། སིལ་ཏོག་རིགས་གསུམ།

སིལ་ཏོག་ལ་ཡུལ་དུས་ཀྱི་དབྱེ་མཚམས་མི་གསལ་བའི་རྒྱུན་སྤྱོད་ཀུ་ཤུ་དང་ཚ་ལུ་མ། ཆང་བ་ལི་བཅས་རིགས་གསུམ། 

སྡེ་ཚན་ལྔ་པ། སྐོམ་ཆུ་རིགས་གསུམ།

མདོ་དབུས་མཐོ་སྒང་གི་སྟར་ཁུ་དང་། སིལ་ཁུ། རྒྱལ་སྤྱི་ཅན་གྱི་ཁོ་ལ་བཅས་རིགས་གསུམ། 

སྡེ་ཚན་དྲུག་པ། སྡེར་ཁའི་སྣོད་ཀྱི་སྐོར།

ཤིང་གཞོང་དང་ཟངས་སྡེར། རྣོ་ལྕགས་ཀྱི་སྡེར་མ་དབྱིབས་བཀོད་ཆེ་ཆུང་ཅི་རིགས་ལས། ཤ་དང་གོ་རེ་སྣུམ་བཙོས་དཀྲིས་རིང་གཉིས་ཤིང་གཞོང་དུ་དྲངས་པ་དང་། ཟས་རིགས་གཞན་རྣམས་ཟངས་དང་རྣོ་ལྕགས་ཀྱི་སྡེར་མར་དྲངས་པ་ལས། འགྱིག་སྡེར་དང་འགྱིག་སྣོད་སྤངས་བཀག་བྱས་པ། 

སྡེ་ཚན་བདུན་པ། འཐུང་ཆས་ཡོ་བྱད་ཀྱི་སྐོར།

བཟའ་ས་འཐུང་སྤྱད་ནི་རྫ་ཆས་དཀར་ཡོལ་དཀར་གཙང་ཡིན་པ་ལ། འོ་ཇ་དང་འབྲས་ཐུག་གཉིས་དཀར་ཡོལ་ཆེ་བ་དང་། འབྲས་སིལ་དང་འབྲི་ཞོ་གཉིས་དཀར་ཡོལ་ཆུང་ངུ་ལའོ། ། ཟ་བྱེད་འཐུང་བྱེད་ནི་ཤིང་ཐུར་དག་མ་དང་རྣོ་ལྕགས་ཀྱི་ཁེམ་བུ་ཤ་སྟག་ལས། འགྱིག་ཕོར་དང་ཤོག་ཕོར།གཅིག་སྤྱོད་ཐུར་མ་བཅས་སྤངས་བཀག་བྱས་པ།

(འབྲི་འོ་དག་མའི་འོ་ཇ་དང་ཤ་འབྲས་གྱ་ཐུག་གི་དཔར། 2025.2.2)

སྡེ་ཚན་བརྒྱད་པ། སྡེར་ཁའི་འདྲེན་རིམ།

ཤ་ཐུད་དང་། གོ་རེ་བག་ལེབ་རིགས་གསུམ། སིལ་ཏོག་དང་སྐོམ་ཆུ་བཅས་སྔོན་བཤམ་གཞིར་བཞག་ལ།ཟས་རིགས་ཚ་གྲང་གཉིས་ལས། ཐོག་མར་འོ་ཇ་དང་གྲོ་མ་འབྲས་སིལ། དེ་ནས་རིམ་པར་གྱ་ཐུག་ཤ་འབྲས་ཐུག་རྡོར་དང་ཤ་ཚོད། མཇུག་ཏུ་བཀྲ་ཤིས་འབྲི་ཞོ་གཙང་དག་དྲངས་པ་བཅས་སོ། །

དོན་ཚན་ལྔ་པ། སྡེར་ཁའི་བཀག་བྱ།

བཀག་བྱ་དང་པོ། དུ་ཆང་བཀག་པ། 

གྱ་སྟོན་ནི་ཆོས་སྟོན་ཡིན་པ་གཞིར་བཅས་ལུས་སེམས་ལ་ཕན་བདེ་མ་ཡིན་པའི་དུ་བ་དང་ཆང་རག་གཉིས་དོར་ཞིང་བཀག་ཡོད།

བཀག་བྱ་གཉིས་པ། འགྱིག་རྫས་བཀག་པ། 

གྱ་སྟོན་གྱི་མགོ་རྒྱན་ལ་།རྭ་ཚང་གི་ཕ་མའི་གྱ་སྟོན་ཕན་བདེ་གཡང་འཁྱིལ་དགེ་ཞེས་པ་བཞིན། ཕན་བདེ་གཞི་རྩ་ཡིན་པས། གྱ་སྟོན་དུ་སྣོད་བཅུད་ལ་གནོད་པའི་འགྱིག་སྡེར་དང་། འགྱིག་ཕོར། ཤོག་ཕོར། གཅིག་སྤྱོད་ཐུར་མ། འགྱིག་ཁུག་སོགས་རྩ་བ་ནས་དོར་ཞིང་བཀག་ཡོད།

༄༅། །གནམ་ཚིགས་མི་འགྱུར་སྐར་མ་ཨ་བརྟན། །

        ས་ཚིགས་མི་འགྱུར་གངས་དཀར་ཏི་སེ། །

        མི་ཚིགས་མི་འགྱུར་དྲིན་ཅན་ཕ་མ། །

ཞེས་ནུབ་བྱང་ཚང་གི་དགེ་མིང་པ་རྭ་ཡུམ་སྐྱབས་ཀྱིས་2025ལོའི་ཟླ་2ཚེས་10ལ་རྫོགས་པར་སྦྱར་བ་དགེ།།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།